ཐོག་མའི་བཟོ་དུས།
Wed, 07/06/2017, 17:10

འཆད་ཉན་ཨེ་ཚུགས་གཟིགས།

དྲ་འཇུག་པ།: 

༈ རྗེ་རེད་མདའ་བས་སྙིམ་པའི་མེ་ཏོག་གི་འཆད་ཉན་ཨེ་ཚུགས་གཟིགས་གསུང་བའི་ཞུ་ལན་ས་སྐྱ་པ་ངག་དབང་གྲགས་པའི་ཞུ་ལན་དུ་གནང་བ། བཤེས་གཉེན་སྦ་བ་ལ་གནང་བ། བསྔོ་བའི་རིམ་པ་རྣམས་བཞུགས།

     ༈ བསྟན་པ་རིན་པོ་ཆེའི་མངའ་བདག་འདྲེན་མཆོག་རིན་པོ་ཆེའི་སྤྱན་སྔར། བློ་བཟང་གྲགས་པས་ཞུ་བ། སྐུ་ཁམས་རིན་པོ་ཆེ་འགྲོ་བའི་བསོད་ནམས་ཀྱི་ཞིང་དུ་བརྟན་པའི་སྐབས་ནས། བཀའ་ཤོག་གནང་བ་འཕྲོད་པ་ཐུགས་ལ་བཏགས། འདིར་ཡང་བླ་མ་དཀོན་མཆོག་གི་ཐུགས་རྗེ་ལ་བརྟེན་ནས་བདེ་བར་བྱུང་ལགས། སྐབས་ཀྱི་ཞུ་བ་དཔལ་གསང་བ་འདུས་པ་ལ་ལུགས་གསུམ་གྱི་རྣམ་དབྱེ་བྱུང་བའི་ཚུལ་དགོངས་པ་ལྟར་གནང་བས་ཤིན་ཏུ་ཡ་མཚན་ལགས། མཁས་པ་ཤཱནྟི་བའི་ལུགས་དེ་སྔ་གོང་ཞུས་པ་བཞིན་འགྲེལ་པ་དེའི་ལུང་ཙམ་ཡང་མ་ཐོབ་པས་དེ་ལ་ཡིག་འཇོག་དང་བཤད་ཉན་བྱས་ཀྱང་མང་པོའི་ཁ་སྨྲ་བ་ཅིག་དང་ཕན་ཆེར་མེད་པ་ཅིག་ལས་མི་ཡོང་བར་སྣང་བས་དེ་ལྟར་བྱེད་པ་མ་བྱུང་ལགས། སྤྱིར་བཀའ་སྩལ་ལ་མ་གུས་པ་མ་ལགས། དེ་ལྟར་དགོངས་པ་ཐུགས་ལ་འདོགས་པར་ཞུ། རྩ་རྒྱུད་ཀྱི་ལེའུ་དང་བོས་མདོར་བསྟན་པའི་དོན་ལེའུ་ཕྱི་མ་བཅུ་དྲུག་གིས་རྒྱས་པར་བཤད་པ་རྣམས་བསྙེན་སྒྲུབ་ཡན་ལག་བཞིར་བསྡུས་པ་ཅིག་འཕགས་ལུགས་ལའང་ངེས་པར་ཡོད་ལ། དེ་ཡང་ཡན་ལག་བཞི་རེ་རེ་ལ་ལེའུ་བཞི་བཞིར་བྱས་ནས་འཆད་པའི་ཚུལ་འཕགས་པ་ཡབ་སྲས་དང་ཟླ་བ་གྲགས་པ་ནས་བརྒྱུད་པའི་མན་ངག་ལ་བརྟེན་ནས་ནཱ་རོ་པ་མིང་གཞན་སྙན་གྲགས་བཟང་བོའི་རྒྱུད་ཕྱི་མའི་འགྲེལ་བ་འདི་ཤིན་ཏུ་ལེགས་པ་ཅིག་འདུག་པ། དེའི་ལུང་སྐོར་སྔར་ཐོབ་པས་དེའི་སྟེང་ནས་ཡིག་འཇོག་ཅིག་དང་བཤད་པ་ཅིག་ཨེ་ཡོང་སྙམ་པ་སྔ་རབས་ནས་ཡོད་པས་ད་དུང་རྩོལ་བ་བྱེད་པར་བདོག་ལགས། སྙིམ་པའི་མེ་ཏོག་གིས་བསྐྱེད་རིམ་བསྙེན་སྒྲུབ་ཡན་ལག་བཞིར་བསྡུས་པའི་རེ་རེའི་དོན་རྩ་རྒྱུད་ལེའུ་བཞི་བཞིར་འཆད་པ་ཡང༌། དང་བོ་བསྙེན་སྒྲུབ་བཞིའི་སྒྲ་དོན་ལ་བརྟེན་ནས་སོ་སོའི་མཚན་ཉིད་རྒྱུད་དང་འགྲིག་པའི་ངེས་པ་ཐོབ་པ་རེ་བྱུང་ནས། དེ་ནས་རྩ་རྒྱུད་ཀྱི་ལེའུ་བཞི་བཞིས་དེ་རྣམས་སྟོན་པར་སྦྱར་བ་ན། ལེའུ་དེ་དག་ལས་དོན་དེ་སྟོན་པར་ཤིན་ཏུ་གསལ་བ་རེའི་ངེས་པ་ཐོབ་དགོས་པར་སྣང་ནའང༌། འགྲེལ་བ་དེ་ལས་ངེས་པ་དེ་རྙེད་དཀའ་བར་སྣང་ཞིང༌། གཞན་ལས་ཀྱང་དེའི་ངེས་པ་སྟེར་བ་མི་སྣང་བས་ཤིན་ཏུ་དཀའ་བར་སྣང༌། རྫོགས་རིམ་བསྙེན་སྒྲུབ་ཡན་ལག་བཞིར་སྡུད་པའི་སྦྱོར་བ་ཡན་ལག་དྲུག་གི་ལམ་སྒོམ་ཚུལ་དེར་བཤད་པ་རྣམས་ལའང་ལུགས་དེས་རྫོགས་རིམ་མཐར་ཐུག་པར་ནི་འདོད་དགོས་ལ། དེ་ལྟ་ན་དེས་རྫོགས་རིམ་གྱིས་ལུས་ལ་གནད་དུ་བསྣུན་པའི་ཚུལ་མཐར་ཐུག་པར་འདི་ལྟར་འགྱུར་ཞེས་པའི་དོན་ཡང་གཞུང་དེ་ལས་ངེས་པ་ཤིན་ཏུ་ཐོབ་དཀའ་བར་སྣང་ངོ༌། །དེ་ཕྱིར་འབྲུ་ནོན་རེ་ཙམ་དང༌། བསྐྱེད་རིམ་གྱི་ཆོག་ཁྲིགས་ཙམ་དང༌། རྫོགས་རིམ་གྱི་དམིགས་པ་ཇི་ལྟར་འཛིན་པའི་ཚུལ་ཙམ་ཤེས་པར་སྣང་ཡང༌། ལུགས་དེའི་གནད་མཐར་གཏུགས་པ་བཤད་པའི་སྒོ་ནས་བློ་གྲོས་ཆེན་པོ་དང་ལྡན་པ་རྣམས་དགའ་བ་བསྐྱེད་ནུས་པའང་ཤིན་ཏུ་དཀའ་བར་སྣང་ལགས་པས་དགོངས་པར་ཞུ། རྒྱུ་མཚན་ཞིབ་པར་སྒྲུབ་པ་དཔལ་བས་ངག་ཏུ་འབུལ་བར་བདོག་ལགས། ཟླ་བ་གསུམ་པའི་ཚེས་གཅིག་ལ་ཕུལ་བའི་ཞུ་ཡིག་གཟིགས་པའི་རྟེན་མཚོན་པར་ཇ་དཀར་ཞོ་གང་ཕུལ་ལགས། འདི་ནི་རྗེ་རེད་མདའ་བས་སྙིམ་པའི་མེ་ཏོག་གི་འཆད་ཉན་ཞིག་ཨེ་ཚུགས་གཟིགས་གསུང་བའི་ལན་དུ། རྗེ་ཐམས་ཅད་མཁྱེན་པས་མཛད་པའོ།། །།

 

སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས་བཏུས་ཏེ་བསྒྲིགས། ༢༠༡༧།༠༦།༠༧ལ།

དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་བྱ་དགོས་ཚེ་རྩོམ་ཁུངས་ཁ་གསལ་འགོད་དགོས།

 

ཤོག་ངོས་འདི་ཐེངས་ 155 བཀླགས་འདུག མཐའ་མའི་བསྐྱར་བཅོས། Fri, 16/06/2017, 14:43
ཚད་གཞི།:
(0 འོས་འཕེན། )
སྤྱི་ཚོགས་འབྲེལ་མཐུད་དྲྭ་གནས་ཁག :