དྲ་ཐོག་འཇུག་དུས། 2020 ལོའི་ཟླ་བ། Aug ཚེས། 03 རེས་གཟའ། Mon

བརྟག་གཉིས་རྩ་འགྲེལ།

དྲ་འཇུག་པ།

sjrb-0055རྩ་བ་མཛད་པ་པོ། རྒྱལ་བ་རྡོ་རྗེ་འཆང་།
འགྲེལ་པ་མཛད་པ་པོ།
མཁས་གྲུབ་དགེ་ལེགས་དཔལ་བཟང་།
རིག་མཛོད་འཕྲུལ་དེབ་ཨང་།
SJRB-0055
ཡོང་ཁུངས།
འབྲས་ཀླུ་རྒྱལ་ཚང་རིན་པོ་ཆེ།
ཡིག་ཆའི་རྣམ་པ།
PDF
ལྗིད་ཚད།
3.1 MB
༢༠༡༩ ཟླ་དང་པོར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༠ ཟླ་ ༨ ཚེས་ ༣ ཉིན་བསྐྱར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
མཁས་གྲུབ་དགེ་ལེགས་དཔལ་བཟང་ནི། ༡༣༨༥ ལོར་ལ་སྟོད་བྱང་གི་ས་ཆའི་ལྡོག་གཞུང་དུ་འཁྲུངས། དགུང་ལོ་བདུན་གྱི་སྐབས་ཆོས་སྒོར་ཞུགས། མཚན་ལ་དགེ་ལེགས་དཔལ་བཟང་གསོལ། རྗེ་བཙུན་རེད་མདའ་བ་སོགས་ལས་གཞུང་ཆེན་ཁག་དང་གསང་སྔགས་ཀྱི་ཆོས་སྐོར་མང་པོ་གསན། དགུང་ལོ་ཉི་ཤུའི་སྐབས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། དགུང་ལོ་ཉེར་གསུམ་གྱི་སྐབས་རྗེ་ཙོང་ཁ་པ་སེ་ར་ཆོས་སྡིངས་སུ་བཞུགས་པ་དང་མཇལ་ཞིང་། མདོ་སྔགས་ཀྱི་ཆོས་རྒྱུན་སྤྱི་དང་ཐུན་མོང་མ་ཡིན་པའི་གདམས་པ་ཡོངས་རྫོགས་གནང་། དགུང་ལོ་ཞེ་བདུན་གྱི་སྐབས་དགའ་ལྡན་གྱི་ཁྲིར་ཕེབས། སློབ་མ་གྲགས་ཆེན་མང་དུ་བྱུང་། ༡༤༣༨ ལོར་སྐུ་གཤེགས། གསུང་རྩོམ་ལ། པོད་ཆེན་བཅུ་གསུམ་ཙམ་བཞུགས།

PDF       ཕབ་ལེན།
དྲ་ཐོག་འཇུག་དུས། 2020 ལོའི་ཟླ་བ། Sep ཚེས། 14 རེས་གཟའ། Mon

བསྐང་གསོ་ཕྱོགས་བསྒྲིགས།

དྲ་འཇུག་པ།

sjrb-0334མཛད་པ་པོ། སྣ་ཚོགས།
བརྗོད་བྱ།
བསྟན་སྲུང་རྣམས་ཀྱི་གཏོར་ཆོག་བསྐང་གསོ།
ཆོས་ཚན་གྲངས།
བདུན་བཞུགས།
རིག་མཛོད་འཕྲུལ་དེབ་ཨང་།
SJRB-0334
རྣམ་པ།
PDF
ལྗིད་ཚད།
1.4MB
བསྐྱར་སྒྲིག་པ།
རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།
༢༠༡༩ ཟླ་དང་པོར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༠ ཟླ་ ༩ ཚེས་ ༡༤ ལ་བསྐྱར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
འཕྲུལ་དེབ་འདིར་ཡོད་པའི་འཇིགས་བྱེད་དཔའ་གཅིག་གི་ཆོ་ག་ནི་གཙོ་ཆེར་རྗེའི་གསུང་གི་བདུད་ལས་རྣམ་རྒྱལ་ལ་བསྟུན་ཡོད་པ་དང་། བསྐང་གསོའི་མ་ཕྱི་ནི་ཤེས་རིག་དཔར་ཁང་ནས་དཔར་བསྐྲུན་བྱས་པའི་བསྐང་གསོའི་དཔེ་ཐུང་གཞིར་བཟུང་ནས་ངག་འདོན་གྱི་རིམ་པ་ལྟར་བསྒྲིགས་ཡོད།

༡. འཇིགས་བྱེད་དཔའ་གཅིག་གི་ཆོ་ག  ༢. མགོན་པོའི་བསྐང་གསོ།  ༣. ཆོས་རྒྱལ་གྱི་བསྐང་གསོ།  ༤. ལྷ་མོའི་བསྐང་གསོ། ༥. རྣམ་སྲས་ཀྱི་བསྐང་གསོ། ༦. ཆོས་སྐྱོང་སྤྱིའི་བསྐང་གསོ། ༧. དྲུག་ཅུ་མ།
PDF       ཕབ་ལེན།
དྲ་ཐོག་འཇུག་དུས། 2018 ལོའི་ཟླ་བ། Nov ཚེས། 24 རེས་གཟའ། Sat

འཇང་དགུན་ཆོས་འཚོགས།

དྲ་འཇུག་པ།

སེ་ར་ཐེག་པ་ཆེན་པོའི་གླིང་དུ་དགེ་ལྡན་པའི་འཇང་དགུན་ཆོས་ཐེངས་ཉེར་དགུ་པ་དབུ་འཛུགས་གནང་སོང་།

   དེ་རིང་སྟེ་བོད་རྒྱལ་ལོ་༢༡༤༥ལོའི་བོད་ཟླ་༡༠པའི་ཚེས་༡༦དང་ཕྱི་ལོ་༢༠༡༨ལོའི་ཟླ་༡༡པའི་ཚེས་༢༤རེས་གཟའ་སྤེན་པའི་ཉིན་སྔ་དྲོའི་ཆུ་ཚོད་བརྒྱད་པར། ཕྱོགས་མཐའ་ཁག་ནས་འཇང་དགུན་ཆོས་ཀྱི་ཆེད་སེ་ར་ཆོས་སྒར་དུ་ཕེབས་པའི་སློབ་གཉེར་བ་རྣམས་སེ་ར་ཐེག་པ་ཆེན་པོའི་གླིང་གི་གཙུག་ལག་ཁང་དུ་འཛོམས་ཏེ། གྲྭ་ཚང་གཉིས་ཀྱི་༧སྐྱབས་རྗེ་མཁན་རིན་པོ་ཆེ་རྣམ་པ་གཉིས་སོགས་ཀྱིས་ལམ་སྟོན་བཀའ་སློབ་སོགས་གནང་སྟེ་འཇང་དགུན་ཆོས་ཀྱི་དབུ་འཛུགས་མཛད་སྒོ་འཚོགས་ཤིང་། དེ་རྗེས་སྔ་དྲོའི་ཆོས་ར་ཚོགས་སོང་། ཐེངས་འདིའི་འཇང་དགུན་ཆོས་ལ་གདན་ས་གསུམ་གྱི་གྲྭ་ཚང་དྲུག་དང་། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་། རྒྱུད་གྲྭ་སྟོད་སྨད། བཀྲ་ཤིས་ལྷུན་པོ། ར་སྟོད་བདེ་བ་ཅན་གྲྭ་ཚང་། རྫོང་ཆོས་དགའ་ལྡན་འཕེལ་རྒྱས་གླིང་། བཞུགས་སྒར་རིགས་ལམ་སློབ་གཉེར་ཁང་སོགས་དགོན་སྡེ་ཁག་བཅུ་དྲུག་ནས་སློབ་གཉེར་བ་ཞལ་གྲངས་ ༢༩༥༥ ཙམ་ལྷན་དུ་འཛོམས་ཡོད་པ་དང་། ཉིན་གྲངས་ ༢༢ རིང་ལ་འཚོག་རྒྱུ་ཡིན་འདུག །

༈ བོད་རྒྱལ་ལོ་ ༢༡༤༥ དང་ཕྱི་ལོ་ ༢༠༡༨ ལོར་འཇང་དགུན་ཆོས་ལ་ཕེབས་པའི་གྲྭ་ཚང་སོ་སོའི་སློབ་གཉེར་བའི་གྲངས་འབོར་གྱི་རེའུ་མིག
ཨང་།གྲྭ་ཚང་།གྲངས་འབོར།ཨང་།གྲྭ་ཚང་།གྲངས་འབོར།ཨང་།གྲྭ་ཚང་།གྲངས་འབོར།ཨང་།གྲྭ་ཚང་།གྲངས་འབོར།
སེར་སྨད། ༣༢༠ བྱང་རྩེ། ༣༣༩ སྲད་རྒྱུད། ༢༡ ༡༣ རྣམ་རྒྱལ་གྲྭ་ཚང་། ༢༤
སེར་བྱེས། ༦༥༠ ཤར་རྩེ། ༢༤༨ ༡༠ བཀྲས་ལྷུན། ༡༢༥ ༡༤ ཀོ་པན། ༢༡
བློ་གླིང་། ༦༠༤ རྒྱུད་སྨད། ༡༥ ༡༡ རྭ་སྟོད། ༢༦ ༡༥ དྭགས་པོ་གྲྭ་ཚང་། ༡༨
སྒོ་མང་། ༤༥༦ རྒྱུད་སྟོད། ༢༨ ༡༢ རྫོང་ཆོས། ༤༤ ༡༦ དཀྱིལ་དགོན། ༡༦
ཁྱོན་བསྡོམས། ༢༩༥༥

