ཤོག་ངོས་འདི་པར་འདེབས།
དྲ་ཐོག་འཇུག་དུས། 2026 ལོའི་ཟླ་བ། Jun ཚེས། 30 རེས་གཟའ། Tue

༸སྐྱབས་རྗེ་བྱ་དོ་རིན་པོ་ཆེ་མཆོག་གིས་སེར་བྱེས་སུ་རྟ་མགྲིན་ཆོས་སྐོར་གྱི་དབང་ལུང་ཁྲིད་གསུམ་གནང་བ།

དྲ་འཇུག་པ།
ཚད་གཞི།
(1 འོས་འཕེན། )

གསང་ཆེན་བསྟན་པའི་མཛོད་འཛིན་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་དང་། སྐུ་བཅར་རྩེ་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་གཉིས་ཀྱི་མཁན་ཟུར། བསྟན་པའི་གསལ་བྱེད་༸སྐྱབས་རྗེ་བྱ་དོ་རིན་པོ་ཆེ་རྗེ་བཙུན་བསྟན་འཛིན་འབྱུང་གནས་དཔལ་བཟང་པོ་མཆོག་ལ་སེར་བྱེས་གྲྭ་ཚང་ནས་ཇི་ལྟར་གསོལ་བ་བཏབ་དོན་བཞིན། བོད་རྒྱལ་ལོ་༢༡༥༣ཕྱི་ལོ་༢༠༢༦ཟླ་༦ཚེས་༡༧ནས་ཚེས་༣༠བར། སེར་བྱེས་མཁན་སྙན་གྲྭ་ཚང་གི་གཙུག་ལག་ཁང་དུ། གྲྭ་ཚང་འདི་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ལྷག་པའི་ལྷ་མཆོག་བཅོམ་ལྡན་འདས་པདྨ་ཡང་གསང་ཁྲོས་པའི་ཆོས་སྐོར་རྟ་པོད་དུ་གྲགས་པ་དང་སོག་པོ་ཁལ་ཁ་དམ་ཚིག་རྡོ་རྗེའི་གསུང་རྟ་མགྲིན་གྱི་ཆོས་སྐོར་བཅས་ལས་ལུང་སྣ་ཚོགས་དང་། སྔོན་འགྲོའི་ཁྲིད་ཡིག །དམིགས་རིམ། བསྐྱེད་རིམ་དང་རྫོགས་རིམ་ཀྱི་ཁྲིད་བཅས་གནང་བ་དང་། ཕྱི་ཚེས་༢༤བོད་ཟླ་ལྔ་པའི་ཚེས་བཅུ་དང་སློབ་དཔོན་གྱི་དུས་ཆེན་ཁྱད་པར་ཅན་དང་གཟའ་ལྷག་པ་བཅས་མ་བསྒྲིགས་ལྷུན་གྲུབ་ཏུ་བྱུང་བའི་དུས་ཚེས་བཟང་པོར་བཅོམ་ལྡན་འདས་དཔལ་རྟ་མགྲིན་ཡང་གསང་ཁྲོས་པའི་དབང་གི་སྟ་གོན་དང་འབྲེལ་རྟ་མགྲིན་གཏོར་དབང་། ཚེས་༢༥ཉིན། རྟ་མགྲིན་ཡང་གསང་གི་དབང་ཆེན་དང་གིང་ལྔའི་རྗེས་གནང་། ཚེས་༢༦ཉིན། ༸གོང་ས་ལྔ་པ་ཆེན་པོ་ལ་མགོན་པོ་ཀླུ་སྒྲུབ་ཀྱི་ཞལ་གཟིགས་ནས་དབང་བསྐུར་བར་མཛད་པ་ལས་བརྒྱུད་པ་རྟ་མགྲིན་ཡང་གསང་གི་ཉེ་བརྒྱུད་ཐུན་མོང་མ་ཡིན་པའི་དབང་དང་གཟའ་གདོང་རྗེས་གནང་། ཚེས་༢༧ཉིན། ༸གོང་ས་ལྔ་པ་ཆེན་པོ་ལ་སློབ་དཔོན་པདྨ་འབྱུང་གནས་ཀྱི་ཞལ་གཟིགས་ཤིང་དབང་བསྐུར་བར་མཛད་པ་ལས་བརྒྱུད་པ་རྟ་མགྲིན་ཁམས་གསུམ་ཟིལ་གནོན་གྱི་དབང་དང་ལྕམ་སྲིང་གཙོ་འཁོར་གྱི་རྗེས་གནང་། ཚེས་༢༨ཉིན། ༸གོང་ས་ལྔ་པ་ཆེན་པོ་ལ་རྩ་གསུམ་ལྷ་ཡིས་ཞལ་གཟིགས་ནས་གནང་བའི་རྟ་མགྲིན་དམ་སྲི་ཟིལ་གནོན་གྱི་དབང་དང་རྫོང་ཆུང་ཚེ་དབང་ངམ་ཚེ་རྟ་ཟུང་འབྲེལ་གྱི་དབང་གནང་། ཚེས་ཉེར་༢༩ཉིན་ཁྲིད་རྣམས་ཡོངས་སུ་གྲུབ་ཅིང་ལྕམ་སྲིང་གི་བེའུ་བུམ་གྱི་ལུང་ཡང་གནང་། ཚེས་༣༠ ཉིན། ལྕམ་སྲིང་གི་བེའུ་བུམ་གྱི་ལུང་གི་འཕྲོ་ནས་ཁོང་ཉིད་ལ་ལུང་རྒྱུན་གང་ཡོད་ཆ་ཚང་བ་གནང་གྲུབ་སྟེ་བསྟན་འགྲོར་ཕན་པའི་བཀའ་སློབ་ལམ་སྟོན་དང་བཅས་ཐེངས་འདིའི་ཉིན་གྲངས་བཅུ་བཞིའི་རིང་གི་ཆོས་འབྲེལ་ལེགས་པར་གྲུབ་བོ།།

