ཤོག་ངོས་འདི་པར་འདེབས།
དྲ་ཐོག་འཇུག་དུས། 2019 ལོའི་ཟླ་བ། Aug ཚེས། 14 རེས་གཟའ། Wed

ཨ་ཁུ་ཤེས་རབ་རྒྱ་མཚོ།

དྲ་འཇུག་པ།
ཚད་གཞི།
(4 འོས་འཕེན།)

ཨ་ཁུ་ཤེས་རབ་རྒྱ་མཚོ་ནི། ཕྱི་ལོ ༡༨༠༣ ལོར་རྩེ་གཞུང་བྲག་དམར་མདོ་ཞེས་པའི་ཡུལ་དུ་ཡབ་ནོའི་ཁོ་དང་ཡུམ་ཙིན་ཐར་ཞེས་པ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།
   དགུང་ལོ་དྲུག་གི་སྐབས་ཁུ་བོ་ཇེ་སང་བླ་མ་ལས་ལོ་གཅིག་གི་རིང་ཡི་གེ་འབྲི་ཀློག་སྦྱངས། ལོ་དེར་དགེ་བསྙེན་དང་རབ་བྱུང་གི་སྡོམ་པ་ཞུས།
   དགུང་ལོ་བཅུ་དྲུག་པར་དབེན་གནས་ཡིད་དགའ་ཆོས་འཛིན་བསམ་གཏན་འཕེལ་རྒྱས་གླིང་དུ་གནས་བརྟན་དཀོན་མཆོག་དགེ་འདུན་ལས་ཚངས་སྦྱོད་དགེ་བསྙེན་གྱི་སྡོམ་པ་དང་རབ་བྱུང་གི་སྡོམ་པ་མནོས། ལོ་དེའི་ལྔ་མཆོད་ཆེན་མོའི་ཆོས་ཐོག་གི་ཡར་འཚོགས་ལ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཐོས་བསམ་གླིང་གྲྭ་ཚང་དུ་ཞུགས་ཏེ། བཀྲ་ཤིས་འཁྱིལ་གྱི་ཁྲི་ཐོག་ཉེར་བརྒྱད་པ་གླིང་སྤྲུལ་པའི་སྐུ་དཀོན་མཆོག་དགྱེས་པའི་བློ་གྲོས་ལས་བརྩི་བཞག་ཐོག་མར་གསན་པ་དང་། བཤེས་གཉེན་དཀོན་མཆོག་དོན་ཡོད་སློབ་དཔོན་དུ་བསྟེན་ནས་བསྡུས་གྲྭ་གསན་པ་དང་སྐྱོར་སྦྱང་དང་རྩོད་པ་གནང་ཞིང་། ར་སྟོད་བསྡུས་གྲྭ་སོགས་བསྡུས་གྲྭའི་སྐོར་དང་། བློ་རྟགས་དང་རྣམ་འགྲེལ་སོགས་ཚད་མའི་སྐོར་གྱི་གཞུང་མང་པོར་གཟིགས་རྟོག་གནང་།
   དཀོན་མཆོག་བསྟན་པའི་སྒྲོན་མེ་ལས་དྲིལ་བུ་ལྷ་ལྔ་སོགས་ཀྱི་དབང་དང་། བྱང་ཆུབ་བདེ་ལམ་གྱི་ཁྲིད་སོགས་དང་། རྡོ་རམས་པ་དཀོན་མཆོག་དགེ་འདུན་དང་། རྒྱ་རོང་དགེ་བཤེས་ཚུལ་ཁྲིམས་ཉི་མ་ལས་ཀྱང་སྤྱོད་འཇུག་དང་། བཀའ་གདམས་གཞུང་དྲུག་སྦྱོར་ཚུལ་སོགས་ལུང་ཁྲིད་ཀྱི་རྒྱུན་གང་མང་གསན་པར་མཛད།
