དུས་ཀྱི་སྟོན་པའི་བཀའ་སློབ་ཕྱོགས་བཏུས།

དུས་ཀྱི་སྟོན་པའི་བཀའ་སློབ་ཕྱོགས་བཏུས། (5)

དྲ་ཐོག་འཇུག་དུས། 2023 ལོའི་ཟླ་བ། Sep ཚེས། 23 རེས་གཟའ། Sat

ཆོས་ཀྱི་གོ་དོན།

དྲ་འཇུག་པ།
ཚད་གཞི།
(5 འོས་འཕེན།)

ཆོས་ཞེས་པ་ནི་གཞན་ལ་མགོ་སྐོར་གཏོང་བའི་གོ་སྐབས་སླེབས་སྐབས་མགོ་སྐོར་མི་གཏོང་བ། རྒྱག་རེས་རྒྱག་རྒྱུའི་ཉེན་ཁ་སླེབས་སྐབས་རྒྱག་རེས་མི་རྒྱག་པ། མི་ལ་གནག་སེམས་བྱེད་པའི་གོ་སྐབས་བྱུང་དུས་གནག་སེམས་མི་བྱེད་པ་སོགས་ནི་ཆོས་བྱས་པ་ཡིན་པ་ལས། མཆོད་ཁང་ནང་ཆོས་བྱེད་ཀྱི་ཡོད་ཅེས་མིག་བཙུམས་ནས་ཁ་ཏོན་འདོན་པ་དང་། སྔགས་བགྲང་བ། སྒོམ་རྒྱག་པ་ལྟ་བུ་བྱས་ཀྱང་། མི་ཚེ་སྐྱེལ་སྐབས་ཆགས་སྡང་གི་གཞན་དབང་དུ་ཕྱིན་ན་དེ་ནི་ཆོས་བྱས་པ་ཞིག་ག་ལ་ཡིན། དཔེར་ན། སྨན་ནི་ན་བའི་སྐབས་སུ་ཟ་དགོས་པ་ལས་གཟུགས་གཞི་བདེ་ཐང་ཡིན་པའི་གནས་སྐབས་སུ་སྨན་ཟ་དགོན་དོན་མེད། དེ་བཞིན་ཆོས་ཞེས་པ་དེའང་ཕྱི་ནང་གི་ཡུལ་རྐྱེན་འཕྲད་པའི་སྒོ་ནས་ཉོན་མོངས་མངོན་དུ་གྱུར་ནས་ཆགས་སྡང་གིས་ལས་གསོག་པའི་མཚམས་སུ་སླེབས་སྐབས་དེ་ལྟར་མི་རུང་བསམ་པའི་དྲན་ཤེས་ཀྱིས་ཟིན་པ་བྱས་ཏེ་སྡོམ་དགོས་པ་ཡིན།

དུས་ཀྱི་སྟོན་པ་ཆེན་པོའི་གསུང་།

དྲ་ཐོག་འཇུག་དུས། 2023 ལོའི་ཟླ་བ། Sep ཚེས། 23 རེས་གཟའ། Sat

ཆོས་ལུགས་མཐུན་སྒྲིལ།

དྲ་འཇུག་པ།
ཚད་གཞི།
(3 འོས་འཕེན།)

