ཤོག་ངོས་འདི་པར་འདེབས།
དྲ་ཐོག་འཇུག་དུས། 2019 ལོའི་ཟླ་བ། Apr ཚེས། 14 རེས་གཟའ། Sun

མཁན་རིན་པོ་ཆེས་སྒང་ཏོག་ཏུ་གསུང་ཆོས་གནང་།

དྲ་འཇུག་པ།
ཚད་གཞི།
(0 འོས་འཕེན།)

སེར་བྱེས་གྲྭ་ཚང་གི་༧སྐྱབས་རྗེ་མཁན་རིན་པོ་ཆེས་བློ་སྦྱོང་ཚིགས་བརྒྱད་མའི་བཀའ་ཁྲིད་དང་རྟ་མགྲིན་ཡང་གསང་གི་གཏོར་དབང་གནང་སོང་།

    དེ་ཡང་སྒང་ཏོག་སེར་བྱེས་འགྲོ་ཕན་གླིང་ནས་ཇི་ལྟར་གསོལ་བ་བཏབ་དོན་བཞིན་ཁ་སང་སྟེ་ཕྱི་ལོ་ ༢༠༡༩ ལོའི་ཟླ་ ༤ ཚེས་ ༡༣ ཉིན་སྒང་ཏོག་སེར་བྱེས་འགྲོ་ཕན་གླིང་དུ་སེར་བྱེས་མཁས་སྙན་གྲྭ་ཚང་གི་༧སྐྱབས་རྗེ་མཁན་རིན་པོ་ཆེ་ལོ་དགོན་སྤྲུལ་སྐུ་བསྟན་འཛིན་བྱམས་པ་ཆོས་བཟང་མཆོག་གིས་སྔ་དྲོའི་ཆུ་ཚོད་ ༩ པའི་སྟེང་བཀའ་གདམས་དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིགས་བརྒྱད་མའི་བཀའ་ཁྲིད་དང་། རྟ་མགྲིན་ཡང་གསང་གི་གཏོར་དབང་གནང་ཡོད་པ་དང་། དེ་རིང་ཕྱི་ཚེས་ ༡༤ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༨:༣༠ སྟེང་དད་ལྡན་མི་མང་ཡོངས་ལ་ཕུར་མཇལ་གནང་རྒྱུ་ཡིན་འདུག
   སེར་བྱེས་ཕུར་མཇལ་ནི། སློབ་དཔོན་རིན་པོ་ཆེས་རྒྱ་གར་བསིལ་བའི་ཚལ་གྱི་མཆོད་རྟེན་གྱི་དྲུང་ནས་གཏེར་དུ་བཞེས་ཤིང་ལྷོ་ནུབ་སྲིན་པོའི་གླིང་དུ་ཕེབས་སྐབས་ཡེར་བ་སེ་བ་ལུང་གི་བྲག་ལ་གཏེར་དུ་སྦས། སློབ་དཔོན་རིན་པོ་ཆེས་རྗེས་སུ་བཟུང་པའི་གྲུབ་ཐོབ་མདའ་འཕྱར་བས་གཏེར་ནས་བཞེས་ཤིང་། ཕྱིས་སུ་ཀུན་མཁྱེན་བློ་གྲོས་རིན་ཆེན་སེང་གེས་སེར་བྱེས་གྲྭ་ཚང་གི་ནང་རྟེན་གཙོ་བོར་བཞག་ཡོད་པ་དང་། རྒྱལ་མཆོག་ལྔ་པས་དད་ལྡན་ཡོངས་ལ་མཇལ་ཁ་གནང་བའི་སྲོལ་ཐོག་མར་གཏོད་པར་གྲགས་སོ། །
   གནས་ཚུལ་གཞན་ཞིག་ལ། ཟླ་འདིའི་ཚེས་ ༡༠ ཉིན་དགོང་དྲོའི་ཆུ་ཚོད་༦:༣༠ སྟེང་སེར་བྱེས་གྲྭ་ཚང་གི་དགེ་འདུན་བགྲེས་གཞོན་ཡོངས་གཙུག་ལག་ཁང་གི་མདུན་དུ་འཛོམས་ཏེ། ༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཞབས་རིམ་དུ་སྨན་བླ་མདོ་ཆོག་དང་། སྨན་གཟུངས། རྒྱལ་བའི་ཞབས་བརྟན། རྒྱལ་བའི་མཚན་སྔགས་བཅས་གསོག་སྒྲུབ་གནང་ཡོད་ཅིང་། ཡང་ཕྱི་ཚེས་ ༡༣ ཉིན་གྱི་དགོང་དྲོའི་ཆུ་ཚོད་ ༦:༠༠ སྟེང་སེར་བྱེས་གྲྭ་ཚང་གི་བླ་གྲྭ་དགེ་འདུན་བགྲེས་གཞོན་སློབ་ཕྲུག་དང་ལས་བྱེད་བཅས་དགེ་འདུན་འདུས་མང་ཡོངས་ཀྱིས་གཙུག་ལག་ཁང་གི་མདུན་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཞབས་རིམ་དུ་རྒྱལ་བའི་ཞབས་བརྟན་སོགས་གསུངས་ཡོད་པ་དང་། གྲྭ་ཚང་རིན་པོ་ཆེས་བཞེས་ཆབ་དང་སྐུ་ཡོན་སོགས་ཀྱིས་བསྙེན་བཀུར་ཡང་ཞུས་སོང་། ཡང་དེ་རིང་ནས་ཆོག་ཐོག་གི་སྔ་དྲོའི་ཆོས་རར་དགེ་འདུན་འདུས་པ་རྒྱ་མཚོས་༧གོང་ས་༧སྐྱབས་མགོན་ཆེན་པོའི་ཞབས་བརྟན་དུ་རྒྱལ་བའི་བཀའ་འགྱུར་སོགས་གསུང་རྒྱུ་ཡིན་འདུག
  སེར་བྱེས་ཕུར་མཇལ་གྱི་སྐོར་མདོར་བསྡུས་ཤིག་ཚོམས་སུ་བཀོད་ཡོད་པས་གཤམ་གྱི་སྦྲེལ་སྣེ་ལས་གཟིགས་པར་འཚལ།