   འཇང་དགུན་ཆོས་ཀྱི་སྔོན་འགྲོ་ལྟ་བུར་གྲྭ་ཚང་སོ་སོ་ནས་འཇང་དགུན་ཆོས་མ་ཚོགས་སྔོན་དུ་ཚད་མའི་ཆོས་ཐོག་དུས་ཡུན་ངེས་ཅན་རེ་ལ་ཚོགས་སྲོལ་ཡོད་པ་དང་། འཇང་དགུན་ཆོས་རིང་གི་རྩོད་གཞུང་གཙོ་བོ་ནི་དཔལ་ཆོས་ཀྱི་གྲགས་པའི་ཚད་མ་རྣམ་འགྲེལ་ཡིན་ཞིང་། དེའི་ཟུར་རྒྱན་དུ་རྣམ་ངེས་དང་ཚད་མ་ཀུན་བཏུས་སོགས་རྒྱ་གཞུང་ཁག་དང་བོད་འགྲེལ་གྱི་ཚད་མའི་ཡིག་ཆ་ཁག་བཟུང་སྟེ་འཛིན་གྲྭ་སོ་སོར་རྩོད་མཚམས་ཆ་བགོས་བྱས་ཡོད་པ་ལྟར། སློབ་གཉེར་བ་རྣམས་ཀྱིས་སོ་སོའི་རྩོད་གཞུང་གཙོ་བྱས་པའི་འབྲེལ་ཡོད་གཞུང་ཆེན་ཁག་ལ་དཔེ་གཟིགས་དང་རྩ་འགྲེལ་བློ་འཛིན། དཔེ་ཁྲིད་དང་བསྐྱར་སྦྱོང་སོགས་བྱེད་དགོས་པ་དང་། སྔ་དྲོའི་ཆོས་རར་རྩོད་ཟླ་དང་འཛིན་གྲྭའི་དམ་བཅའི་སྐབས་དོགས་གནད་ལ་རྩོད་པའི་སྒོ་ནས་དཔྱད་པ་གཏོང་དགོས། དགུང་དུས་ཆུ་ཚོད་དྲུག་པའི་ཐོར་ཆོས་[འདིའི་ཡིག་ཐོབ་གསལ་པོ་མ་ངེས།]དམ་བཅར་རྒྱན་ཐོབ་པའི་གྲྭ་ཚང་གཉིས་ཀྱི་གཅིག་གི་སློབ་གཉེར་བ་གཉིས་དམ་བཅའ་དང་གྲྭ་ཚང་གཞན་དེའི་དམ་བཅའི་རྩོད་གཞུང་གཅིག་པའི་སློབ་གཉེར་བ་རྣམས་ཀྱིས་རྟགས་གསལ་གཏོང་དགོས། དམ་བཅའ་གྲོལ་རྗེས་རྩོད་ཟླ་ཅུང་གནང་དགོས་པ་དང་། དེ་ནས་སྐར་མ་བཅུ་བཅོ་ལྔ་ཙམ་ལ་ངལ་གསོས་རྗེས་ཆུ་ཚོད་དགུ་པ་ནས་ཆོས་ར་འཚོགས་དགོས། ཆོས་རའི་སྐབས་ཐོག་མར་རྩོད་ཟླ་དང་དེ་ནས་དམ་བཅའ་ཚོགས་ཏེ་ཆུ་ཚོད་བཅུ་གཅིག་བཅུ་གཉིས་བར་དུ་དཀའ་གནད་ཁག་ལ་བརྒལ་བརྟག་གནང་སྲོལ་ཡོད་པ་དང་། ཆུ་ཚོད་དང་པོ་གཉིས་པའི་བར་དུ་རྩོད་པ་གནང་སྟེ་བཞུགས་པའང་ཡོད། འཇང་དགུན་ཆོས་ཀྱི་ཆོས་ཐོག་གི་དཀྱིལ་དང་མཇུག་ཏུ་མཚན་ཕུད་དམ་བཅའ་གནང་དགོས་པ་དང་། མཚན་ཕུད་དམ་བཅའི་སྐབས་གྲྭ་ཚང་གསུམ་རེའི་སློབ་གཉེར་བ་རྩེ་གྲས་རེ་སྟེ་སློབ་གཉེར་བ་གསུམ་རེ་དམ་བཅའ་དང་གྲྭ་ཚང་གཞན་གྱིས་རྟགས་གསལ་གཏོང་དགོས། འཇང་དགུན་ཆོས་སྐབས་སུ་ནམ་རྒྱུན་དང་མི་འདྲ་བར་སྒྲིག་ཁྲིམས་ཅུང་དམ་དུ་གཏོང་བཞིན་ཡོད།

༈ བོད་རྒྱལ་ལོ་ ༢༡༤༥ དང་ཕྱི་ལོ་ ༢༠༡༨ ལོའི་ཕྱི་ཟླ་ ༡༡ པའི་ཚེས་ ༢༤ ནས་ཕྱི་ཟླ་ ༡༢ པའི་ཚེས་ ༡༥ བར་གྱི་འཇང་དགུན་ཆོས་སྐབས་ཉིན་རེའི་ཆོས་ར་ཚོགས་དུས་ཀྱི་རེའུ་མིག
སྔ་དྲོ།
ཆུ་ཚོད།འགྲེལ་བརྗོད།ཆུ་ཚོད།འགྲེལ་བརྗོད།
9:00 སྐུ་རིམ་ཉུང་ཙམ་གསུངས་རྗེས་རྩོད་ཟླ། 10:00 - 11:00 འཛིན་གྲྭ་སོ་སོའི་དམ་བཅའ།
ཕྱི་དྲོ།
ཆུ་ཚོད།འགྲེལ་བརྗོད།ཆུ་ཚོད།འགྲེལ་བརྗོད།ཆུ་ཚོད།འགྲེལ་བརྗོད།
6:00 ཐོར་ཆོས་དམ་བཅའ། 7:30 - 8:30 རྩོད་ཟླ། 9:00 - 11:00  གྲྭ་ཚང་གཉིས་ལོག་ནང་ཁུལ་གྱི་ཆོས་ར།

 

༈ བོད་རྒྱལ་ལོ་ ༢༡༤༥ དང་ཕྱི་ལོ་ ༢༠༡༨ ལོའི་ཕྱི་ཟླ་ ༡༡ པའི་ཚེས་ ༢༤ ནས་ཕྱི་ཟླ་ ༡༢ པའི་ཚེས་ ༡༥ བར་གྱི་འཇང་དགུན་ཆོས་སྐབས་ཀྱི་དམ་བཅའ་སོགས་ཀྱི་རེའུ་མིག
[ སྡེ་ཚན་དང་པོ། ]
ཨང་།རེས་གཟའ།ཕྱི་ཚེས།གྲྭ་ཚང་།གཞུང་ཚན།ཤོག་གྲངས། [ཝཱ་ཎའི་པར་རྙིང་།]
སྤེན་པ། 24 བློ་གླིང་། དབུ་ནས་ཕྱོགས་སྒྲའི་བར། ༡ ནས་ ༡༦ བར།
ཉི་མ། 25 སེར་སྨད། འབྲས་རང་གི་རྟགས། ༡༦ ནས་ ༡༩ བར།
ཟླ་བ། 26 བྱང་རྩེ། མི་སྣང་བ་མ་དམིགས་པ། ༡༩ ནས་༢༣ བར།
མིག་དམར། 27 སེར་བྱེས། སྣང་རུང་མ་དམིགས་པ། ༢༣ ནས་ ༢༨ བར།
ལྷག་པ། 28 ཤར་རྩེ། རྟགས་གཞན་བཞི་པ། ༢༨ ནས་ ༣༦ བར།
ཕུར་བུ། 29 སྒོ་མང་། འབྲེལ་པ་སྟོད། ༣༦ ནས་ ༤༣ བར།
པ་སངས། 30 རྭ་སྟོད།  གཞན་སེལ་སྟོད། ༧༣ ནས་ ༨༦ བར།
སྤེན་པ། 1 བཀྲ་ཤིས་ལྷུན་པོ།  གཞན་སེལ་སྟོད། ༨༦ ནས་ ༩༦ བར།

 

[ སྡེ་ཚན་གཉིས་པ། ]
ཨང་།རེས་གཟའ།ཕྱི་ཚེས།གྲྭ་ཚང་།གཞུང་ཚན།ཤོག་གྲངས། [ཝཱ་ཎའི་པར་རྙིང་།]
ཉི་མ། 2 སེར་སྨད། འབྲེལ་པ་སྨད། ༤༣ ནས་ ༤༨ བར།
ཟླ་བ། 3 བློ་གླིང་། ལུང་འགལ། ༤༨ ནས་ ༦༧ བར།
མིག་དམར། 4 གུང་སེང་།
ལྷག་པ། 5 སྒོ་མང་། ཚད་མ་ཕྲུགས་གསུམ། ༦༧ ནས་ ༧༣ བར།
ཕུར་བུ། 6 བྱང་རྩེ། གཞན་སེལ་སྟོད། ༧༣ ནས་ ༨༦ བར།
པ་སངས། 7 སེར་བྱེས།  གཞན་སེལ་སྨད། ༨༦ ནས་ ༩༩ བར།
སྤེན་པ། 8 ཤར་རྩེ། ཤིང་འཛིན་རྟོག་པ། ༩༩ ནས་ ༡༡༣ བར།

 

[ སྡེ་ཚན་གསུམ་པ། ]
ཨང་།རེས་གཟའ།ཕྱི་ཚེས།གྲྭ་ཚང་།གཞུང་ཚན།ཤོག་གྲངས། [ཝཱ་ཎའི་པར་རྙིང་།]
ཉི་མ། 9 སེར་བྱེས སྟོན་པ་ཚད་མ་སོགས། ༢༢༥ ནས་ ༢༣༩ བར།
ཕྱི་ཚེས་ ༩ ཉིན་སེར་སྨད་གྲྭ་ཚང་དུ་མཚན་ཕུད་དམ་བཅའ་དང་པོ།
ཟླ་བ། 10 ༧ གོང་ས་༧ སྐྱབས་མགོན་ཆེན་པོ་མཆོག་གི་ཞི་བདེའི་གཟེངས་རྟགས་དུས་དྲན།
མིག་དམར། 11 སྒོ་མང་། དབང་ཕྱུག་རྟག་པ། ༢༣༩ ནས་ ༢༥༡ བར།
ལྷག་པ། 12 བློ་གླིང་། སྐྱེ་བ་སྔ་ཕྱི། ༢༥༡ ནས་ ༢༨༨ བར།
ཕུར་བུ། 13 སེར་སྨད། རྣལ་འབྱོར་མངོན་སུམ། ༢༨༨ ནས་ ༣༠༢ བར།
པ་སངས། 14 ཤར་རྩེ།  སྡུག་ཀུན་གཉིས། ༣༠༢ ནས་ ༣༢༡ བར།
ཕྱི་ཚེས་ ༡༤ ཉིན་སེར་བྱེས་གྲྭ་ཚང་དུ་མཚན་ཕུད་དམ་བཅའ་གཉིས་པ།
སྤེན་པ། 15 བྱང་རྩེ། འགོག་ལམ་གཉིས། ༣༢༡ ནས་ ༣༦༦ བར།

 

   འཇང་དགུན་ཆོས་དང་དུས་མཉམ་དུ་ལོ་ཤས་གོང་ནས་གདན་ས་ཁག་གི་སློབ་གཉེར་བ་རྒན་གྲས་ཏེ་དགེ་ལུགས་རྒྱུགས་སྤྲོད་དུ་ཕེབས་མཁན་རྣམས་ཕར་ཕྱིན་དང་དབུ་མའི་ཆོས་ཐོག་ཅེས་པ་འཚོགས་ཀྱིན་ཡོད་པ་དང་། ད་ལོ་འབྲས་སྤུངས་སུ་འཚོགས་ཡོད་འདུག །[འཇང་དགུན་ཆོས་ཀྱི་སྐོར་ཚོམས་ཀྱི་ངོ་སྤྲོད་དུ་འབྲི་རྩིས་ཀྱིས་འདིར་དེ་ཙམ་གྱིས་འཐུས་པར་བྱས་སོ། །]

སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས། ༢༠༡༨།༡༡།༢༤ལ།

དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་བྱ་དགོས་ཚེ་[སེར་བྱེས་རིག་མཛོད་ཆེན་མོ་ལས་དྲངས་]ཞེས་རྩོམ་ཁུངས་ཁ་གསལ་འགོད་དགོས།