   དགུང་ལོ་བཅུ་བདུན་པ་ ༡༨༡༩ ལོར་དཀོན་མཆོག་བསྟན་པའི་སྒྲོན་མེ་ལས་རབ་བྱུང་བསྐྱར་མ་དང་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་བཞེས་ཤིང་མཚན་ལ་དཀོན་མཆོག་བསྟན་འཛིན་གསོལ།
   དགུང་ལོ་ཉི་ཤུ་ ༡༨༢༢ ལོ་ནས་ཁྲི་ཐོག་ཉེར་དགུ་པ་དཔལ་མང་ཆུང་བ་དཀོན་མཆོག་ཆོས་འཕེལ་དང་། སུམ་ཅུ་པ་སྡེ་ཁྲི་རིན་པོ་ཆེ། སོ་གཅིག་པ་རྡོ་རམས་པ་དཀོན་མཆོག་དབང་ཕྱུག་རྣམས་ལས་ཕར་ཕྱིན་གྱི་བརྩི་བཞག་གསན་པ་དང་། སྦྱོར་བ་བརྩི་བ་སོགས་འགྲེལ་པ་དོན་གསལ་དང་། ཡིག་ཆ་གཙོ་བྱས་པའི་ཕར་ཕྱིན་གྱི་གཞུང་ལ་སྦྱངས་པ་གནང་།
   དགུང་ལོ་ཉེར་བཞི་ ༡༨༢༦ ལོར་ཕར་ཕྱིན་གྱི་སློབ་གཉེར་མཐར་ཕྱིན་ནས་ཕར་ཕྱིན་གྱི་གྲྭ་སྐོར་གནང་ཞིང་། དེའི་ཕྱི་ལོར་དབུ་མའི་གཞུང་ལ་སློབ་གཉེར་དབུ་འཛུགས་གནང་བ་དང་། གུང་ཐང་འཇམ་པའི་དབྱངས་དང་། དཔལ་མང་རིན་པོ་ཆེ་ལས། དབུ་མ་འཇུག་པ་དང་། འཇུག་ཊཱིཀ་གསལ་བའི་མེ་ལོང་། ལུང་རིགས་སྒྲོན་མེ་སོགས་དབུ་མའི་གཞུང་རྣམས་ཀྱི་རྩལ་བཤད་དང་མཛུབ་ཁྲིད། བཤད་ལུང་སོགས་ཀྱང་གསན། ཁྲི་ཟུར་དགེ་འདུན་དར་རྒྱས་ལས་སྟོང་ཐུན་གྱི་བཤད་རྒྱུན་དང་། ལམ་རིམ་བློ་སྦྱོང་། བསྐྱེད་རྫོགས་སོགས་གསན་སྐབས་ཟིན་བྲིས་སུ་མཛད་པ་དང་། སྡེ་ཁྲི་རིན་པོ་ཆེ་ལས་ལྟ་བའི་གནད་གང་མང་ཞུས་ཤིང་ཟིན་བྲིས་ཀྱང་མཛད།
   དགུང་ལོ་ཉེར་དྲུག་པ་ ༡༨༢༨ ལོར་འཛིན་གྲྭ་མཛོད་དུ་ཕེབས་པ་དང་མཛོད་རྩ་དང་སྡོམ་ཚིག་ཐུགས་འཛིན་དང་རྒྱུན་སྐྱོར། ཡིག་ཆའི་མཐའ་དཔྱོད། མངོན་པའི་རྒྱན། མཛོད་ཊཱིཀ་ཐར་ལམ་གསལ་བྱེད། མཛོད་རང་འགྲེལ་སོགས་རྒྱ་བོད་ཀྱི་ལེགས་བཤད་གུང་བསྒྲིགས་པའི་སྟེང་ནས་ཆོས་མངོན་པའི་རྩོད་པ་ལོ་གཉིས་ཀྱི་རིང་ལ་རྫོགས་པར་མཛད། སྐབས་དེར། ཆོས་མངོན་རྒྱ་མཚོའི་མཐར་སོན་མོན་གྲ་བ། ཞེས་གྲགས་པ་མོན་གྲ་བ་ཚུལ་ཁྲིམས་བཀྲ་ཤིས་ཀྱི་མཛད་པའི་མཛོད་འགྲེལ་དེ་སྐུ་འབུམ་གྱི་དཔེ་ཁང་གོག་པོ་ཞིག་རལ་དུ་སོང་བ་ཞིག་ལས་རྙེད་པ་ལའང་གཟིགས་ཞིབ་མཛད།
