ངོ་སྤྲོད་ཀྱི་ཚོམས། (16)
དྲུག་པའི་ཚེས་བཞི།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ། བོད་ཟླ་༦པའི་ཚེས་༤ཉིན་ནི་དྲུག་པའི་ཚེས་བཞིའི་དུས་ཆེན་ནམ་ཆོས་འཁོར་དུས་ཆེན་ཡིན་ལ། སྔོན་སྟོན་པ་ཐུབ་པའི་དབང་པོས་དྲུག་པའི་ཚེས་བཞིའི་ཉིན་ཡུལ་ཝཱ་རཱ་ཎ་སཱིར། འཁོར་ལྔ་སྡེ་བཟང་པོར་བདེན་བཞིའི་ཆོས་འཁོར་ཐོག་མར་བསྐོར་བར་བརྟེན་ཉིན་དེ་དད་ལྡན་རྣམས་ཀྱིས་དུས་ཆེན་ཁྱད་པར་ཅན་ལ་ངོས་འཛིན་གནང་སྟེ་དེ་ཉིད་རྗེས་དྲན་དང་བསོད་ནམས་གསག་ཕྱིར་མཆོད་མཇལ་མཆོད་འབུལ་སོགས་བྱེད་པའི་སྲོལ་བྱུང་བ་ལ་ཆོས་འཁོར་དུས་ཆེན་དུ་གྲགས་ཤིང་། དུས་ཆེན་དེ་ཉིད་རྗེས་དྲན་གྱི་རྟེན་དུ་ཆོས་འཁོར་མཆོད་རྟེན་བཞེངས་པའི་སྲོལ་ཡང་བྱུང་བ་ཡིན་ནོ། །
དེ་ཡང་སྔོན་སྟོན་པ་ཐུབ་པའི་དབང་པོ་དགུང་ལོ་སོ་ལྔ་ལ་ཕེབས་པ་ཧོར་ཟླ་བཞི་པའི་ཚེས་བཅོ་ལྔའི་ཐོ་རེངས་མངོན་པར་རྫོགས་པར་སངས་རྒྱས་པའི་ཚུལ་བསྟན་ནས་ཞག་ཞེ་དགུའི་རིང་ཆོས་ཉན་པའི་སྣོད་བརྟག་པའི་ཆེད་དང༌། རང་ལ་ཐོབ་པའི་ཆོས་ཟབ་མོ་དེ་དག་གཞན་གྱིས་རྟོགས་དཀའ་བར་དགོངས་ཏེ་ཆོས་མི་གསུངས་པར་བཞུགས་ཏེ། ཇི་སྐད་དུ།
ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །
བདུད་རྩི་ལྟ་བུའི་ཆོས་ཤིག་ཁོ་བོས་རྙེད། །
སུ་ལ་བསྟན་ཀྱང་གོ་བར་མི་ནུས་པས། །
མི་སྨྲ་ནགས་ཀྱི་ཁྲོད་དུ་གནས་པར་བྱ། །
ཞེས་གསུངས་ཏེ་ཐུགས་ལས་ཆུང་ངུར་བཞུགས་པ་ན་ཕྱོགས་བཅུའི་ཞིང་ནས་ལྷ་གྲངས་ལས་འདས་པ་དག་གིས་ཆོས་སྟོན་པར་གསོལ་བ་བཏབ་ཅིང༌། ཁྱད་པར་དུ་ལྷ་ཚངས་པས་གསེར་གྱི་འཁོར་ལོ་དང་བརྒྱ་བྱིན་གྱིས་དུང་དཀར་གཡས་འཁྱིལ་ཕུལ་ཏེ་ཆོས་གསུང་བར་གསོལ་བ་བཏབ་པ་ལྟར་ཧོར་ཟླ་དྲུག་པའི་ཚེས་བཞིའི་ཉིན་དུས་ལ་བབས་པར་གཟིགས་ནས་ཞལ་གྱིས་བཞེས་ཏེ། ཡུལ་ཝཱ་རཱ་ཎ་སཱིའི་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སུ་གློ་བུར་དུ་བྱུང་བའི་ཁྲི་དང་པོ་གསུམ་ལ་བསྐོར་བ་མཛད་ཅིང༌། ཁྲི་བཞི་པ་ལ་སྐྱིལ་མོ་ཀྲུང་གིས་བཞུགས་ནས་ཐོག་མར་གདུལ་སླ་བ་དང༌། དུག་གསུམ་ཤས་ཆུང་བ། རྣམ་པར་ཤེས་པ་ལྐོག་ཏུ་མ་གྱུར་པའི་འཁོར་ལྔ་སྡེ་བཟང་པོ་སྟེ་ཀུན་ཤེས་ཀཽའུ་ཌིནྱ་དང་། རྟ་ཐུལ། རླངས་པ། མིང་ཆེན། བཟང་ལྡན་བཅས་དང་ལྷའི་འཁོར་དཔག་ཏུ་མེད་པ་ལ་བཀའ་དང་པོ་བདེན་བཞིའི་ཆོས་འཁོར་ཐོག་མར་བསྐོར་ལ་བརྟེན་ནས་སྟོན་པའི་བཀའ་དྲིན་དྲན་པའི་ཆེད་དུ། དུས་དེ་ནས་བཟུང་སྟེ་དད་ལྡན་དག་གིས་དུས་ཆེན་ཁྱད་འཕགས་ཅན་དེ་ཉིད་རྗེས་དྲན་གྱི་ཚུལ་དུ་ལོ་རེའི་དྲུག་པའི་ཚེས་བཞིའི་ཉིན་མཆོད་སྦྱིན་སོགས་ལ་བརྟེན་ནས་དགེ་བའི་སྟོབས་སྤེལ་བའི་ལུགས་སྲོལ་བྱུང་བ་ཡིན་ལ། སྟོན་པ་ཐུགས་རྗེ་ཅན་གྱི་བཀའ་དྲིན་རྗེས་སུ་དྲན་པའི་ཆེད་དུ་ནང་པ་སྤྱི་དང་ལྷག་པར་དུ་བོད་རིགས་དད་ལྡན་རྣམས་ཀྱིས་དུས་དྲན་དེ་ཉིད་ཁྱད་དུ་འཕགས་པའི་དུས་ཆེན་རྩ་ཆེན་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ཅིང་། དེ་སྔ་བོད་གཞུང་ནས་ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་ལ་མཆོད་སྤྲིན་སྣ་ལྔ་སྟོང་ཚར་རྒྱས་པ་དང་ཐུགས་སྨོན། ཕྱོགས་མཐའི་ལྷ་ཁང་ཁག་ལ་མཆོད་འབུལ་དང་སྙན་ཤལ་བཅས་འབུལ་གནང་མཛད་ཀྱི་ཡོད་ལ། ཉིན་དེར་བོད་གངས་ཅན་གྱི་ལྗོངས་སུ་སངས་རྒྱས་ཀྱི་བསྟན་པ་ཐོག་མར་དར་བར་མཛད་མཁན་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་བཀའ་དྲིན་དྲན་ཞིང་གུས་པ་ཆེན་པོས་ཆོས་རྒྱལ་སྲོང་བཙན་སྒམ་པོའི་ཁྲུང་བན་འཁྲུལ་པ་མེད་པ་དངུལ་རྒྱན་ཅན་༼ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐྱེམས་ཆང་བླུག་སྣོད། ལྷ་ལྡན་གཙུག་ལག་ཁང་དུ་བཞུགས་པའི་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་མདུན་བར་ཁང་དུ་ཡོད། ངག་རྒྱུན་ལ་དངུལ་དམ་རྟ་མགོ་ཅན་གྱི་ཁྲུང་བན་འདི་ཉིད་ཉིན་ཞིག་ཆོས་རྒྱལ་སྐུ་བད་རྒྱས་ཚུལ་བཞེས་ཏེ་ཁྲུང་བན་རྩེ་ཕོ་བྲང་ཡང་སྟེང་ནས་བསྐྱུར་བས་ཞོལ་གྱི་རྡོ་རིང་ཕྱི་མར་སྐྱོན་མེད་བབས་པ་དང་། འདི་ཉིད་གར་པའི་རི་ལ་གཏེར་དུ་སྦས་པ་ཕྱིས་སུ་རྗེ་ཙོང་ཁ་པས་གཏེར་ནས་བཞེས་ཏེ་ཆོས་རྒྱལ་གྱི་སྐུ་མདུན་ལ་བཤམས་པ་ཡིན་པར་བཤད་པ་དང་། གཏེར་ནས་བཏོན་པའི་ཁྲུང་བན་གྱི་རྗེས་ཤུལ་ད་ལྟའང་བྲག་གི་ངོས་ལ་གསལ་དོད་ཡོད་པ་རེད། ༽བླ་ཕྱག་བཀར་སྟེང་ནས་གདན་ཞུས་ཀྱིས་ལྷ་གཉེར་ལས་དྲུང་ནང་གཟན་ཡོངས་རྫོགས་དང་། དཔལ་གསོལ་མ་བཅས་ནས་ཕོ་མོའི་ཆས་གོས་གནའ་བོའི་སྲོལ་བཟང་ཉམས་པ་མེད་པ་གཟབ་གྱོན་གྱིས་སྤྲུལ་པའི་གཙུག་ལག་ཁང་གི་བར་ཁང་ཆོས་རྒྱལ་སྲོང་བཙན་སྒམ་པོ་ང་འདྲ་གསུང་འབྱོན་མའི་སྤྱན་སྔར་མཆོད་འབུལ་གཟབ་རྒྱས་དང་འབྲེལ་ཁྲུང་གླུ་རྒྱས་པ་ཕུལ། དེ་ནས་རྩེ་ཕོ་བྲང་དང་། ནོར་གླིང་དུ་བཅར་ཏེ་དྲུང་བཞེས་ཐོག་མཇལ་བཅར་གྲལ་འཁོད། གསོལ་ཇ་བཞེས་འབྲས་ཕེབས། ཆོས་རྒྱལ་ཁྲུང་བན་ནང་ནས་དྲུང་བཞེས་ཡོངས་རྫོགས་ལ་བྱིན་རླབས་ཁྲུང་ཕུད་རིམ་པ་བཞིན་ཕུལ་ཏེ་དགྱེས་བཞེས་ཕུད་གཏོར་གནང་བ་སོགས་མཛད་ཀྱི་ཡོད་པ་དང་། དད་ལྡན་མི་མང་རྣམས་ཀྱིས་བཟའ་ཆས་སོགས་འཁྱེར་ཏེ་ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་དང་། ར་མོ་ཆེ། རྩེ་འཕགས་མཆོག་ལོ་ཀེ་ཤྭ་ར། རྒྱུད་གྲྭ་སྟོད་སྨད། སེ་འབྲས་དགའ་གསུམ་སོགས་དགོན་ཁག་ལ་བསྙེན་བཀུར་མང་འགྱེད་འབུལ་ཞིང་། རྣམ་དཀར་གྱི་ལས་ལ་བརྩོན་པ་དང་། དེ་བཞིན་གཙུག་ལག་ཁང་གི་བར་ཁང་ཆོས་རྒྱལ་སྲོང་བཙན་ང་འདྲ་གསུང་འབྱོན་མའི་སྤྱན་སྔར་མཆོད་འབུལ་གཟབ་རྒྱས་དང་འབྲེལ་ཁྲུང་ཕུད་རྒྱས་པ་ཕུལ་གྱི་ཡོད་པ་དང་། ལྷ་སའི་ཉེ་འཁོར་ལྷ་ལུང་རི་ཁྲོད་དང་། ཕ་བོང་ཁ། ཆུ་བཟང་། ཕུར་ལྕོག །སེ་ར་དབུ་རྩེ། ཀེའུ་ཚང་ཤར་ནུབ། མི་ཆུང་རི། རི་རྒྱ་བསམ་གཏན་གླིང་། དགོན་གསར་རྩེ་ཤོད་ལ་སོགས་པའི་རི་ཁྲོད་ཁག་དང་དགོན་པ་ཁག་བཅས་ཚང་མར་གནས་མཇལ་དུ་རྐང་ཐང་ལ་བསྐྱོད་དེ་རི་སྐོར་བྱེད་པ་དང་རླུང་རྟ་སྒྲོག་པ། བསང་གསོལ་སོགས་བྱས་ནས་སངས་རྒྱས་ཀྱི་བསྟན་པ་དར་བ་དང་མཁའ་མཉམ་གྱི་འགྲོ་བ་ཡོངས་ལ་བདེ་སྐྱིད་ཡོང་བའི་གསོལ་འདེབས་སྨོན་ལམ་དང་། གཞོན་ནུ་མ་རྣམས་ཀྱིས་སེ་འབྲུའི་སྤ་ཕྲུག་དང་། ཕྲེང་བ་བཟོས་ཏེ་འདོགས་པ། ལྗོན་ཤིང་གི་འཁར་བ་འཁྱེར་བ། གམ། ཁམ་བུ་བཅས་ཀྱི་རྒྱན་ཆས་གྱོན་ཞིང་བྱིན་རླབས་ཀྱི་ཚུལ་དུ་ངོམས་བཞིན་སྒོར་གཞས་དང་རྣམ་ཐར་སོགས་གཏོང་བཞིན་མཆོད་མཇལ་ཚར་ནས་རང་རང་གི་ཁྱིམ་ལ་ཕྱིར་ལོག་སྐབས་ནང་མི་རྣམས་ནས་ལྷ་སའི་བྱང་རྒྱུད་གཤོངས་ཁ་གླིང་ཀ་དང། ཀརྨ་དགོན་གསར། གྲྭ་ཕྱི་གླིང་ཀ་སོགས་ཕན་ཚུན་གླིང་ཀར་གུར་དང་བྱ་གཡབ་སོགས་གྲ་སྒྲིག་ཐོག་གདན་ལྕོག་དང་ཁ་ཟས། ཇ་ཆང་ཕུན་སུམ་ཚོགས་པ་འཁྱེར་ཏེ་བསུ་བར་འགྲོ་བ་དང་ཆབས་ཅིག་གཤོང་ག་གླིང་ཁ་དང་གྲ་ཕྱི་གླིང་ཁ་སོགས་སུ་གུར་རམ་ཡོལ་བ་བཏང་སྟེ་སྤྲོ་སྐྱིད་ཀྱང་གཏོང་སྲོལ་ཡོད་པ་དང་། ཉིན་དེར་བོད་ས་ཡོངས་སུ་དད་ལྡན་ཚོས་སྟོན་པ་ཐུབ་པའི་དབང་པོའི་ངོ་མཚར་བའི་མཛད་རྗེས་འདི་ལ་རྗེས་དྲན་དང་བསོད་ནམས་བསག་ཕྱིར། ཉེ་འཁོར་གྱི་དགོན་པར་མཆོད་མཇལ་འགྲོ་བ་སོགས་ཀྱིས་རྣམ་དཀར་དགེ་བའི་ལས་ལ་བརྩོན་པ་ཡིན་ཞིང་།
