དྲ་ཐོག་འཇུག་དུས། 2022 ལོའི་ཟླ་བ། Nov ཚེས། 13 རེས་གཟའ། Sun

མཁན་ཆེན་བློ་བཟང་བདེ་ལེགས།

ཚད་གཞི།
(0 འོས་འཕེན།)

སེར་བྱེས་མཁན་རབས་དོན་བཞི་པ་བློ་བཟང་བདེ་ལེགས་མཆོག་ནི། ཕྱི་ལོ་༡༩༣༩ ལོའི་ཟླ་༡ཚེས་༥ཉིན་དཀར་མཛེས་མདའ་མདོ་གྲོང་དུ་སྐུ་འཁྲུངས།
འཁྲུངས་གསར་རྡོ་རྗེ་འཆང་བློ་བཟང་དཔལ་ལྡན་གྱིས་བློ་བཟང་བདེ་ལེགས་ཞེས་པའི་མཚན་གནང་། དགུང་ལོ་བདུན་གྱི་སྐབས་དགེ་རྒན་བཀྲ་རྒྱམ་ཀློག་གི་སློབ་དཔོན་དུ་བསྟེན་ནས་གཞུང་ཆེན་ཐུགས་འཛིན་དང་། དེ་ནས་དཀར་དགོན་མཚན་ཉིད་གྲྭ་ཚང་གི་ཆོས་སྒོར་ཞུགས་སྐབས་མཚན་ཉིད་གྲྭ་ཚང་གི་སློབ་གྲྭ་འཛུགས་པ་དང་སྟབས་འགྲིག་པ་བྱུང་བས་སློབ་གྲྭར་ཞུགས།
དགུང་ལོ་བཅུ་གཅིག་གི་སྐབས་འཁྲུངས་གསར་རྡོ་རྗེ་འཆང་ལས་དགེ་ཚུལ་གྱི་སྡོམ་པ་ཞུས་ཏེ་མཚན་ལ་ངག་དབང་བཟོད་པ་གསོལ། དགུང་ལོ་བཅུ་བདུན་གྱི་སྐབས་དབུས་སུ་ཕེབས་ཏེ་སེར་བྱེས་གྲྭ་ཚང་གི་མཁན་རིན་པོ་ཆེ་རྗེ་བཙུན་བློ་བཟང་དབང་ཕྱུག་མཆོག་ལ་གསར་མཇལ་ཞུས་ཏེ་གྲྭ་ཚང་དུ་ཆོས་ཞུགས་དང་། རྗེ་བཙུན་རྡོ་རྗེ་བཀྲ་ཤིས་མཆོག་དགེ་རྒན་དུ་བསྟེན་ཏེ་དཔེ་ཁྲིད་ཞུས་ཤིང་གཞུང་ཆེན་སློབ་གཉེར་གནང་།
༡༩༥༩ ལོར་སྨར་སྒོ་ལ་བརྒྱུད་མ་སུ་རིར་འབྱོར་ཤིང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ལྟར་སྦག་སར་ཕེབས་ཏེ། སེར་བྱེས་མཁན་ཟུར་རིན་པོ་ཆེ་བློ་བཟང་དབང་ཕྱུག་མཆོག་དང་། རྗེ་བཙུན་རྡོ་རྗེ་བཀྲ་ཤིས་མཆོག །རྗེ་བཙུན་སྐལ་བཟང་རྣམ་རྒྱལ་སོགས་བསྟེན་ཏེ་དབུ་ཕར་འདུལ་མཛོད་ཚད་མ་སོགས་རྩ་འགྲེལ་དང་སྤྱོད་འཇུག་ཆེན་མོ། དྲང་ངེས་ལེགས་བཤད་སྙིང་པོ་སོགས་ཐུགས་འཛིན་གནང་སྟེ། མུ་མཐུད་ནས་སློབ་གཉེར་གནང་།
༡༩༦༨ ལོར་དགུང་ལོ་ཉེར་བརྒྱད་ལ་ཕེབས་སྐབས་རྡ་སའི་གཙུག་ལག་ཁང་དུ་༧གོང་ས་མཆོག་གི་མདུན་ནས་བསྙེན་རྫོགས་ཀྱི་སྡོམ་པ་ཞུས། རྗེ་བཙུན་བློ་བཟང་དབང་ཕྱུག་སོགས་ལས་དབང་བཀའ་སོགས་གསུང་ཆོས་གང་མང་ཞུས། ༡༩༦༩ལོའི་ཟླ་༡༢ པར་འདུས་མང་ལྷན་དུ་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ས་གནས་སུ་གནས་སྤོར་མཛད་དེ། དགོན་པའི་རྨང་འདིང་པ་སོགས་ཀྱི་ཆེད་དུ་ལོ་ཤས་རིང་[ད་ལྟའི་དགོན་གྲོང་ཆགས་ས་འདིར་སྐབས་དེར་ཤིག་ནགས་ཀྱིས་ཁྱབ་ཡོད།] ཤིང་ནགས་གཅོད་འབྲེག །ཞིང་ལས། གཙུག་ལག་ཁང་དང་བཞུགས་ཤག་གསར་སྐྲུན་སོགས་སྐབས་དེའི་སྦག་ས་ནས་ཕེབས་པའི་དགེ་འདུན་དམངས་དང་ལྷན་དུ་སྐུ་ངལ་ཚད་མེད་བསྐྱོན།
དེ་ནས་སློབ་གཉེར་གསར་འཛུགས་ཀྱི་སྐབས་སུ། སློབ་གཉེར་བའི་གྲས་སུ་ཚུད་དེ་མུ་མཐུད་ནས་གཞུང་ཆེན་ལ་སློབ་གཉེར་གནང་། བར་སྐབས་ཤིག་གློ་གཅོང་གི་ན་ཚའི་རྐྱེན་གྱིས་བྷོམ་བྷེར་སྨན་ཁང་དུ་ལོ་གཅིག་ཙམ་ལ་བཞུགས་དགོས་བྱུང་བ་ན། མཁན་ཟུར་རིན་པོ་ཆེ་རྗེ་བཙུན་བློ་བཟང་དབང་ཕྱུག་མཆོག་གིས་སྨན་ཁང་ནས་གང་མགྱོགས་འོང་དགོས་པའི་བཀའ་གནང་པ་གསན་པས། སེ་རར་ཕེབས་པ་ན་མཁན་ཟུར་རིན་པོ་ཆེས་ད་སྨན་ཁང་དུ་བསྐྱར་དུ་འགྲོ་མི་དགོས། སྔོན་ཆད་ཆོས་ཀྱི་དོན་དུ་སྲོག་བཏང་མྱོང་མེད། ད་དཔེ་ཆ་ཁྲིད་དེ། ཆོས་ཀྱི་དོན་དུ་སྲོག་ཐེངས་གཅིག་གཏོང་ཐུབ་ན་སྐལ་བ་བཟང་པོ་རེད་ཅེས་བཀའ་ཕེབས་པ་བཞིན་དེ་ནས་བཟུང་སྟེ་སེ་རར་རྒྱུན་བཞུགས་གནང་ཞིང་། མཁན་ཟུར་རིན་པོ་ཆེའི་བཀའ་ལྟར་སློབ་གཉེར་བ་རྣམས་ལ་དཔེ་ཁྲིད་གནང་བ་དང་། སེ་ར་བྱེས་སྨད་གཉིས་དང་། སྨད་རྒྱུད་གྲྭ་ཚང་། རྫོང་དཀར་ཆོས་སྡེ་སོགས་ཀྱི་སློབ་གཉེར་བའི་ཁྲོད་ནས་སློབ་མ་ཡང་རིམ་གྱིས་འཕེལ།
༡༩༨༢ ལོར་ལོ་བདུན་རིང་གི་དགེ་ལུགས་རྒྱུགས་སྤྲོད་རྫོགས་ཏེ་ལྷ་རམས་ཨང་དང་པོའི་མཚན་གནས་བཞེས་ཤིང་། རྒན་དབུ་མ་འཇུག་པ་ཞེས་པའི་མཚན་གནས་གཞན་ཞིག་ཀྱང་གདན་སའི་མཁས་དབང་ཚོའི་ཁྲོད་ནས་རིམ་གྱིས་རྒྱས་ཏེ་གདན་སའི་མཁས་པ་དང་སློབ་གཉེར་བའི་ཁྲོད་ན་གྲགས་པ་ཆེ། ༡༩༨༥ ལོར་རྡོ་རྗེ་གདན་དུ་༧གོང་ས་མཆོག་གི་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གྱི་སྐབས། གདན་ས་གསུམ་གྱིས་བཀོད་སྒྲིག་གནང་བ་ལྟར་ལོ་དེའི་དགེ་བཤེས་རྣམས་དང་ལྷན་དུ་རིས་མེད་ཀྱི་དགེ་འདུན་འདུས་པ་རྒྱ་མཚོའི་སྤྱན་སྔར་དམ་འཇོག་གནང་།
