སེར་བྱེས་མཁན་རབས་བཅོ་ལྔ་པ་འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ་མཆོག་ནི། ཕྱི་ལོ་ ༡༦༡༢ ལོར་བོད་ཀྱི་ལྷོ་སྨད་ཨེ་རིག་པའི་འབྱུང་གནས་ཀྱི་སའི་ཆར་སྐྱོགས་མཁར་ཞེས་པར་སྐུ་འཁྲུངས།
དགུང་གྲངས་བདུན་བརྒྱད་ཙམ་གྱི་དུས་ནས་ཡི་གེ་འབྲི་ཀློག་སོགས་སྦྱངས། རིམ་གྱིས་ཆུ་མིག་ལོ་ཙཱ་བའི་ཀ་ལཱ་བའི་སྟེང་ནས་སྒྲའི་རི་མོ་དང་སྙན་ངག་མེ་ལོང་། སུམ་རྟགས། གསོ་རིག་སོགས་ལ་སློབ་སྦྱོང་མཛད།
དགུང་ལོ་བཅུའི་སྐབས་༧རྒྱལ་བ་བསོད་ནམས་རྒྱལ་མཆོས་ལས་མ་གཅིག་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་དང་། ཐུགས་རྗེ་ཆེན་པོའི་སྒོམ་ལུང་། སྐྱབས་འགྲོ་སེམས་བསྐྱེད་ཞུས། ཆོས་རྗེ་སྐལ་བཟང་པ་དང་། ཆོས་རྗེ་དགེ་འདུན་བསམ་གྲུབ། ཆོས་རྗེ་སངས་རྒྱས་བློ་གྲོས་སོགས་ལས་ཀྱང་ཚེ་དབང་སོགས་གསན།
དགུང་ལོ་བཅུ་གསུམ་གྱི་སྐབས་སློབ་དཔོན་སྐལ་བཟང་རྒྱ་མཚོ་སོགས་ལས་སྔགས་རྙིང་མའི་ལུགས་ཀྱི་ཚེ་སྒྲུབ་དང་ཀརྨ་ཀཾ་ཚང་ནས་བརྒྱུད་པའི་ཚེ་དབང་སོགས་རིས་མེད་ཆོས་བརྒྱུད་ཀྱི་དམ་པ་གང་མང་ལས་ཀྱང་ཟབ་ཆོས་མང་པོ་ཞུས། ༧རྒྱལ་བ་བསོད་ནམས་རྒྱ་མཚོ་ལས་རབ་ཏུ་བྱུང་། མཚན་བསོད་ནམས་རྣམ་རྒྱལ་དུ་གསོལ། དམ་པ་དེ་ལས་ཆོས་བཀའ་མང་དུ་ཞུས།
དགུང་ལོ་བཅོ་བརྒྱད་ཀྱི་སྐབས་སུ་ཁུ་བོ་སྔགས་རྙིང་མའི་རྟོགས་ལྡན་ཞིག་ཡོད་པ་དེ་དང་ལྷན་དུ་རིག་འཛིན་ཆེན་པོ་ཉི་ཟླ་སངས་རྒྱས་ལས་ཐེག་པ་རིམ་དགུའི་ཡང་རྩེ་རྫོགས་པ་ཆེན་པོ་ཀློང་གསལ་སྙིང་ཐིག་གི་དབང་ལུང་ཁྲིད་མན་ངག་དང་བཅས་པ་གསན། སྐབས་དེར་དམ་པ་དེའི་ཕྱག་ཕྱི་མཛད་དེ་དབང་ལུང་ཁྲིད་མན་ངག་དུ་མ་དང་། ཐེག་མཆོག་མཛོད་ཀྱི་བཤད་ལུང་། བླ་མ་སྐུ་གསུམ་གྱི་སྒྲུབ་པའི་ཆོས་སྐོར་སོགས་ཟབ་ཆོས་མང་དུ་གསན།
དགུང་ལོ་ཉི་ཤུའི་སྐབས་དྭགས་པོ་གྲྭ་ཚང་དུ་ཕེབས། ལྕགས་འབྲུག་གི་ལོར་འོལ་ཁ་བ་བློ་བཟང་རྒྱ་མཚོ་ལས་དགེ་ཚུལ་གྱི་སྡོམ་པ་མནོས། དེ་ནས་གྲྭ་ཚང་ལ་སྒྲིག་ཞུགས་གནང་སྟེ་བསྡུས་གྲྭ་སོགས་ལ་སྦྱངས། དགུང་ལོ་ཉེར་གཉིས་ཀྱི་སྐབས་དབུ་མའི་ལྟ་ཁྲིད་སོགས་ལྗགས་རྩོམ་གནང་། ལོ་ཤས་ནས་རི་སྒོ་ཆོས་སྡེའི་དགེ་བསྐོས་གནང་སྟེ་གཞིས་དགོན་དུ་ལོ་གཅིག་བཞུགས་ཤིང་ལས་ཡུན་འཁྱོལ་རྗེས་རི་ཁྲོད་དུ་བཞུགས།
