ཤོག་ངོས་འདི་པར་འདེབས།
དྲ་ཐོག་འཇུག་དུས། 2026 ལོའི་ཟླ་བ། Nov ཚེས། 25 རེས་གཟའ། Wed

རྒྱལ་སྤྱིའི་ནང་ཆོས་བགྲོ་གླེང་ཚོགས་ཆེན་སྐབས་བཞི་པ།

དྲ་འཇུག་པ།
ཚད་གཞི།
(1 འོས་འཕེན། )

ཕྱི་ལོ་ ༢༠༢༦ ཟླ་ ༡༡ ཚེས་ ༢༣ ནས་ ༢༥ བར་ཉིན་གྲངས་གསུམ་གྱི་རིང་སེར་བྱེས་མཁས་སྙན་གྲྭ་ཚང་དང་རྒྱ་གར་ས་གནས་རྒྱལ་སྤྱིའི་བོད་བརྒྱུད་རིས་མེད་མཐུན་ཚོགས་ཟུང་འབྲེལ་གྱིས་སེར་བྱེས་བཀྲ་ཤིས་ཆོས་གླིང་ཚོགས་ཁང་ནང་དུ་རྒྱལ་སྤྱིའི་ནང་ཆོས་བགྲོ་གླེང་ཚོགས་ཆེན་སྐབས་བཞི་པ་འཚོགས། སྐབས་དེར་རིས་མེད་ཀྱི་མདོ་སྔགས་ཟུང་གི་ལྟ་གྲུབ་སྐོར་ལ་གསུང་བཤད་གནང་མཁན་ནང་བོད་བརྒྱུད་རིས་མེད་ཀྱི་མཁས་དབང་དགེ་བཤེས་དང་། སློབ་དཔོན་དང་དཀའ་བཅུ་པ་དང་སྔགས་རམས་པ་དང་། གནས་བརྟན་སྡེ་པའི་མཁས་དབང་དགེ་སློང་བཅས་མཉམ་ཞུགས་གནང་།

རྒྱལ་སྤྱིའི་ནང་ཆོས་བགྲོ་གླེང་ཉིན་དང་པོའི་སྔ་དྲོར་བགྲོ་གླེང་དབུ་འཛུགས་ཀྱི་རིམ་པ་དང་། ཉིན་རྒྱབ། པ་ལིའི་མདོ་ལས་བྱུང་བའི་བདག་མེད་ཀྱི་ལྟ་བ་དང་དགག་བྱའི་སྐོར་དང་། དཔལ་ལྡན་ས་སྐྱ་བའི་དབུ་མའི་ལྟ་བའི་སྐོར་སོགས་བརྗོད་གཞི་མི་འདྲ་བ་ལྔའི་ཐོག་ལ་བགྲོ་གླེང་དང་དྲི་བ་དྲིས་ལན་གནང་བ་དང་།
ཉིན་གཉིས་པའི་སྔ་དྲོར་པ་ལིའི་ལུགས་ཀྱི་མྱང་འདས་དང་དགྲ་བཅོམ་པའི་སྤངས་རྟོགས་སྐོར་སོགས་བརྗོད་གཞི་མི་འདྲ་བ་གསུམ་དང་། ཉིན་རྒྱབ་རྟེན་འབྱུང་གི་དེ་ཁོ་ན་ཉིད་དང་དེང་དུས་དངོས་ཁམས་རིག་པའི་བར་ལ་གཤིབ་བསྡུར་བྱས་པ་ལས་འཕྲོས་པ་སོགས་བརྗོད་གཞི་མི་འདྲ་བ་ལྔའི་ཐོག་གསུང་བཤད་དང་དེ་ལས་འཕྲོས་པའི་དྲི་བ་དྲིས་ལན་གནང་།
ཉིན་གསུམ་པའི་སྔ་དྲོར། དབུ་མའི་ལྟ་བའི་ཟབ་གནད་དང་གསང་སྔགས་སྐོར་བཅས་བརྗོད་གཞི་གཉིས་ཀྱི་ཐོག་བགྲོ་གླེང་ལྷུག་པོ་གནང་བ་བཅས་བསྡོམས་ཉིན་གསུམ་གྱི་རིང་བརྗོད་གཞི་མི་འདྲ་བ་བཅོ་ལྔའི་ཐོག་གསུང་བཤད་དང་དྲི་བ་དྲིས་ལན་གནང་བ་སོགས་བགྲོ་གླེང་ཕུན་སུམ་ཚོགས་པོ་བྱུང་།

༢༠༢༦ ཟླ་ ༡༡ ཚེས་ ༢༥ ལ་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་ཁང་ནས།

པར་རྣམས་གྲྭ་ཚང་གི་ངོ་དེབ་ལས་བྱུང་།

ཤོག་ངོས་འདི་ལ་ཐེངས་ 7 གཟིགས་འདུག མཐའ་མའི་བསྐྱར་བཅོས། 2026 ལོའི་ཟླ་བ། Nov ཚེས། 25 རེས་གཟའ། Wed
རིག་མཛོད་རྩོམ་སྒྲིག་པ།

དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག་སྟབས་བདེའི་རང་བཞིན་ཅན་གྱི་གློག་ཀླད་དང་ལག་ཐོག་ཁ་པར་ཆེ་ཆུང་(Laptop, iPad, iPod iPhone & Android) གང་ཡིན་ཐོག་ཏུ་རང་རང་གི་ཐུགས་འདོད་ལྟར་ཕབ་ལེན་དང་གསན་གཟིགས་གནང་རོགས། 

དྲ་ཚིགས།: www.serajeyrigzodchenmo.org  ཡིག་འབྲེལ་དྲ་བྱང་། serajeyrigzodchenmo@gmail.com

གསར་ཤོས་དག ། རིག་མཛོད་རྩོམ་སྒྲིག་པ།

འབྲེལ་ཡོད་དག