gyumed ex abbots 03རྒྱུད་སྨད་མཁན་ཟུར་རིན་པོ་ཆེ་རྗེ་བཙུན་རྡོ་རྗེ་བཀྲ་ཤིས་མཆོག་ནི། ༡༩༢༩ ལོར་དཀར་མཛེས་ཕྱོགས་སུ་འཁྲུངས། དགུང་ལོ་བདུན་གྱི་སྐབས་དཀར་མཛེས་དགོན་མཚན་ཉིད་གྲྭ་ཚང་དུ་ཆོས་ཞུགས་དང་། ཡི་གེ་སྦྱོར་ཀློག་སོགས་ལ་སྦྱངས། དགུང་ལོ་བཅུ་གསུམ་པར་དགེ་ཚུལ་གྱི་སྡོམ་པ་བཞེས།
དགུང་ལོ་བཅོ་བརྒྱད་སྐབས་དབུས་སུ་ཕེབས། ༡༩༤༧ ལོར་སེར་བྱེས་མཁས་སྙན་གྲྭ་ཚང་དུ་ཆོས་ཞུགས་གནང་སྟེ། བསྡུས་གྲྭ་ནས་ཕར་ཚད་བཅས་ལ་བརྩོན་པར་མཛད།
དགུང་ལོ་ཉེར་ལྔའི་སྐབས་བྲག་རི་རྡོ་རྗེ་འཆང་ལས་བསྙེན་རྫོགས་ཀྱི་སྡོམ་པ་ཞུས། ༧གོང་ས་མཆོག་ལས་ལམ་རིམ་དམར་ཁྲིད་སོགས་མདོ་སྔགས་ཀྱི་ཆོས་མང་དུ་གསན། བྲག་རི་རྡོ་རྗེ་འཆང་སོགས་ལས་ཀྱང་ཟབ་ཆོས་གང་མང་ཞུས།
༡༩༥༩ ལོར་འཕགས་ཡུལ་དུ་ཕེབས། དགུང་གྲངས་སོ་དགུའི་སྐབས་རིགས་རམས་དགེ་བཤེས་ཀྱི་མཚན་བཏགས་བཞེས། ཝཱ་ར་ཎ་སིའི་མཐོ་སློབ་ཏུ་ཕེབས་ཏེ་ ༡༩༧༩ ལོར་ཨ་ཙཱ་རྱ་ཨང་རིམ་དང་པོའི་ཕྱག་འཁྱེར་བཞེས། དགུང་གྲངས་ང་གཅིག་པར་རྒྱུད་སྨད་གྲྭ་ཚང་དུ་ཆོས་ཞུགས་གནང་། དེ་རྗེས་ལོ་གཉིས་ཀྱི་རིང་སེར་བྱེས་གྲྭ་ཚང་གི་དགེ་བསྐོས་ཀྱི་འགན་བཞེས།
༡༩༨༥ ལོར་བོད་དུ་གཉེན་འཕྲད་དུ་ཕེབས་ཏེ་སྐུ་གསུང་ཐུགས་རྟེན་གསར་བཞེངས་དང་། སློབ་གཉེར་བ་རྣམས་ལ་དཔེ་ཁྲིད་བཀའ་སློབ་གང་མང་གནང་། ༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་ལས་ཟབ་ཆོས་དུ་མ་ཞུས། ༡༩༨༨ ལོར་རྒྱུད་སྨད་བླ་མ་དབུ་མཛད་དང་། ༡༩༩༠ ལོར་རྒྱུད་སྨད་ཀྱི་མཁན་ཁྲིར་ཕེབས། ༡༩༩༩ ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན།

༢༠༡༥.༠༨.༠༦ ལ་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས་བཏུས་བསྒྲིགས་བྱས།

དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་བྱ་དགོས་ཚེ་[སེར་བྱེས་རིག་མཛོད་ཆེན་མོ་ལས་དྲངས་]ཞེས་རྩོམ་ཁུངས་ཁ་གསལ་འགོད་དགོས།