• 1
  • 2
  • 3
  • 4
  • 5
དགའ་ལྡན་ཁྲི་ཐོག་བརྒྱ་དང་བཞི་པའི་བཀའ་ཡིག་སྩལ།

༧སྐྱབས་རྗེ་བྱང་རྩེ་ཆོས་རྗེ་རིན་པོ་ཆེ་༧རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་དགའ་ལྡན་ཁྲི་ཐོག་བརྒྱ་དང་བཞི་པར་བསྐོ་བཞག་གནང་།     ཁ་སང་སྟེ་ཕྱི་ལོ་༢༠༡༧ལོའི་ཟླ་༦ཚེས་༢༤ཉིན་༧སྐྱབས་རྗེ་བྱང་ར... རྒྱས་པར་གཟིགས་་་

༧ གོང་མ་རིན་པོ་ཆེ་ཆིབས་བསྒྱུར་བསྐྱངས།

བརྩེ་ཆེན་བསྟན་པའི་མངའ་བདག་༧སྐྱབས་མགོན་ས་སྐྱ་༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་འདི་ག་སེར་བྱེས་མཁས་སྙན་གྲྭ་ཚང་དུ་ཆིབས་བསྒྱུར་བསྐྱངས་སོང་།     འཁོན་རིགས་བསྟན་པའི་གསལ་བྱེད་༧དཔལ་ས་སྐ... རྒྱས་པར་གཟིགས་་་

༧ དགའ་ལྡན་ཁྲི་རིན་པོ་ཆེ་དགོངས་པ་གཞན་དུ་གཤེགས།

༧ འཇམ་མགོན་རྒྱལ་བའི་གདུང་འཚོབ་༧དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དགོངས་པ་གཞན་དུ་གཤེགས་པར་རིས་མེད་གདན་ས་ཁག་གཙོ་བྱས་པའི་ཆོས་སྡེ་སོགས་སུ་མཆོད་འབུལ་དང་ཐུགས་སྨོན་རྒྱ་ཆེར་གནང་སོང་།     ༧ འ... རྒྱས་པར་གཟིགས་་་

རྟ་མགྲིན་ཡང་གསང་གི་བསྙེན་པ་ལ་བཞུགས།

བོད་བསྟན་སྲིད་སོགས་ཀྱི་ཆེད་དུ་སེར་བྱེས་མཁས་སྙན་གྲྭ་ཚང་གི་འདུས་མང་ཡོངས་དཔལ་རྟ་མགྲིན་ཡང་གསང་གི་བསྙེན་པ་ལ་བཞུགས་སོང་།       སེར་བྱེས་མཁས་སྙན་གྲྭ་ཚང་གི་མཁན་བླ་དགེ་འདུན་འདུས་མང་ཡོ... རྒྱས་པར་གཟིགས་་་

སེར་བྱེས་གྲྭ་ཚང་གི་མཁན་པོ་གསར་པ་ཁྲི་འདོན་བྱས།

དེ་རིང་སེར་བྱེས་གྲྭ་ཚང་གི་མཁན་རབས་དོན་དྲུག་པ་ཁྲི་འདོན་མཛད་སྒོ་འཚོགས་ཏེ་མཁན་པོའི་མཛད་ཁུར་དངོས་སུ་བཞེས།              དེ་ཡང་གྲྭ་ཚང་གི་མཁན་རབས་དོན་ལྔ་པ་སྐྱབས་རྗེ་དགེ་འདུན་ཆོས་འཕེ... རྒྱས་པར་གཟིགས་་་

ཐོག་མའི་བཟོ་དུས།
Thu, 27/04/2017, 07:57

༧ གོང་མ་རིན་པོ་ཆེ་ཆིབས་བསྒྱུར་བསྐྱངས།

དྲ་འཇུག་པ།: 