དྲ་ཐོག་འཇུག་དུས། 2018 ལོའི་ཟླ་བ། Nov ཚེས། 24 རེས་གཟའ། Sat

གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ།

དྲ་འཇུག་པ།

གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ་ནི། ཕྱི་ལོ ༡༨༤༥ ལོར་ཙོང་ཆུའི་ཉེ་འགྲམ་ཨར་ཆ་ཞེས་པར་ཡབ་རྟ་མགྲིན་དང་། ཡུམ་ཚེ་མདོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཆུང་དུས་མཚན་ལ་ཚེ་དཔག་སྐྱབས་ཞེས་གསོལ།
དགུང་ལོ་གསུམ་པར་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་མཛད་ཅིང་། རྗེ་གསེར་ཁང་བ་བློ་བཟང་བསྟན་འཛིན་རྒྱ་མཚོ་དབུས་སུ་ཕེབས་བཞིན་པའི་རྗེས་བསྙེགས་ཀྱིས་ཕྱིན་ཏེ་མཚོ་ཁྲི་ཤོར་རྒྱལ་མོའི་ནུབ་འགྲམ་མཚེར་བ་རིའི་མདུན་ཐད་ཀྱི་ས་ཆར་གུར་སྒར་སྟེང་དུ་སླེབས་སྐབས། མཇལ་དུ་ཕྱིན་ནས་དགེ་བསྙེན་གྱི་སྡོམ་པ་མནོས་ཏེ་མཚན་ལ་བློ་པཟང་ཐུབ་བསྟན་རྒྱ་མཚོ་ཞེས་གསོལ། ཁོང་གི་མདུན་ནས་དགའ་ལྡན་ལྷ་བརྒྱ་མ། ཡོན་ཏན་གཞིར་གྱུར་མ་སོགས་ཀྱི་ལུང་ཡང་ཞུས། ལོ་དེར་གསེར་ཏོག་དགོན་དགའ་ལྡན་འགྲོ་ཕན་གླིང་དུ་གདན་སར་བཀོད།
དགུང་ལོ་ལྔ་པར་རྗེ་སྐལ་བཟང་གྲགས་པ་ཡོངས་འཛིན་དུ་བསྟེན་ནས་ཕྱི་མོའི་ཡི་གེ་སུམ་ཅུ་ནས་བཟུང་སྐྱབས་འགྲོ་སོགས་ཚོགས་འདོན་ཆོས་སྤྱོད་ཡོངས་རྫོགས། བསྐང་གསོ་ཀུན་རིག་སོགས་བློ་འཛིན་གནང་།
དགུང་ལོ་བདུན་པར་ཆུ་བཟང་དགོན་དུ་ཕེབས་ནས་ཆུ་བཟང་བློ་བཟང་ཐུབ་བསྟན་རབ་རྒྱས་ལས་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་མནོས་ཏེ་མཚན་ལ་བློ་བཟང་ཚུལ་ཁྲིམས་ཆོས་གྲགས་ཞེས་གསོལ།
དགུང་ལོ་བརྒྱད་པར་སྐུ་འབུམ་བྱམས་པ་གླིང་གི་རང་སྒར་དུ་གདན་སར་བཀོད་དེ་ཚོགས་ཆེན་གྱི་ཚོགས་དབུས་སུ་དགེ་འདུན་མང་ལ་མཇལ་ཁ་དང་། དགའ་ལྡན་ལྷ་བརྒྱ་མའི་ལུང་འབུལ་གནང་།
དགུང་ལོ་དགུ་པར་ཞིང་སྐྱོང་ཉ་ཀྱཱ་ལྷ་རམས་པ་ངག་དབང་ཆོས་གྲགས་ཡོངས་འཛིན་དུ་བསྟེན་ནས་སྨན་བླ་རྒྱས་པ་སོགས་འདོན་ཆོས་སྤྱོད་དང་། རྒྱན་འཇུག །བསྡུས་གཞུང་དང་རྣམ་འགྲེལ་བློ་རྟགས། ཀུན་གཞི་རྩ་འགྲེལ། དྲང་ངེས་རྣམ་འབྱེད་སོགས་ཀྱི་ཡིག་ཆ་རྣམས་བློ་འཛིན། རྣམ་འགྲེལ་གྱི་གཞུང་། ཕར་ཕྱིན་སྐབས་བརྒྱད་ཀ །དྲང་ངེས་རྣམ་འབྱེད། དབུ་མ་ལུང་རིགས་སྒྲོན་མ་སོགས་ལ་བཤད་ཁྲིད་དང་། གཞན་རྣམས་ལ་མཛུབ་ཁྲིད་དང་དཔེ་ཁྲིད་རིམ་བཞིན་ཞུས། ཞོར་དུ་སྒྲ་སྙན་ངག་སྡེབ་སྦྱོར་སོགས་རིག་གནས་ཀྱི་སྐོར་རྣམས་སྦྱངས་ཤིང་དཔེར་བརྗོད་ཀྱི་རྩོམ་རྒྱུགས་ཀྱང་ཕུལ་བས་ཀུན་བཤད་ཀྱི་མིང་མི་ཕམ་སྒྲ་དབྱངས་བཞད་པའི་རྡོ་རྗེ་ཞེས་གནང་།
དགུང་ལོ་བཅུ་གསུམ་པར་སྐུ་འབུམ་དཔལ་ལྡན་བཤད་སྒྲུབ་གླིང་གི་ཆོས་སྒོར་ཞུགས་ནས་བསྡུས་ཆུང་གི་འཛིན་གྲྭ་ལྔའི་སྐབས་འཛིན་གཤར་སྦྱང་། སྔ་ཕྱིར་ཚོགས་ལངས་ལན་བཞིར་ལངས་ཤིང་། དགུང་ལོ་བཅུ་དྲུག་པར་བསྡུས་གྲྭའི་དམ་བཅའ་ཉིན་གསུམ་གྱི་རིང་དུ་བཞག་པར་མཛད།
དགུང་ལོ་བཅུ་དགུའི་སྐབས་དཔྱིད་ཆོས་དང་པོ་བཙུགས་མ་ཐག་སྒོ་མང་སྐབས་དང་པོའི་སྐྱོར་དཔོན་ལ་བཞག །
དགུང་ལོ་ཉི་ཤུའི་སྐབས་ཤིང་བཟའ་བློ་བཟང་བསྟན་པའི་དབང་ཕྱུག་ཚུལ་ཁྲིམས་ཀྱི་དྲུང་དུ་བསྙེན་པར་རྫོགས། དགུང་ལོ་ཉེར་གཅིག་པར་རྒྱུད་པ་གྲྭ་ཚང་གི་ཆོས་སྒོར་ཞུགས་ནས་གསང་བདེའི་བདག་མདུན་སོགས་ཀྱི་ཆོ་ག་སོགས་བློ་འཛིན་དང་། དབྱངས་ཐིག་གར་གསུམ་དང་བཅས་པར་ལེགས་པར་སྦྱངས།
དགུང་ལོ་ཉེར་གཉིས་པར་རྒྱུད་པ་མཁན་པོའི་ཁྲི་ལ་ཕེབས་ཤིང་ལོ་གཅིག་བཞུགས་པར་མཛད། གྲུབ་དབང་འཇིགས་མེད་བསམ་གཏན། ཤིང་བཟའ་རིན་པོ་ཆེ། ཞྭ་དམར་དགེ་འདུན་བསྟན་འཛིན་རྒྱ་མཚོ་སོགས་ལས་ཆོས་བཀའ་མང་དུ་གསན། ཟི་ན་མཁན་ཆེན་སྐལ་བཟང་དར་རྒྱས་རྒྱ་མཚོའི་དྲུང་ནས་སྨན་རྩིས་ཀྱི་སྐོར་རྣམས་གསན།
དགུང་ལོ་ཉེར་བཞི་དང་ཉེར་ལྔ་གཉིས་སུ་མཆོད་རྟེན་སྐེས་དགོན་པ་དང་། ཁྲི་ཀ་གོང་བ་གྲྭ་ཚང་། རྭ་རྒྱ་དགོན། མགོ་ལོག་གི་འབྲོག་སྡེ་རྩངས་སྐོར། བོང་སྟག །ཁུར་ལུགས་པཱེ་ཟིའི་ཧོར་ཤུ་སོགས་སུ་ཆོས་ཀྱི་འཁོར་ལོ་བསྐོར་བར་མཛད། ཨ་ཏི་དགོན་དུ་ཡི་དམ་ཡང་གསང་གི་བསྙེན་སྒྲུབ་སྦྲགས་མ་མཛད། སྐབས་དེར་སུམ་རྟགས་ཀྱི་མཆན་འགྲེལ་ངོ་མཚར་འཕྲུལ་གྱི་ལྡེ་མིག་བརྩམས།
དགུང་ལོ་ཉེར་བདུན་པར་སྐུ་འབུམ་དགོན་པའི་ཁྲི་ལ་ཕེབས་ནས་ལོ་གསུམ་གྱི་རིང་དུ་གདན་ས་བསྐྱངས། ཁྲི་ཟུར་ནས་ཁལ་ཁ་དང་། ཨུ་ཅུ་མུ་ཆིན་སོགས་སུ་ཕེབས་ཤིང་ཆོས་ཀྱི་འཁོར་ལོ་བསྐོར་བར་མཛད་པ་དང་། རྒྱ་ནག་པེ་ཅིན་དང་རི་བོ་རྩེ་ལྔ་སོགས་སུ་ཕེབས་ཏེ་གནས་མཇལ་དང་བསྙེན་བཀུར་སྨོན་འདུན་ཡང་མཛད།
དགུང་ལོ་སོ་བདུན་པར་ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་གདན་ས་བྱ་ཁྱུང་དགོན་པའི་ཁྲི་ལ་ཕེབས་ཏེ་དགའ་སྟོན་དང་བསྙེན་བཀུར་ཞུས། ལོ་གཅིག་ལྷག་ཙམ་གྱི་རིང་ལ་འགྲིག་ལམ་ཀུན་སྤྱོད་དང་ཆོས་འཆད་ཉན་སྐོར་ལ་དོ་དམ་གང་ལེགས་མཛད། སྐུ་འབུམ་དགོན་དང་། བྱ་ཁྱུང་དགོན། ཁྱུང་ཀྱཱ་དགོན། བཱ་ཡན་སྨད་ཐའི་དགོན། གསེར་ཏོག་དགོན་བཅས་ལ་རྟེན་དང་བརྟེན་པ་མང་དུ་བཞེངས།
དགུང་ལོ་ལྔ་བཅུ་ང་དགུ་པར་ཨན་འཇའ་སུ་ཞབས་དྲུང་དང་། ཆུ་དཀར་ཞབས་དྲུང་སོགས་སུ་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བསྟེན་པའི་སྒོ་ནས་དབང་ཆེན་མང་པོ་གནང་བར་མཛད།
དགུང་ལོ་ང་དགུ་ལ་སྐུ་འབུམ་གྱི་གདན་རབས་རྩོམ་པར་མཛད། ཁོང་ནི་སྐུ་འབུམ་དགོན་པའི་གདན་སའི་ཁྲི་ཆེན་དྲུག་ཅུ་རེ་གསུམ་པ་དང་། བྱ་ཁྱུང་དགོན་པའི་མཁན་རབས་བདུད་ཅུ་དོན་དགུ་པ་ཡིན། དགུང་ལོ་དོན་གཅིག་ལ་ཕེབས་པ་ཕྱི་ལོ་ ༡༩༡༥ ལོར་སྐུ་གཤེགས།
གསུང་རྩོམ་ལ། [ དགེ་ལྡན་རྩིས་གཞུང་བླང་དོར་གསལ་བའི་སྣང་བའི་མཛོད་མངོན་པར་དྲངས་པའི་རེའུ་མིག་མདོར་བསྡུས་མགྱོགས་འགྲོ་བདུན་ལྡན་གྱི་ཤིང་རྟ།] དང་[བོད་ཀྱི་བརྡ་སྤྲོད་པ་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་མཆན་འགྲེལ་མདོར་བསྡུས་ཏེ་བརྗོད་པ་ངོ་མཚར་འཕྲུལ་གྱི་ལྡེ་མིག] [སྒྲུབ་ཐབས་རིན་ཆེན་འབྱུང་གནས་ཀྱི་རྗེས་གནང་སྐབས་སུ་ཉེ་བར་མཁོ་བའི་མཆོད་གཏོར་སོགས་ཀྱི་ལག་ལེན་ཟུར་དུ་བཀོལ་བ་ཀུན་གསལ་མེ་ལོང་།] [གསང་ཆེན་རྡོ་རྗེ་ཐེག་པའི་ས་དང་ལམ་གྱི་རྣམ་པར་གཞག་པ་ཟུང་འཇུག་ཁང་དུ་བགྲོད་པའི་རིན་ཆེན་ཐེམ་སྐས་]སོགས་ཆོས་ཚན་བརྒྱ་དང་དགུ་བཅུ་གོ་གཉིས་དང་པོད་འབྲིང་པོ་ཏི་བཅུ་ཙམ་བཞུགས།

༢༠༡༨.༡༡.༠༧. སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས་བཏུས་བསྒྲིགས་བྱས།

དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་དམ་འདྲེན་བཀོད་བྱ་དགོས་ཚེ་[སེར་བྱེས་རིག་མཛོད་ཆེན་མོ་ལས་དྲངས་པ་ཡིན།]ཞེས་རྩོམ་ཁུངས་ཁ་གསལ་འགོད་དགོས།

