དྲ་ཐོག་འཇུག་དུས། 2022 ལོའི་ཟླ་བ། Nov ཚེས། 13 རེས་གཟའ། Sun

མཁན་ཆེན་ངག་དབང་རྒྱ་མཚོ།

ཚད་གཞི།
(0 འོས་འཕེན།)

སེར་བྱེས་མཁན་རབས་རེ་གཉིས་པ་ངག་དབང་རྒྱ་མཚོ་མཆོག་ནི། ཕྱི་ལོ་༡༨༩༨ཙམ་ལ་བོད་དར་རྒྱས་དགོན་དང་ཉེ་བར་སྐུ་འཁྲུངས། མཚན་ངག་དབང་རྒྱ་མཚོར་གསོལ། སྐུ་ན་ཆུང་དུས་ནས་དར་རྒྱས་དགོན་པར་ཞུགས་ཏེ་ཡི་གེ་སྦྱོར་ཀློག་སོགས་དང་ཆོས་སྤྱོད་ཁག་བློ་འཛིན་གནང་།
དེ་ནས་རིང་མིན་དབུས་སུ་ཕེབས་ཏེ་སེར་བྱེས་མཁས་སྙན་གྲྭ་ཚང་དུ་ཆོས་ཞུགས་གནང་སྟེ་དགེ་བཤེས་བྱམས་པ་མཁས་གྲུབ་སོགས་བསྟེན་ནས་གཞུང་ཆེན་ཁག་ལ་གསན་གསམ་སློབ་གཉེར་གནང་ཞིང་། འཛིན་གྲྭ་བཅུ་གསུམ་རིམ་བགྲོད་ཀྱིས་གླིང་བསྲེ་དགེ་བཤེས་ཀྱི་མཚན་རྟགས་བཞེས།
དེ་ནས་གྲྭ་ཚང་གི་དགེ་བཤེས་གཞོན་གྲས་དང་དགེ་བསྐོས་ལ་མ་བཞེངས་ཀྱང་སེར་བྱེས་མཁན་པོའི་ཕྱག་རྟགས་སྩལ་བ་ལྟར་སེར་བྱེས་མཁས་སྙན་གྲྭ་ཚང་གི་མཁན་ཁྲིར་ཕེབས་ཏེ་ཆོས་སྲིད་གཉིས་ཐད་ནས་དྲིན་གྱིས་བསྐྱངས།
༡༩༤༤ ལོར་རྒྱུ་རྐྱེན་འགའ་ཞིག་གིས་འཁྲུངས་ཡུལ་གྱི་ཕྱོགས་སུ་ཕེབས་ཤིང་དེར་ལོ་མང་རིང་ཉམས་བཞེས་སྒོམ་སྒྲུབ་གནང་བཞིན་བཞུགས་ན་ཡང་། ༡༩༤༩ ལོ་ནས་རྒྱ་མིའི་དབང་བསྒྱུར་གྱི་འོག་ཏུ་ཕྱི་ལ་མི་ཕེབས་ཀ་མེད་བྱུང་ཞིང་། དབང་སྒྱུར་བའི་བཀའ་བཀོད་ལྟར་ཚོགས་འདུ་གང་མང་ལ་ཕེབས་དགོས་བྱུང་བ་དང་། དབང་མེད་ཀྱིས་གོ་གནས་ཀྱང་འཁུར་དགོས་བྱུང་།
༡༩༥༤ ལོར་༧སྐྱབས་མགོན་རྒྱལ་བ་ཡབ་སྲས་རྣམ་གཉིས་རྒྱ་ནག་ཏུ་གཟིགས་བསྐོར་ལ་ཕེབས་སྐབས་༧གོང་ས་མཆོག་ལ་མཇལ་བཅར་ཞུས་པ་དང་། རྗེས་སུ་ལྷ་སར་ཕེབས་ཏེ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གི་དབང་ཆེན་ཞུས་པར་ལྷ་ལྡན་ནོར་བུ་གླིང་ཁར་སྐྱ་སེར་མང་པོར་ཐུགས་དགྱེས་པ་ཆེན་པོས་སྩལ་གནང་མཛད། དེ་ནས་ཕྱིར་རང་ཡུལ་དུ་ཕེབས། [འདས་དུས་སོགས་ཁ་གསལ་མ་རྙེད། ]

༢༠༡༥.༠༨.༠༦ ལ་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས་བཏུས་བསྒྲིགས་བྱས།

དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་བྱ་དགོས་ཚེ་[སེར་བྱེས་རིག་མཛོད་ཆེན་མོ་ལས་དྲངས་]ཞེས་རྩོམ་ཁུངས་ཁ་གསལ་འགོད་དགོས།

ཤོག་ངོས་འདི་ལ་ཐེངས་ 5365 གཟིགས་འདུག མཐའ་མའི་བསྐྱར་བཅོས། 2023 ལོའི་ཟླ་བ། Nov ཚེས། 16 རེས་གཟའ། Thu