   དགུང་ལོ་ཉེར་བརྒྱད་པ་ ༡༨༣༠ ལོར་འཇམ་བཞད་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོས་མཁན་སློབ་སྦྲགས་མ་དང་། སྒོ་མེ་ལྷ་རམས་པ་བློ་བཟང་ཆོས་འཛིན་གྱིས་གསང་སྟོན། རྡོ་རམས་པ་དཀོན་མཆོག་སངས་རྒྱས་ཀྱིས་དུས་གོ་བ། ཀླུ་ཤོད་པ་བློ་བཟང་དཀོན་མཆོག་དང་། སྔགས་རམས་པ་དཀོན་མཆོག་བསྟན་དར་གཉིས་ཀྱིས་ལས་ཀྱི་ཁ་སྐོང་བ་མཛད་པའི་དད་པའི་དགེ་འདུན་གྲངས་ཚང་བའི་དབུས་སུ་རབ་བྱུང་དགེ་ཚུལ་བསྐྱར་སྒྲུབ་ཐོག་དགེ་སློང་གི་སྡོམ་པ་མནོས། མཚན་ལ་ཤེས་རབ་རྒྱ་མཚོ་གསོལ།
དེ་ནས་བློ་བཟང་ལུང་རྟོགས་ཉི་མ་རིན་པོ་ཆེ་ལས་འདུལ་ཊཱིཀ་རིན་ཆེ་ཕྲེང་བའི་ལུང་རྒྱུན་གསན་ཞིང་། དཔལ་མང་རིན་པོ་ཆེ་དང་། སྡེ་ཁྲི་རིན་པོ་ཆེ་ལས། འདུལ་སྡོམ་དང་། འདུལ་བ་རྒྱ་མཚོའི་སྙིང་པོའི་བཤད་ལུང་། འདུལ་ཊཱིཀ་གི་ས་བཅད་གཞིར་བཞག་བསྡུས་དོན་ནོར་བུའི་དོ་ཤལ་དང་སྦྲགས་པའི་མདོ་རྩའི་བཤད་པ་གསན་པ་སོགས་རྒྱ་བོད་ཀྱི་འདུལ་བའི་གཞུང་རྣམས་ལ་ཐུགས་གཉེར་གནང་།
   སྔ་ཕྱིར་གསང་འདུས་རྩ་བཤད་ཀྱི་རྒྱུད་དང་། གཤེད་སྐོར་སོགས་ཕ་རྒྱུད། བདེ་དགྱེས་དུས་གསུམ། སྒྱུ་ཐོད་གདན་གསུམ་སོགས་མ་རྒྱུད། དེ་ཉིད་བསྡུས་པ་དུམ་བུ་བཞི་སོགས་སྔགས་ཕྱོགས་ཀྱི་རྒྱ་བོད་དགོངས་འགྲེལ་རྣམས་ལའང་གསན་བསམ་མཛད།
   གཞན་འཇམ་བཞད་ཐུབ་བསྟན་འཇིགས་མེད་རྒྱ་མཚོ་དང་། མཁན་ཆེན་གྲགས་པ་རྒྱལ་མཚན། སྡེ་ཁྲི་འཇམ་དབྱངས་ཐུབ་བསྟན་ཉི་མ། དཀོན་མཆོག་རྒྱལ་མཚན་སོགས་རིས་མེད་ཀྱི་བཤེས་གཉེན་མང་པོའི་དྲུང་ནས་དབང་རྗེས་གནང་ལུང་ཁྲིད་མན་ངག་སོགས་གང་མང་གསན་པ་དང་། གཏོར་བཟོ། བཅའ་གཤོམ། དབུ་ཅན་དབུ་མེད་ལཉྫ་སོགས་ཡིག་རིགས་སྣ་ཚོགས་པའི་བྲིས་ལའང་སྦྱངས་པ་མཛད་ཅིང་། ཕྱག་བྲིས་སོགས་ལ་བྱང་བས་འཇམ་བཞད་སྐུ་ཕྲེང་གསུམ་པའི་དྲུང་ཡིག་དང་། དབང་རྗེས་གནང་གི་མཆོད་གཡོག་ཀྱང་གནང་། ཞོར་དུ་ཆོས་འབྱུང་། རྣམ་ཐར། ལོ་རྒྱུས། དེབ་ཐེར་སོགས་ལའང་གཟིགས་རྟོག་མཛད།
