པར་བཤུ།
སྡེ་ཚན། གསལ་བསྒྲགས།
ཀློག་གྲངས། 6611

sd0015༄༅། །མཁྱེན་སྤྱན་རབ་ཡངས་ལྷག་བསམ་གྱིས་ཕྱུག་པའི་མཆོག་ཏུ་བཀུར་འོས་བཤེས་གཉེན་རྣམ་པའི་སྙན་ལམ་དུ།

གུས་པས་གསོལ་བ་འདེབས་སྙིང་།

               དགོངས་མངའ་ལྟར་འདི་ག་<སེར་བྱེས་རིག་མཛོད་ཆེན་མོའི་>དྲ་ཚིགས་ནི་རང་རེའི་བོད་གངས་ཅན་གྱི་ཐུན་མོང་དང་། ཐུན་མོང་མ་ཡིན་པའི་རིག་གཞུང་དག་བརྡ་འཕྲིན་གྱི་དུས་རབས་འདིར་དུས་བསྟུན་གྱིས་སྲུང་སྐྱོབ་དང་དར་སྤེལ་སླད་གསར་བཟོ་དང་སྒོ་འབྱེད་བྱས་པ་ཞིག་ཡིན་ཞིང་། དྲ་ངོས་སུ་གཞུང་ཆེན་སོགས་ཀྱི་སྐོར་གྱི་འཕྲུལ་དེབ་བརྒྱ་ཕྲག་འགའ་ཤས་དང་། དཔེ་ཁྲིད་ཚན་པ་བརྒྱ་ཕྲག་འགའ།

གཞན་ལོ་རྒྱུས་དང་ངོ་སྤྲོད་གསར་འགྱུར་སོགས་གང་མང་རྩོམ་སྒྲིག་དང་གསར་རྩོམ་བྱས་ཡོད་པ་དག་རིན་མེད་དུ་ལྟ་ཀློག་དང་ཕབ་ལེན་བྱས་ཆོག་པར་བཟོས་ཡོད་ལ། དེ་དང་མཉམ་དུ་ལས་གཞི་གང་མང་ཞིག་འགྲོ་བཞིན་ཡོད་པའི་ཁོངས་ནས། བོད་ཀྱི་མཁས་པ་སྔ་མ་དག་གིས་མཛད་པའི་གསུང་རྩོམ་གྱི་པར་རྙིང་དག་དང་དཔེ་ཆ་དཀོན་རིགས་རྣམས་གཏན་ཡལ་དུ་མི་འགྲོ་བའི་ཆེད་དུ་འཚོལ་བསྡུ་བྱས་ཏེ་རྩིས་འཁོར་དུ་པར་བཤུས་ཀྱིས་གཏན་ཚགས་ཡིག་ཆ་ (PDF) བཟོས་ནས་ཉར་ཚགས་བྱེད་ཀྱིན་ཡོད་ལགས་ན། མཁས་པ་སྔ་མའི་གསུང་དཔེ་རིང་རྙིང་པ་དང་དཔེ་ཆ་དཀོན་རིགས་སོགས་སྐུ་ཉིད་ལ་ཡོད་ཚེ་འདི་ག་རྩོམ་སྒྲིག་ཁང་ལ་འབྲེལ་གཏུགས་གནང་ན། འདི་ནས་ལས་བྱེད་ཆེད་གཏོང་གིས་འདི་ག་རྩོམ་སྒྲིག་ཁང་དུ་གཡར་གནང་ཡོང་བ་ཞུ་རྒྱུ་དང་། རྩིས་འཁོར་དུ་པར་བཤུས་བྱས་རྗེས་པར་རྩ་ཕྱིར་དོ་བདག་གི་ཕྱག་ཏུ་འབུལ་ངེས་ལགས་ན་དེ་ལུགས་དགོངས་འཇགས་ཡོང་བ་མཁྱེན་མཁྱེན།

ཞེས་ ༢༠༡༧ ཕྱི་ཟླ་ ༣ ཚེས་ ༦ ཉིན་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་ཁང་ནས་ཕུལ།