ཤོག་ངོས་འདི་པར་འདེབས།
དྲ་ཐོག་འཇུག་དུས། 2022 ལོའི་ཟླ་བ། Sep ཚེས། 10 རེས་གཟའ། Sat

སེར་བྱེས་མཁས་སྙན་གྲྭ་ཚང་གི་མཁན་རབས་ ༧༨ པའི་ཁྲི་འདོན་གྱི་མཛད་སྒོ།

དྲ་འཇུག་པ།
ཚད་གཞི།
(1 འོས་འཕེན། )

དེ་རིང་སྟེ་བོད་རྒྱལ་ལོ་ ༢༡༤༩ བོད་ཟླ་ ༧ ཚེས་ ༡༥ ཕྱི་ལོ་ ༢༠༢༢ ཟླ་བ་ ༩ ཚེས་ ༡༠ གཟའ་སྐར་འབྱུང་འཕྲོད་དགེ་བའི་ཉིན་བྲ་ཏི་དགེ་བཤེས་བཀྲ་ཤིས་ཚེ་ཐར་མཆོག་སེར་བྱེས་མཁས་སྙན་གྲྭ་ཚང་གི་མཁན་ཁྲིར་དངོས་སུ་འཁོད་དེ་མཁན་རབས་དོན་བདུན་པའི་མཛད་ཁུར་བཞེས།
དེ་ཡང་ཉིན་དེའི་ཞོགས་པ་ཕྱག་ཚོད་བཞི་དང་ཕྱེད་ཀའི་ཐོག་ཚོགས་སྡེ་ཁག་གི་འགན་འཛིན་རྣམས་དང་། ཁང་ཚན་རྒན་རྣམ་པ་བཅས་མཁན་རིན་པོ་ཆེའི་བླ་བྲང་ནས་སྤོས་སྣེ་དང་བཅས་གདན་འདྲེན་ཞུས་ནས་སེར་བྱེས་བྲ་ཏི་ཁང་ཚན་དུ་མཛད་སྒོ་སྟབས་བདེ་ཞིག་འཚོགས། དེ་ནས་སེར་བྱེས་གྲྭ་ཚང་གི་ཚོགས་མགོན་དུ་གདན་ཞུས་ཀྱིས་མཁན་ཁྲིར་མངའ་གསོལ་དང་བཅས་ཏེ། ཞིང་མཆོག་འདུས་པ་རྒྱ་མཚོར་བསྙེན་བཀུར་ཟབ་རྒྱས་དང་འབྲེལ་ཚོགས་མགོན་དུ་བསྔོ་བ་གསུངས་པ་སོགས་མཁན་པོའི་མཛད་ཁུར་དངོས་སུ་བཞེས། དེ་ནས་གྲྭ་ཚང་ཐོག་ཁར་སེ་ར་བླ་སྤྱི་དང་བྱེས་སྨད་གཉིས་ཀྱི་དབུ་ཆོས་རྣམས་དང་། དེ་བཞིན་ཚོགས་པ་སོ་སོའི་འགན་འཛིན། ཁང་ཚན་རྒན་རྣམ་པ་བཅས་མཛད་སྒོར་མཉམ་བཞུགས་གནང་། དེའི་སྐབས་སུ་སྐྱབས་རྗེ་མཁན་རིན་པོ་ཆེ་མཆོག་ནས་ཚོགས་པ་སྤྱི་སྒེར་སོ་སོའི་ལས་དོན་བྱེད་ཕྱོགས་ཐད། ༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོའི་བཀའ་དགོངས་བཞིན་གནང་དགོས་པའི་བཀའ་སློབ་ལམ་སྟོན་ཕེབས། མཛད་སྒོ་གྲོལ་མཚམས་སུ་བྱེས་བླ་བྲང་དུ་གདན་ཞུས་མཛད། དེ་ནས་སྔ་དྲོ་ཕྱག་ཚོད་བརྒྱད་དང་ཕྱེད་ཀའི་ཐོག་གྲྭ་ཚང་གི་ཆོས་རར་གདན་འདྲེན་ཞུས་ཏེ། བྱང་ཆུབ་ལམ་རིམ་ཆེན་མོའི་གསུང་ཆོས་དབུ་འཛུགས་གནང་། ཉིན་གུང་ཕྱག་ཚོད་བཅུ་གཉིས་ཐོག་སེར་བྱེས་གྲྭ་ཚང་དུ་གྲྭ་ཚང་གི་ཚོགས་སྡེ་ཁག་དང་། བླ་སྤྲུལ་དགེ་བཤེས་སོགས་དང་། དེ་བཞིན་གཞིས་གྲོང་གི་ཚོགས་སྡེ་ཁག་གི་འགན་འཛིན་སོགས་འབྲེལ་ཡོད་སྐུ་མགྲོན་རྣམ་པར་གསོལ་ཚིགས་དང་བཅས་མཁན་པོའི་ཁྲི་འདོན་གྱི་མཛད་སྒོ་ལེགས་པར་བསྐྱངས་པ་བཅས་ཡིན།
མཁན་རིན་པོ་ཆེ་མཆོག་ནི། སྐུ་ན་ཆུང་ངུ་ནས་སེར་བྱེས་གྲྭ་ཚང་དུ་ཆོས་ཞུགས་གནང་། རིམ་གྱིས་གཞུང་ཆེན་ཁག་ལ་སློབ་གཉེར་གནང་མཐར་དགེ་བཤེས་ལྷ་རམས་པའི་མཚན་རྟགས་བཞེས། དེ་ནས་སེར་བྱེས་གྲྭ་ཚང་གི་སློབ་གཉེར་རྒན་ལོ་མང་རིང་མཛད་འགན་བཞེས་པ་དང་། གྲྭ་ཚང་གི་དགེ་བསྐོས་ཀྱི་མཛད་འགན་ཡང་བཞེས། རྒྱུན་དུ་མིང་གྲགས་སོགས་ལ་མི་བལྟ་བར་གྲྭ་རྐྱང་དཀྱུས་མ་ཞིག་གནང་ནས་མཚམས་དང་བསྙེན་སྒྲུབ་ལ་ཡང་ཡང་བཞུགས་བཞིན་པ་བཅས། [རྣམ་ཐར་རྒྱས་པའམ་ཁ་གསལ་ཞིག་རྩོམ་སྒྲིག་པས་མཐོང་ཐོས་མ་བྱུང་བས་འདི་ཙམ་ལས་འགོད་ཐབས་མ་བྱུང་ལ། ཞིབ་རྒྱས་རྗེས་སུ་འཚོལ་བསྡུ་བྱས་ཏེ་དགོད་ངེས་ཡིན།]
སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས། ༢༠༢༢ ཟླ་ ༩ ཚེས་ ༡༠ ལ། [དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་བྱ་དགོས་ཚེ་རྩོམ་ཁུངས་དང་སྦྲེལ་སྣེ་མཉམ་སྦྱར་བྱེད་དགོས།]

 

ཤོག་ངོས་འདི་ལ་ཐེངས་ 714 གཟིགས་འདུག མཐའ་མའི་བསྐྱར་བཅོས། 2023 ལོའི་ཟླ་བ། Nov ཚེས། 16 རེས་གཟའ། Thu
རིག་མཛོད་རྩོམ་སྒྲིག་པ།

དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག་སྟབས་བདེའི་རང་བཞིན་ཅན་གྱི་གློག་ཀླད་དང་ལག་ཐོག་ཁ་པར་ཆེ་ཆུང་(Laptop, iPad, iPod iPhone & Android) གང་ཡིན་ཐོག་ཏུ་རང་རང་གི་ཐུགས་འདོད་ལྟར་ཕབ་ལེན་དང་གསན་གཟིགས་གནང་རོགས། 

དྲ་ཚིགས།: www.serajeyrigzodchenmo.org  ཡིག་འབྲེལ་དྲ་བྱང་། serajeyrigzodchenmo@gmail.com

གསར་ཤོས་དག ། རིག་མཛོད་རྩོམ་སྒྲིག་པ།

འབྲེལ་ཡོད་དག