བརྩེ་ཆེན་བསྟན་པའི་མངའ་བདག་༧སྐྱབས་མགོན་ས་སྐྱ་༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་འདི་ག་སེར་བྱེས་མཁས་སྙན་གྲྭ་ཚང་དུ་ཆིབས་བསྒྱུར་བསྐྱངས་སོང་།
sakya trichend dorjee chang 00     འཁོན་རིགས་བསྟན་པའི་གསལ་བྱེད་༧དཔལ་ས་སྐྱ་གོང་མ་༧སྐྱབས་མགོན་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གིས་དེང་སྐབས་འཕགས་ཡུལ་ལྷོ་ཕྱོགས་སུ་མཛད་འཕྲིན་སྐྱོང་མུས་ལྟར། ཕྱི་ལོ་༢༠༡༧ ཟླ་བ་༤ ཚེས་༢༦ཉིན་སེར་བྱེས་མཁས་སྙན་གྲྭ་ཚང་དུ་གནས་གཟིགས་དང་སྦྲགས་ཆིབས་བསྒྱུར་བཀའ་དྲིན་བསྐྱངས། དེ་ཡང་ཉིན་དེའི་ཕྱི་དྲོའི་ཆུ་ཚོད་དང་པོ་ཡས་མས་སུ་༧གོང་མ་རིན་པོ་ཆེ་ཐོག་མར་སེ་ར་ཐེག་ཆེན་གླིང་བླ་སྤྱིར་ཞབས་སོར་འཁོད་ཡོད་པ་དང་། དེ་ནས་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་དུ་ཆིབས་བསྒྱུར་བསྐྱངས། དེ་རྗེས་༧བྱང་རྩེ་ཆོས་རྗེ་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་གི་དབུས་འདི་ག་སེར་བྱེས་མཁས་སྙན་གྲྭ་ཚང་གི་བླ་སྤྲུལ་དགེ་འདུན་འདུས་མང་ཡོངས་ཀྱིས་ཕེབས་བསུའི་ཁྲོད་གྲྭ་ཚང་གི་འདུ་ཁང་དུ་ཕེབས་ཏེ་རྟེན་གཙོ་ཁག་ལ་རབ་གནས་དང་། གྲྭ་ཚང་གི་ཐུན་མོང་མ་ཡིན་པའི་ཡི་དམ་དཔལ་རྟ་མགྲིན་ཡང་གསང་གི་སྐུ་བརྙན་མདུན་དུ་གསེར་སྐྱེམས་འབུལ་གནང་མཛད། དེ་ནས་ཚོགས་དབུས་སུ་བཞུགས་ཁྲིར་ཞབས་སོར་འཁོད་པ་དང་གྲྭ་ཚང་གི་བླ་སྤྲུལ་དགེ་འདུན་འདུས་མང་ཡོངས་ཀྱིས་༧གོང་མ་རིན་པོ་ཆེ་༧སྐུ་ཚེ་བསྐལ་བརྒྱར་བརྟན་པའི་ཆེད་དུ་ཞབས་བརྟན་གསོལ་འདེབས་གསུངས། དགོང་མོའི་ཆུ་ཚོད་དྲུག་པར་སེ་ར་བླ་སྤྱིར་གྲྭ་ཚང་གཉིས་ཀྱི་དགེ་འདུན་འདུས་མང་ཡོངས་ནས་༧དཔལ་ས་སྐྱ་༧གོང་མ་རིན་པོ་ཆེ་སྐུ་ཚེ་༧ཞབས་པད་བསྐལ་བརྒྱར་བརྟན་པའི་ཆེད་ཞལ་འདོན་གནས་བཅུ་དང་ཞབས་བརྟན་གསོལ་འདེབས་གསུངས་པ་དང་། སློབ་གཉེར་བ་རྣམས་ཀྱིས་གཞུང་ཆེན་བཀའ་པོད་ལྔའི་བགྲོ་གླེང་སྤྱན་འབུལ་དང་༧རིན་པོ་ཆེ་མཆོག་གིས་འདུས་མང་ཡོངས་ལ་བཀའ་སློབ་ལམ་སྟོན་གནང་སོང་། གཞན་༧གོང་མ་རིན་པོ་ཆེ་ཉིན་ཤས་གོང་ནས་སྦེལ་ཀོབ་གཞིས་ཆགས་སུ་ཕེབས་ཡོད་པ་དང་། འདི་གའི་སྔ་འགྱུར་རྙིང་མའི་གདན་ས་ཆེན་པོ་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་དུ་ཡི་དམ་དཔལ་ཆེན་རྡོ་རྗེ་གཞོན་ནུའི་གཏོར་དབང་དང་། ས་སྐྱ་དགོན་པར་ཡང་བཀའ་དབང་སོགས་གནང་འདུག་ལ། ༧སྐྱབས་མགོན་༧གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་བྱེས་ཀྱི་གདན་ས་བཀྲ་ཤིས་ལྷུན་པོ་རུ་༧ཀུན་གཟིགས་པཎ་ཆེན་༧སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་རིན་པོ་ཆེ་མཆོག་དགུང་གྲངས་ ༢༨ ལ་ཕེབས་པའི་༧སྐུའི་འཁྲུངས་སྐར་ཡང་སྲུང་བརྩི་ཞུས་ཡོད་འདུག །བཀའ་བློན་ཁྲི་ཟུར་༧སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་དེང་སྐབས་འདི་ག་སེ་ར་ཆོས་སྒར་དུ་གསུང་ཆོས་སོགས་ཀྱི་མཛད་འཕྲིན་སྐྱོང་བཞིན་ཡོད་པ་ལྟར་སེ་ར་ཐེག་ཆེན་གླིང་དུ་༧གོང་མ་རིན་པོ་ཆེ་དང་མཇལ་ཕྲད་ཀྱང་གནང་ཡོད་འདུགsakya trichend dorjee chang 02