༡༩༨༨ ལོའི་ཟླ་བཅུ་པར་གནས་མཆོག་ཝཱ་ར་ཎཱ་སར་ཡང་གདན་ས་གསུམ་སོགས་ཀྱི་དགེ་འདུན་འདུས་པ་རྒྱ་མཚོའི་དབུས་སུ་ཉིན་གཉིས་ལ་གཞུང་ཆེན་གྱི་དམ་འཇོག་གནང་། ༡༩༨༩ལོར་སྨད་རྒྱུད་གྲྭ་ཚང་དུ་སྒྲིག་ཞུགས་གནང་སྟེ་སྔགས་ལ་སློབ་གཉེར་གནང་། ༡༩༨༩ལོའི་ཟླ་༡༠ཚེས་༡༨ཉིན་སེ་ར་ཐེག་ཆེན་གླིང་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་དབུས་བཞུགས་ཀྱི་དགེ་འདུན་འདུས་པའི་སྤྱན་སྔར་སྔགས་ཀྱི་རྒྱུགས་སྤྲོད་ཕུལ། དེ་ནས་གྲྭ་ཚང་གི་སློབ་གཉེར་རྒན་ཐེངས་གཉིས་ལ་གནང་།
༡༩༩༥ལོར་རྒྱུད་སྨད་གྲྭ་ཚང་གི་དགེ་བསྐོས་དང་དེ་རྗེས་སེར་བྱེས་གྲྭ་ཚང་གི་དགེ་བསྐོས་གནང་། ༡༩༩༧ལོར་བོད་དུ་ཕེབས་ཏེ་སྐལ་ལྡན་དོན་གཉེར་ཅན་མང་པོར་དམ་པའི་ཆོས་ཀྱིས་ཚིམ་པར་མཛད། ༡༩༩༨ལོར་ཕྱིར་འཕགས་ཡུལ་དུ་ཕེབས་ཏེ་སེ་རར་སྔར་བཞིན་ཕྱི་ནང་གི་དོན་གཉེར་ཅན་མང་པོར་དཔེ་ཁྲིད་དང་ལུང་ཆོས་མན་ངག་གནང་སྟེ་བཞུགས་ཤིང་། ༢༠༠༢ལོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱུད་སྨད་ཀྱི་བླ་མ་དབུ་མཛད་དུ་ཕྱག་རྟགས་ཕེབས་པ་ལྟར་ལོ་དེའི་བོད་ཟླ་༡༠ཚེས་༡༨ཉིན་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་བླ་མ་དབུ་མཛད་ཀྱི་མཛད་ཁུར་བཞེས།
༢༠༠༥ ལོའི་བོད་ཟླ་༩ཚེས་༦ཉིན་རྒྱུད་སྨད་ཀྱི་མཁན་ཁྲིར་ཕེབས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དམ་པ་འདི་ལ་སེར་བྱེས་མཁན་རིན་པོ་ཆེའི་ཕྱག་རྟགས་སྩལ་བ་ལྟར། ༢༠༡༢ལོའི་ཟླ་༥ཕྱི་ཚེས༦སེར་བྱེས་གྲྭ་ཚང་གི་མཁན་ཁྲིར་ཕེབས་ཤིང་ཆོས་སྲིད་གཉིས་ཐད་ནས་དྲིན་གྱིས་བསྐྱངས།
༢༠༡༦ ལོར་མཁན་པོ་ལས་དགོངས་ཞུ་དང་། རྒྱུན་དུ་དོན་གཉེར་ཅན་མང་པོ་དཔེ་ཁྲིད་དང་ལུང་ཆོས་མན་ངག་གིས་སྐྱོང་བཞིན་བཞུགས་པ་ལགས་སོ། །[སེར་བྱེས་ངོ་སྤྲོད་གཏེར་གྱི་ཁ་བྱང་དང་། སེར་བྱེས་ཆོས་འབྱུང་རྟ་བདུན་བདག་པོའི་འོད་ཟེར་གཉིས་ཀྱི་མཁན་གྲངས་བཀོད་སྟངས་མི་མཐུན་པར་འདུག་ན། ང་ཚོས་སྔ་མ་ལྟར་བཀོད་ཡོད།]

༢༠༡༥.༠༨.༠༦ ལ་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས་བཏུས་བསྒྲིགས་བྱས།

དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་བྱ་དགོས་ཚེ་[སེར་བྱེས་རིག་མཛོད་ཆེན་མོ་ལས་དྲངས་]ཞེས་རྩོམ་ཁུངས་ཁ་གསལ་འགོད་དགོས།

ཤོག་ངོས་འདི་ལ་ཐེངས་ 5426 གཟིགས་འདུག མཐའ་མའི་བསྐྱར་བཅོས། 2022 ལོའི་ཟླ་བ། Nov ཚེས། 13 རེས་གཟའ། Sun