དྲ་ཐོག་འཇུག་དུས། 2022 ལོའི་ཟླ་བ། Aug ཚེས། 10 རེས་གཟའ། Wed

སྔགས་ཀྱི་བཀླག་ཐབས་རྩ་འགྲེལ།

དྲ་འཇུག་པ།

sjrb-0252མཛད་པ་པོ། སྣར་ཐང་ལོ་ཙཱ་བ་དགེ་འདུན་དཔལ།
བརྗོད་བྱ།
ལེགས་སྦྱར་གྱི་ཡི་གེ་ཀློག་ཐབས།
རིག་མཛོད་འཕྲུལ་དེབ་ཨང་།
SJRB-0252
ཡིག་ཆའི་རྣམ་པ།
PDF
ལྗིད་ཚད།
1.4MB
རྩོམ་སྒྲིག་ཁང་།
སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༨ ལོའི་ཟླ་བཅུ་གཅིག་པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༢ ལོའི་ཟླ་བརྒྱད་པར་བསྐྱར་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
སྣར་ཐང་ལོ་ཙཱ་བ་དགེ་འདུན་དཔལ་ལམ་སྣར་ཐང་ལོ་ཙཱ་བ་སཾགྷཤྲཱི་ནི། དུས་རབས་བཅུ་བཞི་པའི་དུས་སྨད་ཙམ་དུ་སྐུ་འཁྲུངས་པའི་ལོ་ཙཱ་བ་ཞིག་ཡིན། ཁོང་དགུང་ལོ་ཆུང་ངུའི་དུས་ནས་དཔལ་སྣར་ཐང་དགོན་པའི་ཆོས་སྒོར་ཞུགས་ཤིང་རབ་ཏུ་བྱུང་བ་དང་། དགེ་ཚུལ་དང་དགེ་སློང་གི་སྡོམ་པ་རྣམས་རིམ་གྱིས་བཞེས་ཏེ་མདོ་སྔགས་གཉིས་ཀའི་གཞུང་ལུགས་ལ་ཐོས་བསམ་ནན་ཏན་དུ་མཛད། དེ་ནས་འགོས་ལོ་གཞོན་ནུ་དཔལ་དང་འདུལ་ནག་པ་དཔལ་ལྡན་བཟང་པོ་སོགས་ལ་སྒྲ་དང་། སྙན་ངག་མངོན་བརྗོད། རྩིས་སོགས་ཀྱི་ཁྲིད་གནང་སྟེ་སློབ་བུ་མང་དུ་གསོ་སྐྱོང་མཛད། རབ་བྱུང་བདུན་པའི་ལྕགས་བྱི་ལོ་སྟེ་ཕྱི་ལོ་༡༤༢༠ལོར་བཤེས་གཉེན་བློ་གྲོས་དཔལ་འབར་གྱིས་ཡང་ཡང་བསྐུལ་ངོར་ཐང་པོ་ཆེའི་གཙུག་ལག་ཁང་དུ་སྔགས་བཀླག་ཐབས་བསྡུས་པའི་ཊཱིཀྐ་མཐོང་བ་དོན་གསལ་བརྩམས། ད་དུང་ཀ་ལཱ་པའི་མཚམས་སྦྱོར་ལྔ་པའི་ཊཱིཀྐ་གཞུང་དོན་གསལ་བ་དང་། སྙན་ངག་མེ་ལོང་གི་བཤད་པ་བཀླགས་པས་དོན་ཐམས་ཅད་འགྲུབ་པ། དོན་རྒྱན་གསལ་བའི་མེ་ལོང་མཁས་པ་དགའ་བྱེད་འོད་ཟེར་འབུམ་ཕྲག་བརྒྱ་པ་སོགས་བཞུགས། འདིའི་འཁྲུངས་འདས་ཀྱི་ལོ་ཚིགས་སོགས་གསལ་པོ་མ་ངེས་ཤིང་། རྣམ་ཐར་རྒྱས་པ་ཞིག་མཇལ་རྒྱུ་མ་བྱུང་པས་འདི་ཙམ་ཞིག་གངས་ཅན་མཁས་གྲུབ་རིམ་བྱོན་གྱི་མིང་མཛོད་ལས་བཏུས་ཏེ་བཀོད་པའོ། །

PDF       ཕབ་ལེན།
དྲ་ཐོག་འཇུག་དུས། 2022 ལོའི་ཟླ་བ། Aug ཚེས། 10 རེས་གཟའ། Wed

གསེར་ཏོག་སུམ་རྟགས།

དྲ་འཇུག་པ།

sjrb-0289མཛད་པ་པོ། བློ་བཟང་ཚུལ་ཁྲིམས་རྒྱ་མཚོ། 
བརྗོད་བྱ།
བོད་ཀྱི་བརྡའི་རྣམ་གཞག
རིག་མཛོད་འཕྲུལ་དེབ་ཨང་།
SJRB-0289
ཡིག་ཆའི་རྣམ་པ།
PDF
ལྗིད་ཚད།
1.7MB
འགྲེམས་སྤེལ་སྒྲིག་སྦྱོར།
སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།
༢༠༡༨ལོའི་ཟླ་བཅུ་གཅིག་པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༢ལོའི་ཟླ་བདུན་པར་བསྐྱར་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས། 
གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ་ནི། ཕྱི་ལོ ༡༨༤༥ ལོར་ཙོང་ཆུའི་ཉེ་འགྲམ་ཨར་ཆ་ཞེས་པར་སྐུ་འཁྲུངས། དགུང་ལོ་གསུམ་པར་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་མཛད། རྗེ་གསེར་ཁང་བ་ལས་དགེ་བསྙེན་གྱི་སྡོམ་པ་མནོས། ལོ་དེར་གསེར་ཏོག་དགོན་དུ་གདན་སར་བཀོད། དགུང་ལོ་ལྔ་པ་ནས་ཡི་གེ་སྦྱོར་ཀློག་སོགས་ལ་སྦྱངས། དགུང་ལོ་བདུན་པར་དགེ་ཚུལ་གྱི་སྡོམ་པ་མནོས། དགུང་ལོ་བརྒྱད་པར་སྐུ་འབུམ་དགོན་དུ་ཆོས་ཞུགས་དང་། བསྡུས་གྲྭ་སོགས་གསན་བསམ་གནང་། དགུང་ལོ་ཉི་ཤུའི་སྐབས་བསྙེན་པར་རྫོགས། དགུང་ལོ་ཉེར་གཅིག་པར་རྒྱུད་པ་གྲྭ་ཚང་གི་ཆོས་སྒོར་ཞུགས། དགུང་ལོ་ཉེར་གཉིས་པར་རྒྱུད་པ་མཁན་པོའི་ཁྲི་ལ་ཕེབས། གྲུབ་དབང་འཇིགས་མེད་བསམ་གཏན་སོགས་ལས་ཆོས་བཀའ་གསན། དགུང་ལོ་ཉེར་བདུན་པར་སྐུ་འབུམ་དགོན་པའི་ཁྲི་ལ་ཕེབས། ཁྲི་ཟུར་ནས་ཁལ་ཁ་སོགས་སུ་ཆོས་ཀྱི་འཁོར་ལོ་བསྐོར་བར་མཛད། དགུང་ལོ་སོ་བདུན་ལ་བྱ་ཁྱུང་དགོན་པའི་ཁྲི་ལ་ཕེབས། སྐུ་འབུམ་སོགས་སུ་རྟེན་དང་བརྟེན་པ་མང་དུ་བཞེངས། དགུང་ལོ་དོན་གཅིག་ལ་ཕེབས་པ་ཕྱི་ལོ་ ༡༩༡༥ ལོར་སྐུ་གཤེགས། གསུང་རྩོམ་ལ། པོད་འབྲིང་པོ་ཏི་བཅུ་ཙམ་བཞུགས།

PDF       ཕབ་ལེན།
དྲ་ཐོག་འཇུག་དུས། 2020 ལོའི་ཟླ་བ། Sep ཚེས། 14 རེས་གཟའ། Mon

མཚན་གཟུངས་ཕྱོགས་བསྒྲིགས།

དྲ་འཇུག་པ།

sjrb-0336མཛད་པ་པོ། སྣ་ཚོགས།
བརྗོད་བྱ།
མཚན་གཟུངས་སྣ་ཚོགས།
ཆོས་ཚན་གྲངས།
བརྒྱ་དང་བརྒྱད་ཅུ་རྩ་བཞི་བཞུགས།
རིག་མཛོད་འཕྲུལ་དེབ་ཨང་།
SJRB-0336
རྣམ་པ།
PDF
ལྗིད་ཚད།
1.4MB
བསྐྱར་སྒྲིག་པ།
རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།
༢༠༡༨ ཟླ་བཅུ་གཅིག་པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༠ ཟླ་ ༩ ཚེས་ ༡༤ ལ་བསྐྱར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
མཚན་གཟུངས་ཕྱོགས་བསྒྲིགས་ཀྱི་འཕྲུལ་དེབ་འདི་ནི་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་མཚན་གཟུངས་རྒྱུན་ཁྱེར་ཕྱོགས་བསྒྲིགས་ཞེས་པ་མ་ཕྱིར་བཟུང་སྟེ་ཡིག་འབེབ་དང་གཤིབ་བསྡུར་གྱིས་འཕྲུལ་དེབ་ཏུ་རྩོམ་སྒྲིག་བྱས་པ་ཡིན།