སྐབས་དེར་དྭགས་པོ་རབ་འབྱམས་སོགས་ལ་ཚད་མ་རྣམ་འགྲེལ་གྱི་ཊཱིཀྐ་སོགས་དང་། སྒྲ་མཚམས་སྦྱོར་ལྔ་པ་སོགས་ཁྲིད་གནང་མཛད། དེ་ནས་སྐྱིད་ཤོད་སེར་བྱེས་སུ་ཕེབས་ཏེ་ཆོས་རྗེ་དཔལ་འབྱོར་བསོད་ནམས་ལྷུན་གྲུབ་དང་། འཕྲིན་ལས་ལྷུན་གྲུབ་གཉིས་ལས་འཇུག་པ་རྩ་འགྲེལ་དང་། རྗེ་བློ་བཟང་གྲགས་པ་ཡབ་སྲས་ཀྱི་གཞུང་འགྲེལ་ལེགས་བཤད་རྣམས་དང་། གཞན་དབང་ལུང་མན་ངག་ཁྲིད་སོགས་ཀྱི་མདོ་སྔགས་ཀྱི་ཆོས་ཚུལ་གང་མང་གསན།
དགུང་ལོ་སོ་བཞིའི་སྐབས་དགའ་ལྡན་དགོན་པའི་གཟིམ་ཁང་རྒྱལ་ཁང་རྩེར། ཆོས་རྗེ་དཔལ་འབྱོར་རྒྱ་མཚོ་ལས་དགེ་སློང་གི་སྡོམ་པ་མནོས། མཚན་དཔལ་འབྱོར་ལྷུན་གྲུབ་ཏུ་གསོལ། འདུལ་བའི་བསླབ་བྱ་ཆེན་མོ་སོགས་ཀྱི་བཤད་ལུང་ཡང་གསན། དགུང་ལོ་ཞེ་གཅིག་གི་སྐབས་གསང་ཕུ་གྲྭ་ཚང་ཉི་མ་ཐང་གི་འཆད་ཉན་དུ་ཕེབས་ཏེ་ལོ་ལྔའི་རིང་འཆད་ཉན་འཕེལ་བར་མཛད།
༡༦༦༥ ལོར་སེར་བྱེས་གྲྭ་ཚང་གི་ཆོས་ཁྲིར་ཕེབས། ལོ་དེའི་ཧོར་ཟླ་བདུན་པར་གླིང་ལོག་བྱུང་སྟེ་ཡེར་པར་བཞུགས་དགོས་བྱུང་། དགུང་ལོ་རེ་གཅིག་གི་སྐབས་སྒོམ་སྡེ་ཆོས་རྗེ་རིན་ཆེན་འོད་ཟེར་སོགས་གྲྭ་ཚང་གི་སློབ་དཔོན་དང་མཁན་པོ་སོགས་ལ་འགྲེལ་པ་སྒྲོན་གསལ་སོགས་ཀྱི་ཁྲིད་དང་ཆོས་བཀའ་གང་མང་གནང་།
སྐབས་དེ་དག་ཏུ་བོད་སོག་གི་དད་ལྡན་གང་མང་ལ་དབང་ལུང་ཁྲིད་སོགས་ཀྱི་ཆོས་སྦྱིན་མང་དུ་སྤེལ་ཏེ་བསྟན་འགྲོའི་དོན་རྒྱ་ཆེར་མཛད། བསྟན་བཅོས་མངོན་རྟོགས་རྒྱན་གྱི་རྩ་འགྲེལ་གྱི་ཊཱིཀྐ་རྒྱས་པ་སོགས་བསྟན་བཅོས་གང་མང་ཡང་གསར་རྩོམ་གནང་། ཆུ་བྱ་ལོར་དགའ་ལྡན་ཕོ་བྲང་དུ་ཕེབས་ཏེ་༧རྒྱལ་དབང་ལྔ་པ་ཆེན་པོ་སོགས་ལ་མགོན་པོ་ཞལ་བྲམ་གཟུགས་ཀྱི་བླ་མའི་རྣལ་འབྱོར་སོགས་ཀྱི་རྗེས་གནང་དང་བསླབ་སྟོན་གང་མང་གནང་། གཞན་སྐབས་སྔ་ཕྱི་མང་པོར་༧རྒྱལ་མཆོག་ལྔ་པ་ཆེན་པོར་དབང་ལུང་ཁྲིད་མན་ངག་ཇི་སྙེད་ཅིག་སྩལ་གནང་མཛད། མེ་གླང་གི་ལོ་ལ་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན།
༢༠༡༥.༠༨.༠༦ ལ་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས་བཏུས་བསྒྲིགས་བྱས།
དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་བྱ་དགོས་ཚེ་[སེར་བྱེས་རིག་མཛོད་ཆེན་མོ་ལས་དྲངས་]ཞེས་རྩོམ་ཁུངས་ཁ་གསལ་འགོད་དགོས།