     ༧སྐྱབས་མགོན་ས་སྐྱ་༧གོང་མ་ཁྲི་ཆེན་ཞེ་གཅིག་པ་རྡོ་རྗེ་འཆང་མཆོག་ནི། ཕྱི་ལོ་ ༡༩༤༥ ལོའི་ཕྱི་ཟླ་ ༩ ཚེས་ ༧ བོད་ཤིང་བྱ་ཟླ་བ་བརྒྱད་པའི་ཚེས་ ༡ ཉིན་རྩེ་གྲོང་ཡུལ་དུ་ཡབ་བདག་ཆེན་ཀུན་དགའ་རིན་ཆེན་དང༌། བསོད་ནམས་སྒྲོལ་དཀར་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང་། ཐོག་མར་ལེགས་སྦྱར་སྐད་ཀྱི་ཨ་ཡུ་བཛྲ་ཞེས་མཚན་གསོལ་ཡོད་པ་དང་། དེ་རྗེས་ཡབ་རྡོ་རྗེ་འཆང་ངག་དབང་ཀུན་དགའ་རིན་ཆེན་མཆོག་གིས་ཚེ་དཔག་མེད་ལྷ་དགུའི་བཀའ་དབང་སྩོལ་སྐབས་མཚན་རྒྱས་པ་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོ་ཅེས་གསོལ་ཡོད་འདུག །སྐུ་ན་ཆུང་ངུའི་དུས་སུ་བླ་མ་ངག་བློས་རྟེན་མཆོག་འཇམ་པའི་དབྱངས་ཀྱི་དྲུང་དུ་རྗེས་གནང་ཟབ་མོ་གནང་འདུག་ལ། དམ་པ་དེའི་མདུན་ནས་ཀ་ཁའི་འབྲི་ཀློག་སྦྱངས་པར་མཛད། མཁན་རིན་པོ་ཆེ་ཨ་པད་དང༌། ཁྲི་ཚོ་མཁན་པོ་རིན་ཆེན་སོགས་བསྟེན་ཏེ་དབུ་ཚད་འདུལ་མངོན་གྱིས་མཚོན་པའི་གཞུང་ཆེན་ཁག་ལ་གསན་བསམ་མཛད། ཁྱད་པར་དུ་ཡབ་དམ་པ་རྡོ་རྗེ་འཆང་ཀུན་དགའ་རིན་ཆེན་དང༌། འཇམ་པའི་དབྱངས་དངོས་ཆོས་ཀྱི་བློ་གྲོས། ངོར་ཁང་སར་མཁན་ཆེན་ངག་དབང་བློ་གྲོས་གཞན་ཕན་སྙིང་པོ། དེ་བཞིན་དུ་བཅོ་བརྒྱད་ཁྲི་ཆེན་ངག་དབང་མཁྱེན་རབ་ལེགས་བཤད་རྒྱ་མཚོ་སོགས་བསྟེན་ཏེ། ཟབ་གསང་རྡོ་རྗེ་ཐེག་པའི་ཆོས་ཚུལ་སྒྲུབ་བརྒྱུད་ཤིང་རྟ་ཆེ་བརྒྱད་དུ་གྲགས་པའི་གདམས་ཟབ་མན་ངག་ཡང་སྙིང་དང་བཅས་པ་གསན་བསམ་མཐིལ་ཕྱིན་པར་མཛད། ༡༩༥༢ ལོར་ཆོས་སྡེ་ཆེན་པོ་དཔལ་ས་སྐྱའི་གཙུག་ལག་ཁང་དུ། དཔལ་ས་སྐྱ་པའི་བསྟན་བདག་ཁྲི་ཆེན་དུ་ཁྲི་གསོལ་ཞུས་ཡོད་པ་དང་། ༡༩༥༩ ལོར་རྒྱ་གར་དུ་སྐྱབས་བཅོལ་དུ་ཕེབས་ཤིང་། ཐོག་མར་རྡོ་རྗེ་གླིང་དུ་སྐུ་བཞུགས་མཛད་པ་དང་། དེ་ནས་རིམ་པས་ར་ཇ་པུར་དུ་ས་སྐྱ་མ་དགོན་བཤད་སྒྲ་དང་། ས་སྐྱ་མཐོ་སློབ་སོགས་བཤད་སྒྲུབ་ཀྱི་ལྟེ་གནས་དང་། འཛམ་གླིང་ཤར་ནུབ་ཡུལ་གྲུ་མང་པོར་དཔལ་ས་སྐྱ་པའི་ཆོས་ཚོགས་མང་དག་ཅིག་ཉམས་གསོ་དང་གསར་འཛུགས་མཛད་ཡོད་འདུག །རྒྱ་གར་གྱི་སྲིད་བློན་ནེ་རུ་དང༌། ཨེན་དཱར་གནྡི་སོགས་རྒྱལ་ཁབ་དུ་མའི་དབུ་ཁྲིད་དང་མཇལ་འཕྲད་ཡང་ཡང་གནང་ཏེ། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ཐུགས་ཁུར་མཉམ་བཞེས་ཀྱིས་བོད་ཀྱི་ཆོས་དང་རིག་གཞུང་མཐའ་དག་མི་ཉམས་རྒྱུན་འཛིན་དང༌། དུས་རྒྱུན་དུ་བོད་མི་རིགས་ཡོངས་རྫོགས་མཐུན་འབྲེལ་དམ་ཟབ་དང་བློ་རྩེ་གཅིག་གྱུར་ཐོག་༧གོང་ས་ཐམས་ཅད་མཁྱེན་པའི་བཀའ་དགོངས་ཇི་བཞིན་བསྒྲུབས་པའི་སྒོ་ནས་བོད་མི་རིགས་ཀྱི་ཆོས་དང་། རིག་གཞུང་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་དགོས་པའི་བཀའ་སློབ་ལམ་སྟོན་སྩལ་གནང་བ་སོགས་ཀྱིས་ཆོས་བརྒྱུད་རིས་སུ་མ་འཆིས་པའི་བོད་མི་ཡོངས་ནས་དད་གུས་ཆེན་པོ་ཞུ་བཞིན་པ་འདི་ག་ལགས་ཤིང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་གངས་ཅན་ལྗོངས་ཀྱི་སྔགས་ཆེན་གྱི་རྒྱལ་པོ་ཞེས་མཚན་བསྟོད་ཀྱང་གནང་ཡོད་འདུག

སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས། ༢༠༡༧།༠༤།༢༧ ལ།

དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་བྱ་དགོས་ཚེ་རྩོམ་ཁུངས་ཁ་གསལ་འགོད་དགོས།

 

ཤོག་ངོས་འདི་ཐེངས་ 326 བཀླགས་འདུག མཐའ་མའི་བསྐྱར་བཅོས། Wed, 14/06/2017, 04:48
ཚད་གཞི།:
(1 འོས་བླུགས། )
སྤྱི་ཚོགས་འབྲེལ་མཐུད་དྲྭ་གནས་ཁག :