ཕན་ཚུན་གྱི་གནས་ཚུལ་གསལ་པོ་ཤེས་རྟོགས་ཐུབ་པའི་ཐོག་ནས་བསམ་བློ་གུ་ཡངས་པོ་ཞིག་དང༌། བློ་གཟུ་བོར་གནས་པའི་ཐོག་ནས་བལྟས་ན། དེང་སང་གི་དུས་ཚོད་འདིར་ཆོས་ལུགས་ཀྱི་ལྟ་བ་མི་འདྲ་བ་དང༌། སྤྱོད་པ་མི་འདྲ་བ། སྟོན་པ་མི་འདྲ་བ་ནས་བཤད་པའི་ཆོས་ལུགས་ཕན་ཚུན་ཚང་མ་ནང་ཁུལ་རྩོད་པ་བྱེད་པའི་དུས་ཚོད་མ་ཡིན་པར་ཚང་མ་མཐུན་པོ་བྱེད་དགོས་པའི་དུས་སྐབས་ཡིན། ཆོས་ལུགས་ཐུན་མོང་གི་ཐོག་ནས་འཛམ་བུ་གླིང་སྤྱི་ལ་ཕན་ཐོགས་གང་ཞིག་བྱེད་རྒྱུ་འདུག་གམ། སེམས་ཅན་ཐམས་ཅད་མ་བྱུང་ན་ཡང༌། སྔོན་ལ་ཁ་ཡོད་ལག་ཡོད་ཀྱི་འཛམ་བུ་གླིང་རིལ་པོ་འདིའི་སྒང་ལ་ཡོད་པའི་སེམས་ཅན་སྤྱི་དང༌། ཡང་སྒོས་འགྲོ་བ་མིའི་རིགས་འདི་རྣམས་མི་མཐུན་པ་མཐུན་པ་ཞིག་དང༌། མཐུན་པ་འདི་བཟང་པོའི་ཕྱོགས་སུ་འགྲོ་ཐུབ་རྒྱུར་ཆོས་ལུགས་ཁག་ཚོའི་ཐོག་ནས་གང་ཞིག་ཐུབ་མིན་ལ་དགོངས་བཞེས་ཀྱི་ལག་ལེན་བསྟར་དགོས་པ་གལ་གནད་ཆེན་པོ་ཆགས་ཡོད།
དེང་སང་འཛམ་བུ་གླིང་འདིའི་སྒང་ལ་དངོས་པོ་ཡར་རྒྱས་ཧ་ལས་པ་ཕྱིན་ཡོད་ཀྱང༌། བསམ་བློའི་ཡར་རྒྱས་ལྡེང་གི་མི་འདུག་ཅེས་བརྗོད་པའི་སྐབས་འདིར། ཆོས་ལུགས་རིས་སུ་མ་ཆད་པ་འདི་རྣམས་བསམ་བློ་ཡར་རྒྱས་ལ་ཞབས་འདེགས་སྒྲུབ་མཁན་དང༌། ཆ་རྐྱེན་སྒྲུབ་མཁན་མིང་རྒྱབ་འཁུར་ཡིན་པའི་ཆ་ནས་མིའི་སྤྱི་ཚོགས་ལ་ཞབས་འདེགས་གང་ཞིག་སྒྲུབ་དགོས་ཀྱི་འདུག་གམ། དེ་ལྟའི་དུས་ཚོད་ཀྱི་ཐོག་ལ་ཆོས་ལུགས་ཀྱི་ལྟ་བ་དང་སྤྱོད་པ་མི་འདྲ་བ་ཡོད་པ་ཚང་མ་མཐུན་པོ་བྱེད་དགོས་ཀྱི་འདུག །དེ་ལྟར་མ་བྱས་ན་དངོས་ཡོད་གནས་ཚུལ་གྱི་ཐོག་ཁེ་ཕན་འབྱུང་མི་ཐུབ་པའི་ཁར་རང་གཞན་གཉིས་ཕུང་ལ་འགྲོ་ཉེན་ཡོད། གྲུབ་མཐའ་ཐ་དད་ཡིན་པ་འདི་དག་ཀྱང་ཕན་ཚུན་གཅིག་གིས་གཅིག་ལ་བརྩི་བཀུར་དང་། གཅིག་གིས་གཅིག་ལ་ཕན་ཚུན་ཉམས་མྱོང་བསླབ། ཕན་ཚུན་སྲོལ་རྒྱུན་མི་འདྲ་བ་ཡོད་པ་རྣམས་གཅིག་གིས་གཅིག་ལ་ཤེས་རྟོགས་ཡོང་བ་བྱ་རྒྱུ་བཅས་ནི། ང་ཚོས་བྱེད་ཐུབ་པ་ཡིན་ལ། བྱེད་དགོས་པ་ཞིག་ཀྱང་ཡིན།
ང་ཚོ་སྟོན་པ་གཅིག་གི་རྗེས་སུ་འབྲང་མཁན་མི་རིགས་ནང་ཚགས་འདི་རྣམས་ཕན་ཚུན་གཅིག་གིས་གཅིག་ལ་དད་པ་དག་སྣང་སྦྱངས། ཐུན་མོང་གི་ཐོག་ནས་བོད་སྤྱི་པའི་དོན་དག་དང༌། སངས་རྒྱས་ཀྱི་བསྟན་པ་སྤྱིའི་དོན་དག་ལ་ཚང་མས་ཕྱར་བ་གྲུ་འདེགས་དང༌། ཁུར་མཉམ་ལེན་བྱེད་ཐུབ་པ་ཞིག་ཡོང་དགོས་པར་བརྟེན། དེ་ལྟ་བུའི་ཆ་རྐྱེན་ལ་སྨན་པ་བྱུང་ན་སྙམ་ནས་འཆར་གཞི་བཏིངས་ཏེ་མཐོ་རིམ་སློབ་གཉེར་བསྟི་གནས་འདི་བཙུགས་པ་རེད། ད་ལྟའི་ཆར་ཡང་ཁྱེད་རང་ཚོ་དགེ་སློབ་ཚང་མའི་སེམས་ལ་གནད་དོན་འདི་དག་ངེས་པ་བྱེད་དགོས།

