ང་དགུའི་སྔོན་གྱི་སེར་བྱེས།

སེར་བྱེས་མཁས་སྙན་གྲྭ་ཚང་གི་ངོ་སྤྲོད་མདོར་བསྡུས།
སེར་བྱེས་མཁས་སྙན་གྲྭ་ཚང་ནི། དུས་རབས་བཅོ་ལྔ་པའི་དུས་དཀྱིལ་དུ་རྗེ་རིན་པོ་ཆེ་དང་། རྒྱལ་བ་དགེ་འདུན་གྲུབ་པའི་དངོས་སློབ་རྣམ་དཔྱོད་ཕུལ་དུ་བྱུང་བ་ཀུན་མཁྱེན་མུས་སྲད་པ་བློ་གྲོས་རིན་ཆེན་སེང་གེ་དེ་ཉིད་འབྲས་སྤུངས་ཟུར་ཁང་དཔོན་སློབ་ཀྱི་ཁུར་བཞེས་ནས་བཞུགས་སྐབས། རྐྱེན་འགའ་ཞིག་གི་དབང་གིས་འབྲས་སྤུངས་ནས་ཞལ་སློབ་མཁས་པ་བརྒྱ་ཕྲག་ལྷག་ཙམ་དང་ལྷན་ཅིག་ཏུ་ཕེབས་པར་སེ་རའི་མཁན་སློབ་ཀུན་གྱིས་གུས་བཏུད་མཛད་ཅིང་། ཚོགས་སུ་གདན་དྲངས་པའི་ཚེ། གནས་བཅུའི་ལྷ་ཁང་གི་གནས་བརྟན་ཡན་ལག་འབྱུང་བཞུགས་ཁང་བྲག་རི་ནས་མདུན་དུ་སྐུ་སྟོད་བཏུད་ཅིང་ཕྱག་གཉིས་ཐལ་མོ་སྦྱར་ནས། བྱེས་པ་བྱེས་ནས་བྱོན་པ་ལེགས། །ཀུན་མཁྱེན་ཆེན་པོ་བྱོན་པ་ལེགས། །བསྟན་པའི་རྒྱལ་མཚན་འཛུགས་པ་ལེགས། །གྲལ་གཡས་གྲལ་གྱི་གྲལ་མགོར་བཞུགས། །ཞེས་གསུངས་པས་ཐམས་ཅད་ངོ་མཚར་སྐྱེས་ཏེ་གནས་བརྟན་གྱི་གསུང་བྱོན་པ་ལྟར་ཁོང་རྣམས་གཡས་གྲལ་དུ་བཞུགས་སུ་བཅུག །

དེ་ཡང་འབྲས་སྤུངས་ནས་བྱེས་སུ་གྱེས་ཏེ་གྲྭ་ཚང་ཆགས་པས་བྱེས་པ་གྲྭ་ཚང་དང་། ཐོག་མར་བཞུགས་ཡུལ་གཏན་འཇགས་མེད་པར་ཚལ་གུང་ཐང་དང་དབུས་སྟོད་སོགས་སུ་ཆོས་ཐོག་ལ་ཕེབས་པས་བྱེས་པ་གྲྭ་ཚང་ཡང་ཟེར། རྗེ་ཉིད་དང་ལྷན་དུ་ཕེབས་པའི་སློབ་མ་རྣམས་དང་། སེ་ར་ནས་རྒྱ་དང་། སྟོད་གྲྭ་ཚང་ནས་སྤོ་བོ་ཁང་ཚན་དང་གུང་རུ་ཁང་ཚན་གཉིས་མ་གཏོགས་ཡོངས་རྫོགས་དང་། འབྲོམ་སྟེང་གྲྭ་ཚང་གི་ཁག་གཅིག་བཅས་ཚང་མ་གྲྭ་ཚང་འདིར་འགྲིལ་ཞིང་། ཕྱོགས་སོ་སོ་ནས་ཀྱང་སློབ་གཉེར་པ་མང་དུ་འདུས་པ་བཅས་ཀྱིས་བྱེས་མཁས་མང་གྲྭ་ཚང་དུའང་གྲགས་སོ། །
གྲྭ་ཚང་འདི་རེ་ཞིག་བར་དར་རྒྱས་ཆེ་ཙམ་བྱུང་ཡང་། ལྡན་མ་ངག་དབང་པ་ཆབ་མདོར་ཕེབས་པ་དང་། ཛྙ་ན་ཤྲཱི་སྐུ་གཤེགས་པ་བཅས་ཀྱི་རྐྱེན་ལས་འཆད་ཉན་བར་སྟོང་བྱུང་ཞིང་། དེའི་རྗེས་ཕྱི་ལོ ༡༤༦༦ ལོར་ཀུན་མཁྱེན་པའི་སློབ་མ་གཉལ་སྟོན་དཔལ་འབྱོར་ལྷུན་གྲུབ་སེ་རའི་ཁྲིར་ཕེབས་རྗེས་སྣེའུ་རྫོང་དཔོན་དཔལ་འབྱོར་རྒྱལ་པོ་དང་། དཔོན་མོ་བུ་ཁྲིད་དཔལ་འབྱོར་གཉིས་ཀྱིས་རེ་འདུན་ཞུས་ཤིང་སྦྱིན་བདག་བྱས་ཏེ་འདུ་ཁང་དང་མཆོད་ཁང་གསར་བཞེངས་ཀྱིས་གྲྭ་ཚང་འདི་བསྐྱར་དུ་བཙུགས་ཤིང་། དེ་ནས་མཁན་ཐོག་ཁ་ཤས་སོང་རྗེས་མཁན་རབས་བཅོ་ལྔ་པ་འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ་ཕྱི་ལོ་༡༦༠༥ ལོར་མཁན་ཁྲིར་ཕེབས་པ་ནས་བཟུང་སེ་རར་གཏན་ཆགས་སུ་བཞུགས་ཤིང་། གྲྭ་ཚང་འདི་སེ་རར་བཞུགས་སྐབས་ཀྱི་ཐོག་མའི་བཞུགས་ཡུལ་ནི་འདུ་ཁང་སྦུག་གི་དུས་གསུམ་སངས་རྒྱས་ལྷ་ཁང་དེ་ཡིན། རྗེས་སུ་ཕོ་ལྷ་བ་བསོད་ནམས་སྟོབས་རྒྱལ་གྱིས་བོད་ཀྱི་སྲིད་དབང་བཟུང་སྐབས་ཕྱི་ལོ་༡༧༤༣ ལོར་ཕུར་ལྕོག་ངག་དབང་བྱམས་པ་དང་སྲིད་སྐྱོང་ཕོ་ལྷ་བ་བསོད་ནམས་སྟོབས་རྒྱལ་གཉིས་མཆོད་ཡོན་ཟུང་འབྲེལ་གྱིས་ད་ལྟའི་འདུ་ཁང་འདི་གསར་བཞེངས་བྱས་པ་ཡིན་ནོ། །
ཕྱོགས་སོ་སོ་ནས་ཕེབས་པའི་སློབ་གཉེར་པ་རྣམས་ལ་ལྟ་སྐྱོང་སོགས་ཀྱི་ཆེད་དུ་གྲྭ་ཚང་འདི་ལ་ཁམས་ཚན་ཉེར་གཅིག་བྱུང་སྟེ། ༡ བསམ་བློ་ཁམས་ཚན་དང་། ༢ ཧར་གདོང་། ༣ བྱ་བྲལ། ༤ ཏྲེ་ཧོར། ༥ པྲ་སྟི། ༦ ཚྭ་བ། ༧ ལྷོ་པ། ༨ སྒོམ་སྡེ། ༩ ལྭ་བ། ༡༠ ལྡན་མ། ༡༡ མངའ་རིས། ༡༢ སྟག་མོ། ༡༣ གཙང་པ། ༡༤ རྒྱལ་བྱེད། ༡༥ ཨེ་པ། ༡༦ གཉལ་པ། ༡༧ དྭགས་པོ། ༡༨ རྩེད་ཐང་། ༡༩ གུ་གེ ། ༢༠ དཔེ་ཐུབ། ༢༡ ཟངས་དཀར། ཁམས་ཚན་འདི་དག་ཏུ་ཕྱི་ལོ་༡༩༥༩ ལོའི་བར་དུ་བོད་རྒྱ་ཧོར་སོགས་ནས་མི་རིགས་དང་ལུང་ཚན་དབྱེར་མེད་ཀྱི་སློབ་གཉེར་པ་གང་མང་ཞིག་རྒྱུན་མ་ཆད་པར་ཕེབས་མྱོང་ཡོད་ཅིང་། བོད་དུ་དུས་འགྱུར་མ་བྱུང་གོང་གྲྭ་ཚང་འདིར་གྲྭ་གྲངས་ལྔ་སྟོང་དྲུག་བརྒྱ་ལྷག་ཡོད་པར་བཤད།
སློབ་གཉེར་པ་འདི་དག་གིས་རྒྱལ་བའི་བཀའི་དགོངས་པ་འཚོལ་བ་ལ། དཔལ་ནཱ་ལེནྡྲའི་པཎ་གྲུབ་དག་གི་དགོངས་འགྲེལ་གྱི་བསྟན་བཅོས་སྤྱི་དང་བཀའ་པོད་ལྔའི་རྩ་འགྲེལ། འགྲེལ་བཤད་རྣམས་གཞི་ལ་བཞག་སྟེ། རྗེ་ཡབ་སྲས་ཀྱི་ལེགས་བཤད་རྣམས་དང་། ཁྱད་པར་དུ་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱི་བརྩམས་ཆོས་རྣམས་ཡིག་ཆར་བཟུང་ཞིང་། ཡིག་ཆ་གཞན་དང་མཁས་པ་གཞན་གྱི་གསུང་ལ་ལྟ་ཀློག་དང་དཔེ་ཁྲིད་སོགས་ཞུས་ཏེ། འཛིན་གྲྭ་རིམ་བགྲོད་ཀྱིས་འཛིན་གྲྭ་སོ་སོའི་ལོ་རེའི་རྩོད་གཞུང་སོ་སོར་བགྲོ་གླེང་དང་། བརྒལ་བརྟག་ཀྱི་ལམ་ནས་དཔྱད་ཞིབ་བགྱིས་ཏེ་གཏན་འབེབས་དང་སློབ་གཉེར་བྱེད་དགོས་ལ། འཛིན་གྲྭའི་དབང་དུ་བྱས་ན། བསྡུས་སྦྱོར་འཛིན་གྲྭ། གཞུང་གསར་འཛིན་གྲྭ ། གཞུང་རྙིང་། ཟུར་བཀོལ་གསར་བ། ཟུར་བཀོལ་རྙིང་པ། འཛིན་གྲྭ་བུ་ཚང་། ཕར་ཕྱིན་འཛིན་གྲྭ ། དབུ་མ་གསར་བ། དབུ་མ་རྙིང་པ། འདུལ་གསར། འདུལ་རྙིང་། མཛོད་འཛིན་གྲྭ ། བཀའ་རམས། ལྷ་རམས་འཛིན་གྲྭ་བཅས་ཡོད། ལོ་རྒྱུས་ཐོག་ཡོངས་གྲགས་ལྟར་ན་གྲྭ་ཚང་འདི་ནས་རྗེ་རིན་པོ་ཆེའི་རྒྱལ་ཚབ་བམ་དགའ་ལྡན་ཁྲི་ལ་ཕེབས་པ་བཅུ་བཞི་དང་། བོད་དུ་གྲྭ་ཚང་རང་གི་མཁན་རབས་རེ་དྲུག་གི་བར་དུ་ཕེབས་ཤིང་། རྒྱུད་སྟོད་སྨད་དང་ཤར་བྱང་གི་ཆོས་རྗེར་ཕེབས་མཁན་མང་དུ་བྱུང་བ་དང་། བོད་ཀྱི་སྲིད་སྐྱོང་གི་འགན་བཞེས་མཁན་དང་། ལོ་རྒྱུས་ཐོག་ཡོངས་གྲགས་ཀྱི་མཁས་དབང་དང་སྐྱེས་བུ་དམ་པ་བསམ་གྱིས་མི་ཁྱབ་པ་གང་མང་། གྲྭ་ཚང་རང་གི་མཁས་པ་དང་དམ་པ་འདི་དག་ཕྱོགས་མཐའ་སོ་སོར་ཕེབས་ཏེ་བསྟན་འགྲོའི་དོན་མཛད་པས། འདི་དག་གི་སློབ་མ་སློབ་བརྒྱུད་ཀྱིས་བོད་རྒྱ་ཧོར་སོགས་ཡུལ་གྲུ་ཀུན་ལ་ཁྱབ་པ་དང་། བོད་སོག་ཡུལ་གྲུ་སོ་སོར་བསྟན་འགྲོའི་ཆེད་དུ་ཕེབས་པའི་གྲྭ་ཚང་འདིའི་མཁས་པ་དང་དམ་པ་དག་གིས་ཕྱག་བཏབ་པའི་དགོན་པ་དང་། སྒྲིག་ལམ་དང་འཛིན་གྲྭ་སློབ་གཉེར་བྱེད་སྟངས་སོགས་གྲྭ་ཚང་འདིའི་རྗེས་སུ་འབྲངས་པའི་དགོན་སྡེའང་གང་མང་ཞིག་བྱུང་ཡོད་པ་སོགས།
མདོར་ན་གྲྭ་ཚང་འདི་ཕྱག་བཏབ་ནས་ད་ལྟའི་བར་བགྲང་བྱ་དྲུག་བརྒྱ་མ་ཟིན་ཙམ་གྱི་རིང་གྲྭ་ཚང་འདིར་མཁས་པ་དང་དམ་པ་བསམ་གྱིས་མི་ཁྱབ་པ་མང་དུ་བྱུང་མྱོང་བ་དང་། དེ་དག་གི་སློབ་མ་སློབ་བརྒྱུད་ཀྱི་ཁྲོད་དུ་བོད་དབུས་སྟོད་སྨད་བར་གསུམ་དང་། རྒྱ་ཧོར་སོགས་ཀྱི་ཡུལ་དུ་བསྟན་འགྲོའི་དོན་མཛད་པའི་མཁས་གྲུབ་གནམ་གྱིས་ས་བཀབ་པ་ལྟ་བུ་གཅིག་ལས་གཅིག་ཆེ་བ་ཉི་ཟེར་ལ་རྡུལ་འཁྲིགས་པ་བཞིན་བྱུང་བ་ནི་སྨོས་མི་དགོས་སོ། །  པར་ལམ་ནས་ངོ་སྤྲོད།...