https://www.serajeyrigzodchenmo.org/tsom-toc/ngotrodki-tsom/item/222-tsmg0001

སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས། ༢༠༡༩།༠༤།༡༤ལ།

དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་བྱ་དགོས་ཚེ་[སེར་བྱེས་རིག་མཛོད་ཆེན་མོ་ལས་དྲངས་]ཞེས་རྩོམ་ཁུངས་ཁ་གསལ་འགོད་དགོས།

ཤོག་ངོས་འདི་ལ་ཐེངས་ 1441 གཟིགས་འདུག མཐའ་མའི་བསྐྱར་བཅོས། 2019 ལོའི་ཟླ་བ། Apr ཚེས། 14 རེས་གཟའ། Sun
རིག་མཛོད་རྩོམ་སྒྲིག་པ།

དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག་སྟབས་བདེའི་རང་བཞིན་ཅན་གྱི་གློག་ཀླད་དང་ལག་ཐོག་ཁ་པར་ཆེ་ཆུང་(Laptop, iPad, iPod iPhone & Android) གང་ཡིན་ཐོག་ཏུ་རང་རང་གི་ཐུགས་འདོད་ལྟར་ཕབ་ལེན་དང་གསན་གཟིགས་གནང་རོགས། 

དྲ་ཚིགས།: www.serajeyrigzodchenmo.org  ཡིག་འབྲེལ་དྲ་བྱང་། serajeyrigzodchenmo@gmail.com

གསར་ཤོས་དག ། རིག་མཛོད་རྩོམ་སྒྲིག་པ།

འབྲེལ་ཡོད་དག