དུས་ཀྱི་སྟོན་པ་ཆེན་པོའི་གསུང་།

དྲ་ཐོག་འཇུག་དུས། 2023 ལོའི་ཟླ་བ། Sep ཚེས། 23 རེས་གཟའ། Sat

སྐད་ཡིག་གི་ཁྱད་ཆོས་དང་ཡར་རྒྱས་སུ་གཏོང་ཐབས།

དྲ་འཇུག་པ།
ཚད་གཞི།
(2 འོས་འཕེན།)

ང་རང་ཚོར་ཤར་ཕྱོགས་རྒྱ་ནག་དང་རྩ་བ་ནས་ཐ་དད་ཡིན་པའི་སྐད་དང་ཡི་གེ་ཞིག་ཡོད། དེ་དག་གི་དབྱངས་གསལ་ལྷོ་ཕྱོགས་རྒྱ་གར་དང་མཐུན་པོ་ཡོད་ཀྱང་གཞི་རྩའི་ཐོག་ང་རང་ཚོའི་སྐད་ཡིག་ཟུར་གསལ་ཞིག་ཡིན་པ་མ་ཟད། བེད་སྤྱོད་ཀྱང་ལོ་སྟོང་ཕྲག་བཏང་བ་ཞིག་ཡིན་པ་ལས། བར་ལམ་འཛམ་གླིང་གི་ཡར་ཐོན་རྒྱལ་ཁབ་དང་འབྲེལ་བ་བྱུང་ནས་ཡི་གེ་གསར་པ་བཟོས་པ་དེ་འདྲ་མ་རེད། ཐོན་མིས་བོད་ཡིག་གསར་བཟོ་འམ་ཡང་ན་ལེགས་བཅོས་གནང་བ་གང་ཞིག་ཡིན་རུང་ང་ཚོའི་ཡི་གེ་འདི་རྙིང་ཤོས་ཀྱི་གྲས་ཤིག་ཆགས་ཡོད་པ་དང༌། བརྗོད་བྱ་སྟོན་ནུས་ཀྱི་ཆ་ལ། དཔེར་ན། ནང་པ་སངས་རྒྱས་པའི་ཆོས་འདི་རྣམ་གྲངས་མང་ལ་བརྗོད་བྱ་ཤིན་ཏུ་རྒྱ་ཆེ་ཞིང༌། དེའི་ལྟ་གྲུབ་ཀྱི་རྣམ་གཞག་ཡོངས་རྫོགས་ཇི་མ་ཇི་བཞིན་སྐད་ཡིག་ཕལ་པ་ཞིག་གིས་བརྗོད་ཐུབ་རྒྱུ་ཁག་པོ་ཡིན། འོན་ཀྱང་བོད་ཀྱི་སྐད་ཡིག་གིས་རྒྱ་གར་གྱི་ལེགས་སྦྱར་དང༌། པ་ལིའི་སྐད་ཡིག་ནང་ཡོད་པའི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ཕྱིན་ཅི་མ་ལོག་པར་བསྒྱུར་སྤེལ་བྱེད་ཐུབ་ཀྱི་ཡོད། བོད་པའི་སྐད་ཡིག་འདི་སོ་སོའི་ཟུར་གསལ་གྱི་སྐད་ཡིག་ཅིག་ཡིན་པ་མ་ཟད་དེ་ཡང་ཕྱུག་པོ་ཡོད་པ་ཞིག་ཏན་ཏན་ཡིན།
བོད་སྐད་འདི་སྐྱོ་པོ་གཏན་ནས་མིན། དཔེར་ན། ནང་པ་སངས་རྒྱས་པའི་ཆོས་ཀྱི་ཐོག་ལ་ལེགས་སྦྱར་གྱི་སྐད་དེ་གནའ་བོའི་སྐད་ཡིག་རྙིང་ཤོས་ཤིག་དང༌། སྐད་ཡིག་ཕྱུག་པོ་ཞིག་ཏུ་བརྩི་བཞིན་ཡོད། སྐད་ཡིག་ཕྱུག་པོར་བརྩིས་པ་དེའི་ཐོག་ནས་བཤད་པའི་ནང་པའི་ལྟ་བ་དང༌། གྲུབ་མཐའི་སྐོར་ཡོངས་སུ་རྫོགས་པ་བོད་སྐད་ཀྱི་ནང་ནས་ཤོད་ཐུབ་ཀྱི་ཡོད། འཛམ་བུ་གླིང་འདིའི་སྒང་ལ་ཡི་གེ་རྙིང་ཤོས་ཀྱི་གྲས་བཅུ་གྲངས་ཤིག་ཡོད་པའི་ནང་ལ་བོད་པའི་ཡི་གེ་འདི་ཡང་བགྲང་གི་འདུག །རྩ་བའི་ཆ་ནས་ང་རང་ཚོ་བོད་པའི་སྐད་ཡིག་ཕྱུག་པོ་ཡིན་པ་གསལ་པོ་རེད།