   དཔལ་མང་དཀོན་མཆོག་རྒྱལ་མཚན་ལས། སྒྲ་མདོ་ཀ་ལཱ་པ་དུརྒ་སིང་ཧའི་ཨུཎ་གྱི་མདོ་རྐང་པ་བཞི་དང་བཅས་པ་དང་། ཞ་ལུ་ལོ་ཙཱ་བའི་བཤད་སྦྱར་གཞུང་དོན་གསལ་བ་རྣམས་ཀྱི་ལུང་ཁྲིད་ཀྱི་སྟེང་ནས་མཚམས་སྦྱོར་དང་། མིང་དང་། ཀུན་བཤད་སོགས་གསན་པ་དང་། རིག་སྨྲ་བློ་བཟང་ཆོས་འཕེལ་ལས་དབྱངས་ཅན་སྒྲ་མདོ་འགྲེལ་པ་གསལ་ལྡན་རི་མོ་དང་བཅས་པ། རིག་སྨྲ་འཇམ་དཔལ་དགྱེས་པའི་བློ་གྲོས་ལས་ཙནྡྲ་བ་དང་། དེའི་བསྡུས་དོན་སྒྲ་རིག་རྒྱ་མཚོར་བགྲོད་པའི་གྲུ་གཟིངས་དང་སྦྱར་བའི་བཤད་རྒྱུན་གསན་ཏེ་སྒྲའི་སྐོར་གྱི་ཟིན་བྲིས་ཀྱང་མཛད། བཤེས་གཉེན་དེ་དག་དང་། རྒྱལ་མཁན་ཆེན། དགེ་བཤེས་དཀོན་མཆོག་ཐོགས་མེད་སོགས་ལས་པཎྜི་ཏ་རཏྣ་ཨ་ཀ་ར་ཤནྟིས་མཛད་པའི་སྡེབ་སྦྱོར་རིན་ཆེན་འབྱུང་གནས་དང་། ལོ་ཆེན་དྷརྨ་ཤྲིའི་སྡེབ་སྦྱོར་འགྲེལ་པ་དོན་གསལ་མེ་ལོང་སོགས་སྡེབ་སྦྱོར་གྱི་གཞུང་རྣམས་དང་། མངོན་བརྗོད་འཆི་མེད་མཛོད་དང་། དེའི་འགྲེལ་པ་འདོད་འཇོའི་བ་མོ་སོགས་མངོན་བརྗོད་ཀྱི་གཞུང་། སྔགས་ཀྱི་ཀློག་ཐབས། བོད་ཀྱི་བརྡའི་བསྟན་བཅོས་སུམ་རྟགས་རྣམས་ཀྱི་ལུང་ཁྲིད། སྙན་ངག་དབྱངས་ཅན་དགྱེས་གླུ་དང་། དཎྜིའི་དགོངས་རྒྱན་སོགས་ཀྱི་ལུང་ཁྲིད་སོགས་གསན་པ་དང་། ཨ་མཆོག་སྤྲུལ་སྐུ་འཇམ་དཔལ་རྒྱ་མཚོ་དང་། གཅུ་འཁོར་སྔགས་རམས་པ་སོགས་ལས། བུ་སྟོན་ཐམས་ཅད་མཁྱེན་པ་སོགས་ཀྱི་མཆོད་རྟེན་གྱི་བཤད་པ་དང་། ལྷོ་བྲག་པ་སྨན་ཐང་ཡབ་སྲས་སོགས་ཀྱི་ཐིག་རྩའི་སྟེང་ནས་ལྷ་ཐིག་དང་། མཆོད་རྟེན་བརྒྱད་ཀྱི་ཐིག་ཁྲིད། རྣལ་འབྱོར་རོལ་པའི་དགའ་སྟོན་ལྟར་རྡོར་དྲིལ་ཅང་ཏེའུ་རྒྱན་དྲུག་བཟོ་ཚུལ་སོགས་ཞིབ་སློབ། རིན་པོ་ཆེ་བརྟག་པའི་གཏམ་ཙིནྡ་མ་ཎིའི་མཛོད་ཁང་གི་ལུང་སོགས་གསན་པ་དང་། འདུལ་འཛིན་བློ་བཟང་རྒྱལ་མཚན་ལས་རིགས་ལྡན་མཆོད་པའི་འོད་སྣང་སོགས་དང་། རྒྱ་རྩིས་འཇམ་དབྱངས་མཆོད་པའི་མེ་ཏོག་དང་ཟུར་འདེབས། འཇམ་དབྱངས་འཛུམ་ཟེར། དབྱངས་འཆར་གྱི་རྒྱུད། དེའི་འགྲེལ་པ་རྣམས་ཀྱི་ལུང་རྒྱུན་སོགས་གསན་པ་དང་། རྒྱུད་བཞི་གཙོ་བྱས་པའི་སྨན་གཞུང་རྣམས་ཀྱི་ལུང་ཁྲིད་རྣམས་ཀྱང་གསན་པ་སོགས་དམ་པ་སུམ་ཅུ་ལྷག་བསྟེན་ནས་མདོ་སྔགས་རིག་གནས་དབང་ཁྲིད་སོགས་ལ་གསན་བསམ་གནང་།
   ཐུན་དྲུག་རྣལ་འབྱོར་དང་། རྡོར་སེམས་སྒོམ་བཟླས། བདག་འཇུག་སོགས་རྒྱུན་དུ་མཛད་པ་དང་། བཀའ་ཆོས་སོགས་ཀྱི་སེང་བར་རྣམས་སུ་ཡན་ལག་བདུན་པ་དང་འབྲེལ་བར་མཎྜལ་དང་ཕྱག་སྦྱང་ལ་གཞོལ་བར་མཛད།
   དུས་འཁོར་གྲྭ་ཚང་དུ་རྣམ་སྣང་མངོན་བྱང་གི་སྒྲུབ་མཆོད་ཆ་ལག་དང་བཅས་པ་གསར་དུ་བཙུགས་པ་སོགས་སྐུ་གསུང་ཐུགས་རྟེན་ཡང་མང་དུ་བཞེངས།
   སྔ་ཕྱིར་བསྒྲུབ་བྱ་མང་པོ་སོ་སོར་ཐར་པའི་གཞི་ལ་བཀོད་པ་དང་། བྲག་རི་དགོན་དང་། སྨར་ལུང་བཀྲ་ཤིས་ཆོས་འཕེལ་གླིང་། བྲག་དཀར་བྱང་ཆུབ་གླིང་སོགས་དགོན་སྡེ་མང་པོར་ཕེབས་ཏེ་དབང་ལུང་མན་ངག་གི་ཟབ་ཆོས་མང་དུ་གནང་བ་སོགས་སྐུ་ཚེ་གང་ཐོས་བསམ་སྒོམ་གསུམ་དང་། འཆད་རྩོད་རྩོམ་གསུམ་གྱིས་དུས་འདའ་བར་མཛད།
   སློབ་མ་ལ། འཇམ་བཞད་སྤུལ་སྐུ་དང་། བཀྲ་ཤིས་འཁྱིལ་གྱི་གསེར་ཁྲི་རྣམ་གསུམ། མཁན་པོ་རྣམས་དང་། བླ་སྤྲུལ་ཆེ་ཆུང་གང་མང་བྱུང་ངོ་། །