༈ ཉིན་དེ་དག་གི་རིང་ལ་རྟ་མགྲིན་ཆོས་སྐོར་གྱི་དབང་ལུང་ཁྲིད་གསུམ་གནང་བའི་བར་མཚམས་རྣམས་སུ་ཞལ་འདོན་སོགས་ཁག་ཅིག་གི་ལུང་གནང་བ་གཤམ་གསལ།
1. དགེ་སློང་གི་བསླབ་བྱའི་རྣམ་གཞག་ཐུབ་དབང་ཞལ་ལུང་གི་ལུང་།
2.ཐུབ་བསྟན་རིས་མེད་རྒྱས་པའི་སྨོན་ལམ་དྲང་སྲོང་བདེན་པའི་དབྱངས་སྙན་(སྐུ་བཞིའི་བདག་ཉིད་མ།)གྱི་ལུང་།
3.སློབ་དཔོན་ཐུགས་རྗེ་ཅན་གྱི་ཐུགས་དམ་གནད་བསྐུལ་གདུང་དབྱངས་གསོལ་འདེབས་(མཐའ་བྲལ་དོན་དམ་མ།)ཀྱི་ལུང་།
4.དཔལ་ན་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་(འགྲོ་ལ་ཕན་བཞེད་མ)ཀྱི་ལུང་།
5.སྤྱན་རས་གཟིགས་ཀྱི་བླ་མའི་རྣལ་འབྱོར་གྲུ་འཛིན་ཞིང་གི་ཐེམ་སྐས་ཀྱི་ལུང་།
6.༸རྒྱལ་མཆོག་ལྔ་པ་ཆེན་པོའི་དག་སྣང་གསང་བ་རྒྱ་ཅན་གྱི་གྲས་ཉེ་བརྒྱུད་ཐུན་མོང་མ་ཡིན་པ་རྟ་མགྲིན་ཡང་གསང་ལྷ་དགུའི་བརྒྱུད་འདེབས་ཀྱི་ཞལ་སྐོང་གི་ལུང་། (གོང་གསལ་ཁག་དྲུག་པོ་༸གོང་ས་རྒྱལ་བའི་དབང་པོ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་མཛད་པའོ།།)
7.པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་གསུང་གསུར་བསྔོའི་ལུང་།
8.སེར་བྱེས་ཆོས་རའི་ཆོས་སྤྱོད་རྣམས་ཀྱི་ལུང་།
9.སེར་བྱེས་ཡི་དམ་ཆོས་སྲུང་ཁག་གི་གཏོར་བསྔོས་རྣམས་ཀྱི་ལུང་།
10.གཙུག་ཏོར་གདུགས་དཀར་མོའི་མདོའི་ལུང་།
11.ཤེས་རབ་སྙིང་པོའི་ལུང་།
12.གཙུག་ཏོར་རྣམ་པར་རྒྱལ་མའི་གཟུངས་ཀྱི་ལུང་།
13.སྒྲོལ་བསྟོད་ཕྱག་འཚལ་ཉེར་གཅིག་མའི་ལུང་།
14.རྗེ་བཙུན་གྲགས་པ་རྒྱལ་མཚན་གྱིས་མཛད་པའི་སྒྲོལ་མའི་འདོད་གསོལ་གྱི་ལུང་།
15.རྒྱལ་བ་དགེ་འདུན་གྲུབ་ཀྱིས་མཛད་པའི་སྒྲོལ་བསྟོད་ལེགས་བྲིས་མའི་ལུང་།
16.མཁས་གྲུབ་སྨྲ་བའི་ཉི་མས་མཛད་པའི་རྒྱལ་ཚབ་ཆོས་རྗེའི་བསྟོད་པ་དཔལ་ལྡན་ཡོན་ཏན་མའི་ལུང་།
17.བསྟན་འབར་མའི་ལུང་།
18.རྒྱལ་བའི་ཞབས་བརྟན་གསོལ་འདེབས་རབ་འབྱམས་རྒྱལ་བ་མའི་ལུང་།
19.གསོལ་འདེབས་བསམ་པ་ལྷུན་འགྲུབ་མའི་ལུང་།
20.གསོལ་འདེབས་བར་ཆད་ལམ་སེལ་གྱི་ལུང་།
21.གསོལ་འདེབས་བསམ་པ་མྱུར་འགྲུབ་ཀྱི་ལུང་།.
22.བསྟན་པའི་གསལ་བྱེད་བྱ་དོ་རིན་པོཆེ་ཁོང་རང་ཉིད་ནས་མཛད་པའི་བཅོམ་ལྡན་འདས་དཔལ་རྟ་མགྲིན་ཡང་གསང་ཁྲོས་པའི་རྒྱུན་འཁྱེར་གྱི་ལུང་།

སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་ཁང་ནས། ཕྱི་ལོ་༢༠༢༦ཟླ་༦ཚེས་༣༠ལ།

ཤོག་ངོས་འདི་ལ་ཐེངས་ 16 གཟིགས་འདུག མཐའ་མའི་བསྐྱར་བཅོས། 2026 ལོའི་ཟླ་བ། Jun ཚེས། 30 རེས་གཟའ། Tue
རིག་མཛོད་རྩོམ་སྒྲིག་པ།

དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག་སྟབས་བདེའི་རང་བཞིན་ཅན་གྱི་གློག་ཀླད་དང་ལག་ཐོག་ཁ་པར་ཆེ་ཆུང་(Laptop, iPad, iPod iPhone & Android) གང་ཡིན་ཐོག་ཏུ་རང་རང་གི་ཐུགས་འདོད་ལྟར་ཕབ་ལེན་དང་གསན་གཟིགས་གནང་རོགས། 

དྲ་ཚིགས།: www.serajeyrigzodchenmo.org  ཡིག་འབྲེལ་དྲ་བྱང་། serajeyrigzodchenmo@gmail.com

གསར་ཤོས་དག ། རིག་མཛོད་རྩོམ་སྒྲིག་པ།

འབྲེལ་ཡོད་དག