ཕྱིས་སུ་དར་རྒྱས་ཕྱིན་པའི་ཚན་རིག་དང༌། ལམ་ལུགས་གསར་པའི་ཆབ་སྲིད་ཀྱི་མིང་ཚིག་དེ་དག་བོད་སྐད་ནང་བེད་སྤྱོད་དང་སྦྱོང་བརྡར་བྱེད་པའི་གོ་སྐབས་མ་བྱུང་བར་བརྟེན་སྐབས་གཅིག་རིང་ཡར་རྒྱས་འགྲོ་མ་ཐུབ་པ་ཙམ་ལས། གོ་སྐབས་བྱུང་ཕྱིན་ལས་རིགས་སྡེ་ཚན་གང་གི་ནང་དུའང་བོད་པའི་སྐད་ཡིག་འདིས་མ་འདང་བ་ཕལ་ཆེར་མེད། ང་རང་ཚོར་དངོས་གནས་སྐད་ཡིག་ཕྱུག་པོ་ཞིག་དང༌། མི་ལ་སྨོན་མི་དགོས་པའི་རིག་གཞུང་ཞིག་ཡོད།
ཨིན་ཇི། ཧིན་དྷི། དེ་མིན་གྱི་སྐད་ཡིག་འདྲ་མིན་དེ་རིགས་སྐད་ཡིག་དེ་ག་སློབ་སྦྱོང་བྱེད་པ་ལས། སློབ་ཚན་གཞན་དག་ཚང་མ་སོ་སོའི་བོད་ཀྱི་སྐད་ཡིག་ཐོག་ནས་སློབ་སྦྱོང་བྱེད་ཐུབ་པ་ཞིག་ངེས་པར་དུ་དགོས་ཀྱི་འདུག །དེ་བྱུང་ན་བོད་པའི་སྐད་ཡིག་ཡར་རྒྱས་འགྲོ་གི་རེད། དེས་བོད་པའི་རིག་གཞུང་ལ་ཕན་གྱི་རེད། བོད་པའི་རྣམ་པ་ཟིན་རྒྱུ་ལ་དེས་ཕན་གྱི་རེད། བོད་པའི་སྐད་ཡིག་ཡར་རྒྱས་མ་བཏང་བར་ཟ་སྐད་འཐུང་སྐད་ཙམ་མ་གཏོགས་གཞན་དག་ལས་དོན་འགངས་ཆེ་བ་ཚོ་སྐད་ཡིག་གཞན་དག་བེད་སྤྱོད་བྱས་ན་མ་གཏོགས་བོད་པའི་སྐད་ཡིག་གིས་མ་འདང་བར་བསྡད་ན་ཧ་ཅང་ངོ་ཚ་པོ་རེད་ལ། བོད་པའི་སྐད་ཡིག་རང་ཤུགས་ཀྱིས་འཐུས་ཤོར་འགྲོ་གི་རེད། དངོས་ཡོད་གནས་ཚུལ་ལ་བོད་སྐད་མ་འདང་བ་ཞིག་གི་གནས་ཚུལ་མུ་མཐུད་བསྡད་པ་ཡིན་ན་བོད་པའི་རིག་གཞུང་རྩ་བ་ཆེན་པོ་རེད། ཅེས་ང་ཚོས་ག་ཚོད་བཤད་ན་ཡང་དེ་ཙམ་གྱིས་ནུས་པ་ཐོན་ཐུབ་ཀྱི་མ་རེད། དེ་འདྲའི་རྒྱུ་མཚན་གྱི་ཐོག་ནས་ང་ཚོ་བོད་པའི་དགེ་རྒན་ཚོར་དམིགས་བསལ་གྱི་ལས་འགན་ཆེན་པོ་སླེབས་ཡོང་གི་ཡོད་པ་རེད། སློབ་ཚན་ཚང་མ་བོད་པའི་སྐད་ཡིག་གི་ནང་ནས་སློབ་དགོས་པར་བརྟེན་བོད་པའི་དགེ་རྒན་རྣམས་ནས་དམིགས་བསལ་གྱི་དོ་ཁུར་ཆེར་བསྐྱེད་བྱ་རྒྱུ་དེ་གལ་ཆེན་པོ་འདུག