PDF       ཕབ་ལེན།

དྲ་ཐོག་འཇུག་དུས། 2020 ལོའི་ཟླ་བ། Aug ཚེས། 22 རེས་གཟའ། Sat

ཀུན་བཏུས་དར་ཊཱིཀ་རྩ་འགྲེལ་སྦྱར་མ།

དྲ་འཇུག་པ།

sjrb-0051རྩ་བ་མཛད་པ་པོ། སློབ་དཔོན་ཐོགས་མེད།
འགྲེལ་བ་མཛད་པ་པོ།
རྒྱལ་ཚབ་དར་མ་རིན་ཆེན།
བརྗོད་བྱ།
ཕུང་ཁམས་སྐྱེ་མཆེད་སོགས།
པར་གཞིའི་ཡོང་ཁུངས།
བཤད་སྒྲུབ་ཟུང་འབྲེལ་དཔར་སྐྲུན་ལྷན་ཚོགས།
རིག་མཛོད་འཕྲུལ་དེབ་ཨང་།
SJRB-0051
ཡིག་ཆའི་རྣམ་པ།
PDF
ལྗིད་ཚད།
3.4MB
བསྐྱར་སྒྲིག་པ།
རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།
༢༠༡༨ ཟླ་བཅུ་པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༠ ཟླ་ ༨ ཚེས་ ༢༠ ལ་བསྐྱར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
གཞུང་འདི་ནི་འཕགས་པ་ཐོགས་མེད་ཀྱི་གསུང་མངོན་པ་ཀུན་བཏུས་ཀྱི་འགྲེལ་པ་རྒྱལ་ཚབ་དར་མ་རིན་ཆེན་གྱིས་མཛད་པ་དེ་ཉིད་ཡིན་ལ། པར་རྩའི་ཡོང་ཁུངས་བཤད་སྒྲུབ་ཟུང་འབྲེལ་དཔར་སྐྲུན་ལྷན་ཚོགས་ཡིན་པ་གོང་འཁོད་ལྟར་དོ་བདག་གི་པར་རྩ་སོར་བཞག་གིས་རྩོམ་སྒྲིག་བྱས་ཡོད།

PDF       ཕབ་ལེན།
དྲ་ཐོག་འཇུག་དུས། 2020 ལོའི་ཟླ་བ། Sep ཚེས། 14 རེས་གཟའ། Mon

གཏོར་ཆོག་ཕྱོགས་བསྒྲིགས།

དྲ་འཇུག་པ།

sjrb-0333མཛད་པ་པོ། སྣ་ཚོགས།
བརྗོད་བྱ།
མཆོད་སྦྱིན་གྱི་གཏོང་མ་འབུལ་བའི་ཚུལ།
ཆོས་ཚན་གྲངས།
སུམ་ཅུ་རྩ་བཞི།
རིག་མཛོད་འཕྲུལ་དེབ་ཨང་།
SJRB-0333
རྣམ་པ།
PDF
ལྗིད་ཚད།
2.8MB
༢༠༡༨ ཟླ་ ༡༠ པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༠ ཟླ་ ༩ ཚེས་ ༡༤ ལ་བསྐྱར་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
འཕྲུལ་དེབ་འདི་ནི་མཆོད་སྦྱིན་གྱི་གཏོར་མ་གཏོང་བའི་ཆོ་ག་སྣ་ཚོགས་ཕྱོགས་བསྒྲིགས་བྱས་པ་ཞིག་ཡིན་ལ། འདིར་གཏོར་མ་བརྒྱ་རྩ་དང་ཆབ་གཏོར་གཏོང་ཚུལ། ལན་ཆགས་གཏོར་མ་གཏོང་ཚུལ། འབྱུང་བཞིའི་གཏོར་མ་གཏོང་ཚུལ་སོགས་ཆོས་ཚན་གྲངས་ ༣༤ ལྷན་དུ་བསྡུས་ཡོད། འདིར་བསྡུས་པའི་མ་དཔེ་རྣམས་ཀྱི་མཛད་བྱང་དང་པར་བྱང་སོགས་རང་སོར་བཞག་ཡོད་ན་ཡང་། མ་དཔེའི་ནང་གི་ཚིག་བསྡུས་པ་ཕལ་མོ་ཆེ་ཞིག་འདོན་བདེ་བའི་ཆེད་དུ་ཁ་བསྐངས་ཏེ་ཅུང་ཟད་ཇེ་རྒྱས་སུ་བཏང་ཡོད།

༡. གཏོར་མ་བརྒྱ་རྩ།  ༢. ཆབ་གཏོར་གཏོང་ཚུལ།  ༣. ལན་ཆགས་གཏོར་མ་གཏོང་ཚུལ།  ༤. སུ་རཱུ་པའི་གཏོར་མ་གཏོང་ཚུལ།  ༥. གླུད་རྫོང་བར་ཆད་ཀུན་སེལ།  ༦. ནད་པའི་ཆེད་གླུད་གཏོང་ཚུལ།  ༧. འབྱུང་བཞིའི་གཏོར་མ་གཏོང་ཚུལ།  ༨. འབྱུང་བཞིའི་གཏོར་མ་གཏོང་ཚུལ།  ༩. ཆ་བཞི།  ༡༠. དྲུག་ཅུ་བ་ཞི་དྲག་གི་འདོན་སྒྲིག  ༡༡. ཀླུ་གཏོར་གཏོང་ཚུལ།  ༡༢. ཀླུ་གཏོར་བདུད་རྩིའི་ཆུ་རྒྱུན།  ༡༣. ཚ་གསུར་གཏོང་ཚུལ།  ༡༤. ཚ་བསུར།  ༡༥. ཚ་གསུར་གཏོང་ཚུལ་བསྡུས་པ།  ༡༦. མ་མོའི་འཁྲུག་བསྐོང་བྱ་ཚུལ།  ༡༧. བཙན་མཆོད་མདོར་བསྡུས།  ༡༨. བགེགས་གཏོར།  ༡༩. ཁ་འབར་མའི་མདོས་ཆེན་གནོད་པ་ཀུན་སེལ།  ༢༠. ཁ་འབར་མའི་ཆོ་ག  ༢༡. བརྒྱ་བཞིའི་ཆོ་ག  ༢༢. ཀླུ་བརྒྱད་ཀྱི་ཆོ་ག་ལ་བརྟེན་པའི་གདོན་འགྲོལ་བྱ་ཚུལ།   ༢༣. ས་བདག་གདོན་དགྲོལ་ཉེས་པ་ཀུན་སེལ།  ༢༤. གདོན་སྒྲོལ་གྱི་ཆོ་ག  ༢༥. གདུགས་དཀར་བཟློག་ཆེན་བར་ཆད་ཀུན་སེལ།  ༢༦. གདུགས་དཀར་གྱི་གདོན་བཟློག་གེགས་སེལ།  ༢༧. གཙུག་ཏོར་དཀར་མོའི་བཟློག་བསྒྱུར།  ༢༨. སྒྲོལ་མ་གཡུལ་བཟློག་གི་ཆོ་ག་ཕྱོགས་བསྒྲིགས།  ༢༩. སྒྲོལ་མདོས་བར་གཅོད་ཀུན་སེལ།  ༣༠. ཁྲུས་ཆོག་བྱ་ཚུལ།  ༣༡. འདོན་ཡོན་བསྔོ་བའི་ཆོ་ག  ༣༢. གཤིན་པོའི་ཆེད་དུ་བསྔོ་བའི་འདོད་ཡོན་གྱི་ཆོ་ག  ༣༣. དམ་ཚིག་རྡོ་རྗེའི་སྒོམ་བཟླས།  ༣༤. ཟ་བྱེད་མཁའ་འགྲོའི་སྦྱིན་སྲེག །
PDF       ཕབ་ལེན།
དྲ་ཐོག་འཇུག་དུས། 2018 ལོའི་ཟླ་བ། Oct ཚེས། 15 རེས་གཟའ། Mon

