དྲ་ཐོག་འཇུག་དུས། 2022 ལོའི་ཟླ་བ། Nov ཚེས། 13 རེས་གཟའ། Sun

མཁན་ཆེན་བློ་བཟང་དོན་ཡོད།

ཚད་གཞི།
(0 འོས་འཕེན།)

སེར་བྱེས་མཁན་རབས་རེ་བདུན་པ་བློ་བཟང་དོན་ཡོད་མཆོག་ནི། བོད་ཀྱི་རྒྱལ་ས་ལྷ་སར་སྐུ་འཁྲུངས་པ་དང་། སྐུ་གཞོན་ནུའི་དུས་ནས་སེར་བྱེས་གྲྭ་ཚང་དུ་ཆོས་ཞུགས་དང་། གཞུང་ཆེན་རྣམས་ལ་ཐོས་བསམ་སློབ་གཉེར་མཐར་ཕྱིན་གནང་སྟེ་གླིང་བསྲེ་དགེ་བཤེས་ཀྱི་དམ་འཇོག་གནང་།

དེ་ནས་རིང་མིན་སེར་བྱེས་གྲྭ་ཚང་གི་དབྱར་ཁའི་དགེ་བསྐོས་དང་། གྲྭ་ཚང་གིས་སྟོད་མཐོ་ལྡིང་དགོན་ཀྱི་མཁན་པོར་བསྐོ་བཞག་གནང་བ་ལྟར་ལོ་དྲུག་གི་རིང་གནས་དེར་བསྟན་འགྲོར་སྨན་པའི་མཛད་པ་བསྐྱངས། དེ་རྗེས་སེ་རར་ཕེབས་ཏེ་བསྙེན་མཚམས་ལ་ཡུན་རིང་བཞུགས།
༡༩༥༨ ལོར་སེར་བྱེས་མཁན་རིན་པོ་ཆེ་བློ་བཟང་དབང་ཕྱུག་མཁན་པོ་བརྗེས་ཚབ་ཏུ་སེར་བྱེས་མཁས་སྙན་གྲྭ་ཚང་གི་མཁན་པོའི་ཕྱག་རྟགས་ཕེབས་ཀྱང་རྒྱ་བོད་དུས་ཟིང་གི་རྐྱེན་གྱིས་ཁྲི་འདོན་གནང་མ་ཐུབ། ༡༩༥༩ ལོར་འཕགས་ཡུལ་དུ་ཕེབས་ཞོར་ལྷོ་པ་རྒན་བླ་མ་དཀོན་མཆོག་དང་ལྷན་དུ། སྐྱིད་གྲོང་ཇོ་བོ་ཝ་ཏི་བཟང་པོ་ཞེས་པའི་རྟེན་གཙོ་བྱིན་རླབས་ཅན་དེ་ཉིད་ཀྱང་འཕགས་ཡུལ་དུ་གདན་འདྲེན་ཞུས།
༡༩༦༡ ལོར་གནས་མཆོག་རྡོ་རྗེ་གདན་དུ་སྨོན་ལམ་ཆེན་མོ་ཚོགས་སྐབས། ཁོང་ཉིད་སེར་བྱེས་མཁས་སྙན་གྲྭ་ཚང་གི་མཁན་པོར་ཁྲི་གསོལ་གྱི་མཛད་སྒོ་བསྐྱངས། སྦག་སར་བཞུགས་སྐབས་སློབ་གཉེར་བ་རྣམས་ལ་གཞུང་གི་དཔེ་ཆ་ཤིན་ཏུ་དཀོན་པར་བརྟེན། ཁོང་གིས་མཁན་དྲུང་ངག་དབང་དོན་གྲུབ་བསྐུལ་ཏེ་འགྲེལ་པ་དོན་གསལ་གྱི་པར་ཤིང་སྤུས་ལེགས་གསར་བསྐྲུན་མཛད། དགུང་གྲངས་བརྒྱད་ཅུ་གྱ་གཅིག་གི་སྐབས་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་པར་གྲགས།

༢༠༡༥.༠༨.༠༦ ལ་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས་བཏུས་བསྒྲིགས་བྱས།

དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་བྱ་དགོས་ཚེ་[སེར་བྱེས་རིག་མཛོད་ཆེན་མོ་ལས་དྲངས་]ཞེས་རྩོམ་ཁུངས་ཁ་གསལ་འགོད་དགོས།

ཤོག་ངོས་འདི་ལ་ཐེངས་ 5255 གཟིགས་འདུག མཐའ་མའི་བསྐྱར་བཅོས། 2023 ལོའི་ཟླ་བ། Nov ཚེས། 16 རེས་གཟའ། Thu