འདི་ག་སེར་བྱེས་མཁས་སྙན་གྲྭ་ཚང་ནས་ཀྱང་ཉིན་དེར་སློབ་གཉེར་བ་རྣམས་ལ་སྔ་དྲོའི་ཆོས་རར་སྐྱབས་རྗེ་མཁན་རིན་པོ་ཆེས་ལམ་རིམ་གྱི་གསུང་ཆོས་གནང་རྗེས་འཛིན་གྲྭ་སོ་སོར་བརྩི་བཞག་དང་། ཉིན་དེར་སློབ་གཉེར་བ་རྣམས་འཛིན་གྲྭ་འོག་མ་ནས་གོང་མར་འཕར་བ་དང་། དགོང་དྲོའི་ཆོས་རའི་རྗེས་འཛིན་གྲྭ་སོ་སོའི་ཞབས་རིམ་ཡང་ཚོགས་སྲོལ་ཡོད་དོ། །
གཤམ་དུ་སྐབས་དེའི་ཆོས་འཁོར་བསྐོར་ཚུལ་དང་བདེན་པ་བཞིའི་སྐོར་གཞུང་གཞན་ལས་ཁོལ་དུ་ཕྱུང་སྟེ་ངོ་སྤྲོད་འདིའི་ཟུར་རྒྱན་གྱི་ཚུལ་དུ་སྦྱར་ཡོད་པས་འདོད་མོས་ཡོད་པ་དག་གིས་དེ་དག་ལ་གཟིགས་པར་འཚལ།
སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས་བཏུས་ཏེ་བསྒྲིགས། ༢༠༡༦།༠༨།༠༤ལ།
དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་བྱ་དགོས་ཚེ་རྩོམ་ཁུངས་ཁ་གསལ་འགོད་དགོས།
ཆོས་འཁོར་གྱི་སྐོར། 1 ཆོས་འཁོར་གྱི་སྐོར། 2 བདེན་བཞི་དང་པོ། བདེན་བཞི་གཉིས་པ། བདེན་བཞི་གསུམ་པ།
དེ་ལས་མང་བ།...
འཛམ་གླིང་སྤྱི་བསང་།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།འཛམ་གླིང་སྤྱི་བསང་སྟེ་དུས་སྟོན་འདི་ནི་གཙོ་བོ་བོད་དབུས་གཙང་ཁུལ་དུ་གཏོང་སྲོལ་ཡོད་ཅིང་། འདི་ཉིད་བྱུང་རིམ་ནི། སྔོན་མཁན་སློབ་ཆོས་གསུམ་༼མཁན་ཆེན་ཞི་བ་འཚོ། སློབ་དཔོན་པད་མ་འབྱུང་གནས། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན།༽གྱི་སྐུ་དུས་སུ། དཔལ་བསམ་ཡས་ལུགས་གསུམ་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་གསར་བཞེངས་ལེགས་གྲུབ་བྱུང་བ་དང་བསྟུན་ནས། སྐྱེ་བོ་མཆོག་དམན་ཡོངས་ཀྱིས་དགའ་སྟོན་རྒྱ་ཆེ་གཟབ་རྒྱས་གནང་བ་དང་། བསམ་ཡས་གཙུག་ལག་ཁང་བཞེངས་སྐབས་བྱ་བ་ལམ་ལྷོངས་མ་བྱུང་བས་སློབ་དཔོན་རིན་པོ་ཆེ་གུ་རུ་མཚོ་སྐྱེས་རྡོ་རྗེས་བོད་ཀྱི་ལྷ་སྲིན་གདུག་པ་ཅན་དམ་ལ་བཏགས་ནས་ལས་བསྐུལ་བས་བསམ་ཡས་ལེགས་བསྒྲུབས་ཟིན་པའི་གཏང་རག་ཏུ་ཧད་པོ་རིའི་རྩེར་འཛམ་བུ་གླིང་གི་དཀར་ཕྱོགས་སྐྱོང་བའི་ལྷ་ཀླུ་ཡུལ་ལྷ་གཞི་བདག་ཀུན་ལ་རྒྱགས་རྔན་ལྷ་བསང་གི་འདོན་ཆོས་བརྩམས་ཏེ་བསང་མཆོད་རྒྱ་ཆེར་གནང་བ་དེ་ལ་འཛམ་གླིང་སྤྱི་བསང་ཞེས་ཟེར་ལ། དེའི་ལམ་སྲོལ་ལམ་རྗེས་དྲན་གྱི་དུས་མཆོད་དེ་ད་ལྟའི་བར་དུ་རྒྱུན་འཛིན་བྱས་ཏེ་འོངས་ཤིང་། སྤྱིར་བཏང་ཟླ་ ༥ ཚེས་ ༡ ནས་ ༡༥ བར་སྤྱི་བསང་དུ་བརྩི་ཡང་། གཙོ་ཆེ་ཡོངས་གྲགས་ནི་ཚེས་ ༡༥ ཉིན་བྱེད་པ་ཡིན།
སྔོན་དུས་མུ་ནེ་བཙན་པོའི་སྐབས་སུ་བཙན་པོས་ཆོས་འཁོར་གསུམ(ལྷ་ས། ཁྲ་འབྲུག བསམ་ཡས)ལ་སྡེ་སྣོད་གསུམ་གྱི་མཆོད་རྒྱུན་བཙུགས་པའི་ཡ་གྱལ་ལྷ་ས་འདུལ་བའི་མཆོད་པ་ཞེས་གྲགས་པ་དེའི་ལམ་སྲོལ་འཛིན་པའི་རྗེས་དྲན་གྱི་ཟླ་བ་དེའི་ཚེས་བཅོ་ལྔའི་གོང་ཡར་ངོའི་ཚེས་ཆ་གང་བཟང་ཞིག་ལ་གཞུང་ཕྱོགས་ཀྱིས་དབྱར་གསོལ་ཞེས་གནས་ཆུང་ཆོས་རྒྱལ་ཆེན་པོ་དང༌། དགའ་གདོང་ཤིང་བྱ་ཅན་སོགས་གཞུང་བསྟེན་བསྟན་སྲུང་རྣམས་ལ་གཟབ་གསོལ་ལྷ་ཚེས་རྒྱས་པ་དང་འབྲེལ་རྩེའི་སྐུ་ཚབ་མཁན་ཆེ་དང༌། ཡིག་ཚང་ནས་སྦུག་དམ་ལུང་ཞུ། སྒྲོན་དར། བཀའ་བློན་གྱིས་གཙོས་ཤོད་སྐོར་ཡོངས་རྫོགས་ཕེབས་ཏེ་ཆོས་སྐྱོང་ཆེན་པོར་སྒྲོན་དར། ཞལ་ཇ་གསེར་ཕུད་སོགས་འབུལ་གནང་གིས་ཆོས་སྐྱོང་ཆེན་པོས་རྒྱལ་བསྟན་ཆབ་སྲིད་སྐོར་བཀའ་ལུང་སྩལ་ཏེ་གཞུང་ཞབས་རྣམས་ཕྱིར་ལོག །༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནོར་གླིང་དུ་དབྱར་གྱི་རྒྱལ་མོའི་ནམ་ཟླའི་སྤྲོ་བཞེས་སུ་ཕེབས་སྟོན་ནམ། དབྱར་གསོལ་རྗེས་འབྲེལ་དགའ་སྟོན་གྱི་སླད་ལས་ཁུངས་སོ་སོས་སྤྲོ་ཆུང་ཉིན་གསུམ་ནས་ལྔའི་བར་གཏོང་སྲོལ་ཡོད་པ་བཅས་ཀྱི་ཐོག་དུས་དེར་ལྷ་ས་ཁུལ་དུ་