དུས་ཀྱི་སྟོན་པ་མཆོག

དྲ་ཐོག་འཇུག་དུས། 2023 ལོའི་ཟླ་བ། Sep ཚེས། 23 རེས་གཟའ། Sat

བྱམས་བརྩེ་དང་རྟེན་འབྱུང་།

དྲ་འཇུག་པ།
ཚད་གཞི།
(3 འོས་འཕེན།)

ང་རང་ཚོས་བྱམས་བརྩེ་རྩ་བར་གྱུར་པའི་ཆོས་དང་རིག་གཞུང་ལ་བདག་པོ་བརྒྱབ་སྟེ་ཉར་ཚགས་བྱས་པ་འདི་བོད་རང་ཉིད་ལ་ཁེ་ཕན་ཡོད་པར་མ་ཟད། འཛམ་གླིང་གི་མི་སྤྱིའི་ངོས་ནས་བཤད་ནའང་ཕན་ཐོགས་ཡོད་པ་ཞིག་ཡིན།

རྟེན་འབྱུང་གི་ལྟ་བ་ནི་མིའི་རྣམ་དཔྱོད་ཀྱི་རྩལ་ལས་གྲུབ་པ་སྟོན་པ་ཐུབ་པའི་དབང་པོས་བཀའ་གནང་ཡོད། མདོར་ན་མིའི་རྣམ་དཔྱོད་ཀྱི་རྩལ་ལས་ཐོན་པ་ཞིག་ཡིན་སྟབས། ཇི་ཙམ་བསམ་བློ་བཏང་བ་དེ་ཙམ་གྱིས་མིའི་རྣམ་དཔྱོད་ཀྱི་སྒོ་འབྱེད་པར་ཕན་ཐོགས་ཆེན་པོ་ཡོད་ལ། ཆབ་སྲིད་དང༌། དཔལ་འབྱོར། འཕྲོད་བསྟེན་སོགས་གང་གི་ཐད་རྟེན་འབྱུང་གི་ལྟ་བ་འདི་ཧ་ཅང་ཕན་ཐོགས་ཡོད་ལུགས་དང༌། སེམས་བཟང་པོ་བྱེད་དགོས་ལུགས་གཙོ་བོ་དེ་གཉིས་ཤོད་ཀྱི་ཡོད། དེ་ནི་ནང་ཆོས་ཀྱི་སྙིང་པོ་ཡིན་ལ། ཆོས་ལ་དད་པ་མེད་མཁན་གྱི་མིའི་བློ་ལའང་འཚམས་པོ་ཡོད་པ་ཡིན། 

དུས་ཀྱི་སྟོན་པ་མཆོག

དྲ་ཐོག་འཇུག་དུས། 2023 ལོའི་ཟླ་བ། Sep ཚེས། 23 རེས་གཟའ། Sat

མིང་འབྲི་སྟངས།

དྲ་འཇུག་པ།
ཚད་གཞི།
(1 འོས་འཕེན། )

བོད་པའི་མིང་འབྲི་སྟངས་ལ་དོ་སྣང་བྱེད་དགོས། ཁ་ཤས་ཀྱིས་ཕྱི་རྒྱལ་གྱི་ལུགས་སྲོལ་བྱས་ཏེ་སོ་སོའི་མིང་དེ་སྔོན་ལ་བྲིས་པ་དང་། ཁྱིམ་ཚང་གི་མིང་མཇུག་ཏུ་བྲིས་པ་དེ་ཁྱད་མཚར་པོ་ཞིག་འདུག །དབྱིན་ཇི་ཡིན་ན་གནས་ཚུལ་ཐ་དད་རེད། བོད་ཡིག་ནང་ལ་འབྲི་སྲོལ་མེད་པའི་དེང་སང་གི་གནས་ཚུལ་གསར་པ་ཞིག་ཡིན་ན། གཞན་ནས་དཔེ་བླངས་ན་མ་འགྲིག་པ་གང་ཡང་མེད། ང་ཚོ་བོད་ཡིག་རང་གི་ནང་ལ་འབྲི་སྲོལ་སྔར་ནས་ཡོད་བཞིན་པ་དེ་དག་ཕར་བཞག་ནས་དབྱིན་ཇིའི་ལས་ཟློས་བྱེད་ཀྱིན་བསྡད་ན་སྙིང་པོ་གང་ཡང་མེད།

དུས་ཀྱི་སྟོན་པ་ཆེན་པོའི་གསུང་།