མཆིམས་བློ་བཟང་གྲགས།

དྲ་འཇུག་པ།

 མཆིམས་བློ་བཟང་གྲགས་པ་ནི། སྣར་ཐང་གི་གདན་རབས་བཅུ་གཉིས་པ་ཡིན། ཕྱི་ལོ་ ༡༢༩༩ ལོར་མཆིམས་ནམ་མཁའ་གྲགས་དང་རིགས་དང་ཡུལ་གཅིག་སྟེ་མྱང་[ཉང་ཡང་འབྱུང་།]སྟོད་སྨོན་འགྲོའི་ཁའུར་མཆིམས་ཀྱི་རིགས་སུ་འཁྲུངས། ཟེའུ་པ་གྲགས་པ་ཤེས་རབ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས།
   སྣར་ཐང་གི་མཁན་ཆེན་བཅུ་པ་འདུལ་འཛིན་གྲགས་པ་བརྩོན་འགྲུས་[དེབ་སྔོན་དུ། བརྩོན་འགྲུས་གྲགས་པ་ཞེས་འབྱུང་།]དང་། དེའི་གཅུང་པོ་མཁན་ཆེན་བཅུ་གཅིག་པ་གྲགས་པ་ཤེས་རབ། རྒྱང་རོ་བྱང་ཆུབ་འབུམ་ལ་སོགས་པ་བསྟེན་ནས་མདོ་སྔགས་ཀྱི་གཞུང་ལུགས་སྤྱི་དང་ཁྱད་པར་དུ་བཀའ་གདམས་ཀྱི་གདམས་པ་རྣམས་གསན་བཞེས་མཛད།
    མང་ཐོས་ཀླུ་སྒྲུབ་རྒྱ་མཚོའི་བསྟན་རྩིས་སུ། འདིས་ཀུན་མཁྱེན་དོལ་བུ་ཤེས་རབ་རྒྱལ་མཚན་ལའང་ཆོས་འབྲེལ་གསན་པར་བཤད་འདུག །
   རབ་བྱུང་ལྔ་པའི་ཤིང་གླང་ཕྱི་ལོ་ ༡༣༢༥ ལོ་ནས་རབ་བྱུང་དྲུག་པའི་ཆུ་ཡོས་ ༡༣༦༣ ལོའི་བར་ལོ་སུམ་ཅུ་སོ་དགུའི་རིང་[དེབ་སྔོན་དུ། ལོ་བཞི་བཅུ་ཞེས་འབྱུང་།]སྣར་ཐང་གི་གདན་ས་བཟུང་སྟེ་བསྟན་པ་བསྐྱངས། [མཁས་པའི་མིང་མཛོད་དུ། རབ་བྱུང་དྲུག་པའི་མེ་གླང་ཕྱི་ལོ་ ༡༣༣༧ ལོ་ནས་ཞེས་འབྱུང་བའི་ཁུངས་བཙལ་དགོས་སོ། ། ]གཞན་ཡང་གདན་ས་བསྐྱངས་པའི་རིང་ལ་ཆོས་སྡེར་ཤ་ཁྲིམས་དང་ཕམ་པ་མི་བསྟེན་པ་ལ་སོགས་པའི་ཁྲིམས་དམ་པར་མཛད།
   གསན་ཡིག་རྣམས་སུ་ལུང་ཁྲིད་སོགས་ཀྱི་བརྒྱུད་རིམ་མང་པོ་ཞིག་གི་སྐབས་དམ་པ་འདི་ཉིད་འབྱུང་ཞིང་བརྒྱུད་རིམ་གྱི་སྐབས་འགའ་ཞིག་ཏུ། མཆིམས་ནམ་མཁའ་གྲགས། མཆིམས་བློ་བཟང་གྲགས་པ། ཞེས་མཆིམས་བློ་བཟང་གྲགས་ཀྱིས་མཆིམས་ནམ་མཁའ་གྲགས་ལས་དངོས་སུ་གསུང་ཆོས་ཞུས་ཡོད་པ་ལྟ་བུ་ཞིག་འབྱུང་ནའང་། མཆིམས་ནམ་མཁའ་གྲགས་ཕྱི་ལོ་ ༡༢༨༥ ལོར་འདས་པ་དང་། མཆིམས་བློ་བཟང་གྲགས་ཕྱི་ལོ་ ༡༢༩༩ ལོར་འཁྲུངས་པ་ཡིན་པས་དངོས་སུ་ཆོས་འབྲེལ་གསན་པ་ནི་མེད་དོ། །
   གཞན་ཡང་རྗེ་འདི་ལ་གཅུང་དམ་པ་ཞིག་ཀྱང་ཡོད་པར། ལས་ཆེན་གྱི་ཆོས་འབྱུང་དུ། ༡༥༧ན༡ན། [གདན་རབས་བཅུ་གསུམ་པ་མཁན་ཆེན་ཀུན་དགའ་རྒྱལ་མཚན།] འདིའི་རྗེས་སུ་མཁན་ཆེན་བློ་བཟང་གྲགས་པའི་གཅུང་པོ་ཆེན་པོ་སྙན་གྲགས་བཟང་པོས་ཉེ་གནས་ཆེན་མོའི་གོ་སར་བཞུགས་ནས་བསྟན་པའི་ཞབས་ཏོག་དུ་མ་མཛད། ཁྱད་པར་དུ་དཀར་ཕུགས་གསོ་ནམ་མཛད་ནས། ནང་དུ་གནས་བརྟན་ལྷ་ཁང་། མཁན་ཆེན་བློ་བཟང་གྲགས་པའི་ཕྱི་རྟེན་གྱི་མཆོད་རྟེན་སྒོ་མང་། ཕྱི་ལྕགས་རི་ཆེན་མོ་གྱང་རིམ་བཅུ་བཞི་ཡོད་པ་དེ་བཞེངས་པར་མཛད་དོ། །ཞེས་འབྱུང་ངོ་། །
   གཞན་ཡང་། སྣར་ཐང་གི་བཀའ་བསྟན་ཞེས་བཀའ་བསྟན་གྱི་ཕྱི་མོ་ཐོག་མ་དེ་བཞེངས་གྲུབ་སྐབས་ཀྱང་དམ་པ་འདིས་སྣར་ཐང་གི་གདན་ས་མཛད་སྐབས་ཡིན་པར་ལས་ཆེན་གྱི་ཆོས་འབྱུང་དུ་གསུངས་ཏེ། དེར། ༢༦༥བ༡ན། བོད་དུ་བསྟན་འགྱུར་ཐོག་མར་བསྡུས་པ་ནི་འདི་ཉིད་ཡིན་ལ། དུས་ནི་མཁན་ཆེན་བློ་བཟང་གྲགས་པའི་སྐབས་ཡིན་ནོ། །ཞེས་འབྱུང་།
   ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས་མཆིམས་བློ་བཟང་གྲགས་པའི་སྤྱན་སྔར་མདོ་སྔགས་ཀྱི་ཆོས་མང་དུ་གསན་པའི་སྐབས་ཤིག །བླ་མའི་ཞལ་ནས། ཁྱོད་ཀྱི་གདུལ་བྱ་མདོ་སྨད་དུ་ཡོད་པས་དེར་སོང་ལ། བྱ་ཁྱུང་དང་ཤ་སྦྲང་དགོན་ཐོབས་ཤིག །བཤད་སྒྲུབ་གང་འཕེལ་གྱིས། སྒོས་སུ་བྲག་བྱ་ཁྱུང་དུ་འབོད་པར་སྒྲུབ་པ་ཉམས་བཞེས་ལ་འབད་པར་གྱིས། དེ་དུས་ཁྱོད་ལ་སློབ་མ་མང་དུ་འོང་བ་ཡོད་ཅིང་། ལྷག་པར་དུ་སློབ་མ་ཁྱེའུ་ངོ་མཚར་ཅན་ཞིག་འབྱུང་བ་དེ་གཅེས་པར་སྐྱོངས། དེ་རབ་ཏུ་བྱུང་ལ་ངའི་མིང་འདི་ཐོགས་དང་བསྟན་པ་ལ་ཕན་ཐོགས་ཁྱད་པར་ཅན་འབྱུང་། ཞེས་རྗེ་ཙོང་ཁ་པ་འཁྲུངས་པའི་ལུང་བསྟན་གསལ་བར་གནང་། ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས་ཀྱང་རྗེ་ཙོང་ཁ་པ་ལ་མཁན་ཆེན་གྱི་མཚན་དེ་རང་འདོགས་པར་མཛད་པ་དང་། སྐུ་ན་ཆུང་དུས་ནས་བླ་མའི་བཀའ་ལུང་ལྟར་གཅེས་པར་བསྐྱངས་ཤིང་རྗེ་ཙོང་ཁ་པ་དགུང་ལོ་བཅུ་བདུན་གྱི་སྐབས་སློབ་གཉེར་གྱི་ཆེད་དབུས་སུ་མངགས་པར་མཛད་པ་སོགས་ནི་རྗེ་ཙོང་ཁ་པའི་རྣམ་ཐར་རྣམས་སུ་གསལ་བ་ལྟར་རོ། །
   འདིའི་སློབ་མ་ལ། ཆོས་རྗེ་དོན་གྲུབ་རིན་ཆེན་དང་། གཡག་སྡེ་པཎ་ཆེན། སྣར་ཐང་བཅུ་གསུམ་པ་མཁན་ཆེན་ཀུན་དགའ་རྒྱལ་ཚན། ཡོལ་སྟོན་བསོད་ནམས་ལྷུན་གྲུབ་སོགས་མང་དུ་བྱུང་།
   དགུང་ལོ་ ༧༧ པ་ཕྱི་ལོ་ ༡༣༧༥ ལོར་[ཁ་ཤས་སུ་༡༣༧༤ འབྱུང་།]སྐུ་གཤེགས། གསུང་རྩོམ་ལ། མཆིམས་མཛོད་ཆུང་བར་གྲགས་པ་ཆོས་མངོན་གསལ་བྱེད་ལེགས་བཤད་རྒྱ་མཚོ་དང་། མཛོད་ཀྱི་བསྡུས་དོན་ཞིག །དུས་ཚིགས་ཀྱི་རྣམ་བཞག་གསལ་པའི་མེ་ལོང་གི་རྩ་བ། དུས་ཚིགས་ཀྱི་རྣམ་བཞག་གསལ་བའི་མེ་ལོང་གི་བསྡུད་དོན། ཡང་དུས་ཚིགས་ཀྱི་རྣམ་བཞག་གསལ་བའི་མེ་ལོང་གི་འགྲེལ་པ་འཇུག་ཤོག་མ་ཚང་བ་ཞིག །གནས་བརྟན་བཅུ་དྲུག་གི་སྒྲུབ་ཡིག་རྒྱས་པ་ལ་བརྟེན་ཏེ་ཆོ་གའི་ལག་ལེན་གསལ་བར་སྟོན་པའི་སྒྲུབ་ཡིག་འབྲིང་སོགས་བཞུགས་སོ། །
   གདན་རབས་བཅུ་གསུམ་པ་ཀུན་དགའ་རྒྱལ་མཚན་གྱིས། མཆིམས་བློ་བཟང་གྲགས་ཀྱི་དགོངས་རྫོགས་ཀྱི་ཆེད་དུ་གནས་བཅུ་ལྷ་ཁང་[ཕྱིས་དགེ་འདུན་པ་རྣམས་ཀྱི་འདུ་ཁང་མཛད་པར་བཤད།]བཞེངས། རྒྱ་ཁྱོན་ཀ་བ་བཅོ་ལྔ། ནང་གི་གཙང་ཁང་རྒྱ་ཁྱོན་ཀ་བ་གཉིས། རྟེན་གཙོར་མཆིམས་བློ་བཟང་གྲགས་ཀྱི་ཐུགས་དམ་རྟེན་སྨན་འཇིམ་ལས་གྲུབ་པའི་ཐུབ་པ་ཚུལ་ཁྲིམས་མ་ཞེས་པ་མི་ཚད་ཙམ་སོགས་བཞུགས་པར་བཤད་པ་དང་། གདུང་རྟེན་བཀྲ་ཤིས་སྒོ་མང་གི་མཆོད་རྟེན་ཆེན་མོ་ཡང་བཞེངས་པར་བཤད་དོ། །
འདིའི་མཚན་གྱི་རྣམ་གྲངས་ལ། བློ་བཟང་གྲགས་པ། མཆིམས་བློ་བཟང་གྲགས་པ། དཔལ་ལྡན་མཆིམས། [མཁན་ཆེན་མཆིམས་ནི་མཆིམས་ནམ་མཁའ་གྲགས་ཀྱི་མཚན་གྱི་རྣམ་གྲངས་ཡིན་པས་དེ་དང་ནོར་བར་མི་བྱའོ། །] སྣར་ཐང་བཅུ་གཉིས་པ་བཅས་སོ། །
    ཞར་བྱུང་། འདིས་མཛད་པའི་མཛོད་འགྲེལ་ཆོས་མངོན་གསལ་བྱེད་ལེགས་བཤད་རྒྱ་མཚོ་ནི་མཁས་པ་རྣམས་སུ་མཆིམས་མཛོད་ཆུང་བར་གྲགས་པ་དེ་ཡིན་ལ། དམ་པ་འདི་དང་མཛོད་འགྲེལ་མངོན་པའི་རྒྱན་མཛད་པ་པོ་མཁས་པ་འཇམ་པའི་དབྱངས་གཉིས་གང་ཟག་གཅིག་ཏུ་འཁྲུལ་ཏེ་མཛོད་འགྲེལ་མངོན་པའི་རྒྱན་ལ་མཆིམས་མཛོད་ཅེས་བརྗོད་པ་ནོར་པ་ཡིན་པར་མཁས་པ་འཇམ་པའི་དབྱངས་ཀྱི་ངོ་སྤྲོད་སྐབས་བཤད་ཟིན་པ་ལྟར་ཡིན་ཞིང་། མཆིམས་མཛོད་དམ་མཆིམས་མཛོད་ཆེ་བ་ནི། མཆིམས་ནམ་མཁའ་གྲགས་ཀྱིས་མཛད་པའི་མཛོད་འགྲེལ་རྒྱས་པ་དེ་ཉིད་ཡིན་པས་དེར་འཁྲུལ་ཏེ་མཛོད་འགྲེལ་མངོན་པའི་རྒྱན་ལ་མཆིམས་མཛོད་ཅེས་བརྗོད་པའང་ནོར་བར་ངོ་སྤྲོད་དེར་བཤད་ཟིན་ཏོ། །
   གཞན་འདིས་མཛད་པའི་མཆིམས་མཛོད་ཆུང་བའི་མཆོད་བརྗོད་དུ། འཇིག་རྟེན་ཀུན་ལ་ཐམས་ཅད་མཁྱེན་པར་གྲགས། །སངས་རྒྱས་མཆིམས་ལ་གུས་པས་འདིར་ཕྱག་འཚལ། ཞེས་དང་། མཇུག་རྩོམ་དུ། དེ་དག་ཉིད་མཐུས་གངས་ཅན་འདིར། །འཆད་བྱེད་སྔ་མ་དེ་དག་གིས། །རྒྱས་བསྡུས་སྣ་ཚོགས་ལ་དགའི་ངོར། །རྣམ་བཤད་མང་དུ་མཛད་ཟིན་ཏོ། །ནམ་མཁའ་ལྟར་གྱུར་མཁྱེན་པ་རབ་ཡངས་གྲགས་པའི་མཐའ་ཅན་དེས་མཛད་གང་། །སྟོན་པའི་གསུང་བཞིན་བདག་གིས་བླངས་ཞིང་གཞན་ལ་བཤད་བྱ་དེ་ལྟ་ནའང་། །དེ་དོན་རྫོགས་པར་དོན་གཉེར་སྐྱེ་བོ་ཉིན་མོའི་སྐར་མ་ཇི་བཞིན་ཏེ། །གཞན་གང་ཅུང་ཟད་བློ་ཁ་ཕྱོགས་རྣམས་རང་རང་རྣམ་བཤད་བྱེད་པར་རྩོམ། །དེ་ཕྱིར་ཁོ་བོས་གཞུང་ལུགས་ཆེ་འདི་རང་གི་རྣམ་བཤད་དེ་འགྲེལ་དང་། །མཁས་རྣམས་དགོངས་པ་ཇི་བཞིན་རྟོགས་ནས་ཇི་ལྟར་རིགས་པ་འདིར་བསྡུས་ཏེ། །མང་ཉུང་རན་པར་གསལ་བར་བཤད་ལྟར་སྔོན་ཆད་གངས་རིའི་ལྗོངས་འདི་རུ། །གཞན་འགའ་མ་བྱུང་དེ་ཕྱིར་འདི་ཡང་དབྱིག་གཉེན་ཉིད་ཀྱིས་མཛད་པ་སྙམ། །ཞེས་པའི་ཚིག་དོན་གོ་སླ་ལ། འདིའི་གཞུང་དངོས་སུ། ཕུང་པོ་ལྔའི་གོ་རིམ་གྱི་སྐོར་ལ་གཞན་གྱི་བཞེད་པ་འགོད་སྐབས། འཆད་པ་པོ་དག་ནི། ཞེས་པའི་འཆད་པ་པོ་ལ་མཆན་བུ་མཆིམས་སྔ་མ་ཞེས་པ་ཞིག་སྦྱར་[མཆན་འདི་བསྟན་བཅོས་མཛད་པོའི་ཡིན་མིན་མ་ཤེས།]ཡོད་པ་དང་། གནས་གསུམ་པར། །མདོ་ལས་ཉི་ཤུ་རྩ་གཅིག་འབྱུང་བ་ནི་སྡེ་ཚན་གྱི་དང་པོ་སྤྱི་མིང་ཡིན་ཞེས་མཆིམས་ཆེན་པོ་གསུང་ངོ་། །ཞེས་དང་། འགྲེལ་པར། ལྷ་ཐམས་ཅད་འཕགས་པའི་སྐད་དུ་སྨྲའོ་ཞེས་པ་ནི་གཟུགས་ཀྱི་ལྷ་སྟེ་བརྫུན་ཚིག་སྤངས་པས་སོ་ཞེས་མཆིམས་ཆེན་པོས་གསུང་ངོ་། །ཞེས་འདི་གསུམ་མ་གཏོགས་གཞན་མཆིམས་མཛོད་དམ་མཆིམས་ནམ་མཁའ་གྲགས་ཀྱི་མཚན་དངོས་སྦྱར་བའི་ལུང་འདྲེན་གཅིག་ཀྱང་མི་སྣང་ནའང་མཆོད་བརྗོད་དང་མཇུག་བྱང་དང་གཞུང་དཀྱུས་ལ་བརྟགས་ཚེ་མཆིམས་མཛོད་ཆུང་བ་ནི་མཆིམས་མཛོད་དམ་མཆིམས་མཛོད་ཆེ་བའི་བསྡུས་དོན་ནམ་འགྲེལ་བཤད་ལྟ་བུར་མཛད་པ་མིན་ནམ་སྙམ་མོ། །
   འདིའི་ལོ་རྒྱུས་མདོར་བསྡུས་པ་ཙམ་ནི་དེབ་སྔོན་དང་ལས་ཆེན་གྱི་ཆོས་འབྱུང་སོགས་སུ་འབྱུང་ནའང་རྣམ་ཐར་རྒྱས་པའམ་ཞིབ་པ་ནི་མ་རྙེད་དོ། །

༢༠༡༨.༡༠.༡༡. སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས་བཏུས་བསྒྲིགས་བྱས།

དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་དམ་འདྲེན་བཀོད་བྱ་དགོས་ཚེ་[སེར་བྱེས་རིག་མཛོད་ཆེན་མོ་ལས་དྲངས་པ་ཡིན།]ཞེས་རྩོམ་ཁུངས་ཁ་གསལ་འགོད་དགོས།

ངོ་ཤོག 53 ནས་ 118