གནམ་གཤིས་དྲོ་ལ་རྩི་ཤིང་ལོ་འདབ་རྒྱས་པ། མེ་ཏོག་བཞད་ཅིང་ཆརརྒྱུན་གྱི་འགོ་ཚུགས་པ། ཁུ་བྱུག་གི་གྲེ་འགྱུར་རྣ་བར་འཇེབས་པ། ཞིང་ལས་བྲེལ་བ་འཇགས་ཐོག་ཟས་རིགས་སོས་པ་ཁྲོམ་རར་དོན་པ་སོགས་ཀྱི་སྐབས་ཡིན་པས་གྲོང་ཁུལ་ཁོར་ཡུག་གི་གླིང་ཁ་རྣམས་སུ་དབྱར་སྐྱིད་སྤྲོ་གསེང་ལ་རོལ་བའི་སྐྱེ་བོ་རྣམས་གུར་རམ་བྱ་གཡབ་ཕུབ་པའམ། རས་ཡོལ་གྱིས་བསྐོར་ནས་ཞིམ་མངར་བཟའ་བཏུང་ལ་རོལ་བཞིན་པར་སྙན་འཇེབས་ལྡན་པའི་རོལ་དབྱངས་ཀྱི་ཁྲོད་དུ་གཞས་དང་ཞབས་བྲོས་ཁེངས་པ་དང༌། ལ་ལས་གུར་ནང་ཞག་སྡོད་ཉིན་བཅུ་གྲངས་ཀྱང་བྱེད་ཀྱི་ཡོད། ལྷག་པར་ཚེས་བཅོ་ལྔ་ཉིན་ལྷ་སའི་སྐུ་རྟེན་ཡོད་རིགས་ལ་ཁུངས་སོ་སོ་ནས་སྐུ་གསོལ་ཞུ་བ་དང༌། ལྷ་ས་བ་རྣམས་ཀྱིས་རྒྱན་གོས་གཟབ་འཕྱོར་གང་ལེགས་སྤྲས་ཏེ་སོ་སོའི་འཁོས་འབྱོར་དང་བསྟུན་དཔལ་ལྷ་ལྕོག་དང༌། གཙང་པོའི་འགྲམ། གླིང་བསྐོར། རི་རྩེ་སོགས་སུ་བསྐྱོད་དེ་རྣམ་དཀར་མཆོད་འབུལ་དང་། ལྷ་སྲུང་སྤྱི་ལ་བསང་གསོལ་གཟབ་རྒྱས་བྱེད་པ་དང་འབྲེལ་ལྷ་སའི་ཉེ་འདབ་གླིང་ཁ་སོ་སོར་སྤྲོ་སྐྱིད་གླིང་ཁ་གཏོང་བ་བཅས་བྱེད་ཅིང༌། ད་དུང་གྲོང་ཁྱེར་གྱི་ཤར་ངོས་ཀརྨ་ཤག་གླིང་ཁར་གུར་ཕུབ་པའི་ནང་ཀརྨ་ཤག་ཆོས་སྐྱོང་དང་རགས་རྒྱབ་བཙན་ཁང་གི་ཆོས་སྐྱོང་གཉིས་ཁོག་ཞུགས་ལ་ལྷ་མི་བ(ལྷ་དེ་གཉིས་ལ་གསོལ་མཆོད་བྱེད་མཁན་གྱི་ཚོགས་པ)ཚོས་ཆང་ཕུད་བཏེགས་ཤིང༌། གླུ་གཞས་གཏོང་བ་སོགས་འདུ་འཛོམས་ཆེ་བ་དང༌། དེ་མིན་ད་དུང་གྲོང་ཁུལ་གྱི་བཙན་ཁང་ཚང་མར་སོ་སོའི་ལྷ་མི་བ་འཛོམས་ཐོག་ལྷ་ཕེབས་ཀྱི་ཡོད་པའི་ནང་དར་པོ་གླིང་བཙན་ཁང་དུ་དགྲ་ལྷ་སོགས་ལྷ་ཁག་བདུན་ཕེབས་ཏེ་འཆམ་ཡང་རྒྱག་གི་ཡོད།