   ཕྱི་ལོ་ ༡༨༧༥ ལོར་སྐུ་གཤེགས། གསུང་རྩོམ་ལ། བདེ་གསང་འཇིགས་གསུམ་གྱི་རིམ་གཉིས། ཕྲེང་ཀྲི་མི་ཏྲའི་དབང་བཤད། དུས་འཁོར་བསྐྱེད་རིམ། ཚེ་དཔག་མེད་དང་སྒྲོལ་དཀར་གྱི་ཚེ་ཁྲིད་སྐོར་སོགས་ཆོས་ཚན་བཅུ་ཕྲག་ཁ་ཤས་དང་གསུང་རྒྱུན་ཕྱག་ལེན་དོགས་གཅོད་ལོ་རྒྱུས་སོགས་ཀྱི་ཟིན་བྲིས་དང་། བརྗེད་བྱང་གང་ཡོད་པར་དུ་བཀོད་ན་པོ་ཏི་ཉི་ཤུར་ལོངས་པ་ཡོད་ཅིང་། ལྕགས་མཁར་འཁྲུལ་འཁོར་སོགས་ཀྱི་ཕྱག་ཁྲིད་ཟིན་བྲིས་པར་དུ་བཀོད་མི་ཆོག་པའང་མང་ལ། ད་སྔ་པར་ཕུད་ཟིན་པ་པོ་ཏི་བདུན་བཞུགས།
འདིའི་རྣམ་ཐར་ལ། སྡེ་ཁྲི་འཇམ་དབྱངས་ཐུབ་བསྟན་ཉི་མས་བརྩམས་པའི་དམ་པ་འདིའི་སྐུ་ཆེ་བའི་ཡོན་ཏན་ལས་བརྩམས་པའི་གསོལ་འདེབས་ཚིགས་བཅད་དང་། དེའི་འགྲེལ་པ་དམ་པ་དེའི་སློབ་མའི་གྲས་ངག་དབང་ཐུབ་བསྟན་རྒྱ་མཚོས་མཛད་པ་སོགས་བཞུགས།
   མཚན་གྱི་རྣམ་གྲངས། ཨ་ཁུ་ཆིང་ཤེས་རབ་རྒྱ་མཚོ། དྲུང་ཆེན་ཤེས་རབ་རྒྱ་མཚོ། དྲུང་པ་ཤེས་རབ་རྒྱ་མཚོ། ཤེས་རབ་རྒྱ་མཚོ། བླ་བྲང་ཨ་ཁུ་ཤེས་རབ་རྒྱ་མཚོ། ཨ་ཁུ་ཤེས་རབ་རྒྱ་མཚོ། ཨ་ཁུ་ཚང་།

༢༠༡༩.༠༥.༡༩ ལ་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས་ཕྱོགས་བཏུས་བྱས།

དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་དམ་འདྲེན་བཀོད་བྱ་དགོས་ཚེ་[སེར་བྱེས་རིག་མཛོད་ཆེན་མོ་ལས་དྲངས་པ་ཡིན།]ཞེས་རྩོམ་ཁུངས་ཁ་གསལ་འགོད་དགོས།

ཤོག་ངོས་འདི་ལ་ཐེངས་ 1993 གཟིགས་འདུག མཐའ་མའི་བསྐྱར་བཅོས། 2019 ལོའི་ཟླ་བ། Aug ཚེས། 14 རེས་གཟའ། Wed
སེར་བྱེས་རིག་མཛོད་ཆེན་མོ།

དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག་སྟབས་བདེའི་རང་བཞིན་ཅན་གྱི་གློག་ཀླད་དང་ལག་ཐོག་ཁ་པར་ཆེ་ཆུང་ (laptop, iPad, iPod iPhone & Android) སོགས་ཀྱི་ནང་དུ་ཐུགས་འདོད་ལྟར་ཕབ་ལེན་དང་གཟིགས་ཀློག་གནང་རོགས། 

དྲ་ཚིགས།: www.serajeyrigzodchenmo.org  གློག་འཕྲིན་ཁ་བྱང་། serajeyrigzodchenmo@gmail.com

གསར་ཤོས་དག ། སེར་བྱེས་རིག་མཛོད་ཆེན་མོ།

འབྲེལ་ཡོད་དག