མིང་གི་ཐོགས་སྟངས་ནི། འཛམ་བུ་གླིང་གི་དཀར་ཕྱོགས་སྐྱོང་བའི་ལྷ་ཀླུ་ཡུལ་ལྷ་གཞི་བདག་ཀུན་ལ་བསང་གི་བརྔན་པའི་དུས་བཟང་ཡིན་པས། འཛམ་གླིང་སྤྱི་བསང་ཞེས་སུ་གྲགས། རབ་བྱུང་དྲུག་པའི་ས་འབྲུག་སྤྱི་ལོ་༡༣༢༨ལོར་རྗེ་ཀརྨ་རབ་བྱུང་རྡོ་རྗེས་བོད་ཀྱི་བྱང་ཕྱོགས་སོག་ཆུ་ཁར་ལྕགས་ཟམ་འཛུགས་སྐབས། འཛམ་བུ་གླིང་གི་གཞི་བདག་རྣམས་ལ་འཕྲིན་བཅོལ་གྱི་ཆེད་དུ་བརྩམས་པའི་བསང་དཔེ་འཛམ་གླིང་སྤྱི་བསང་ཞེས་པ་ཞིག་ཀྱང་ཡོད་ལ། དེང་དུས་རེ་འགས་བོད་ཟླ་ལྔ་པར་ཡུལ་ལུང་སོ་སོར་ཡུལ་ལྷ་གསོལ་མཆོད་ཀྱི་སྐབས་སུ་བསང་མཆོད་ཀྱི་དཔེ་ཆ་འདི་འདོན་སྲོལ་བྱུང་བ་ལས་དུས་ཆེན་དེར་མིང་དེ་ལྟར་ཆགས་པར་བཤད་མཁན་ཡང་ཡོད།
ཡང་འཛམ་གླིང་གེ་སར་རྒྱལ་པོའམ་སེང་ཆེན་ནོར་བུ་དགྲ་འདུལ་གྱི་ལོ་རྒྱུས་སུའང་དུས་ཆེན་འདི་འབྲེལ་ལམ་དུས་ཆེན་འདི་དང་མིང་གཅིག་པའི་དུས་ཆེན་ཞིག་འབྱུང་བ་ནི། ཁྲ་མོ་གླིང་གི་འགག་མོའི་ལྷ་ཕྲུག་ཇོ་རུ་དེ་ཉིད་རྨ་གྲུ་གར་ལྷ་ལུང་གཡུ་མདོ་ནས་ཡར་ལ་བྱོན་ཏེ། རྟ་མཆོག་རི་ནས་བཀུག །གསེར་སྒ་རྒྱབ་ཏུ་བསྟད། དངུལ་སྲབ་མགོ་ལ་བསྐོན་ནས་གླིང་དཀར་སྟོད་ཀྱི་རྟ་རྒྱུགས་རྒྱལ་འཇོག་གི་གྲལ་དུ་ཞུགས། རྟ་མགྱོགས་པས་རྒྱལ་ཁ་བླངས་ཏེ་རྒྱལ་ས་ལ་མངའ་གསོལ་ཞིང་རྒྱལ་མཆོག་ནོར་བུ་དགྲ་འདུལ་གྱི་མཚན་ཐོགས་ནས་ལོ་ངོ་གཉིས་དང་ཕྱེད་ཀ་ཙམ་སོང་བའི་བསྐལ་པ་ཤིང་ཕོ་བྱི་བའི་ལོ་ལ་ཁོང་ཉིད་ཀྱི་ཐུགས་དགོངས་ལ། སྤྱིར་འཛམ་བུ་གླིང་ཁྱད་པར་དུ་གངས་ལྗོངས་བོད་ཡུལ་གྱི་ཡུལ་ལྷ་གཞི་བདག་ཕལ་ཆེར་གྱིས་སེམས་ཅན་འཇོམས་པའི་ནག་ཕྱོགས་བདུད་སོགས་ལ་ཁ་བལྟས་པས། གླིང་དཀར་པོའི་བྱ་བ་མཐའ་དག་ལེགས་ལམ་དུ་མ་སོང་བ་རེད། ད་ཕན་ཆད་གླིང་དཀར་པོས་ལྷ་བསང་ཕུལ་ནས་ལྷ་ཐམས་ཅད་དབང་དུ་བསྡུ་དགོས་ལ། བོད་ཀྱི་གཏམ་དཔེ་ལ། གཞུ་མེད་ན་མདའ་ནི་འཕེན་ཐབས་མེད། ལྷ་མེད་ན་བྱ་བར་ལམ་འགྲོ་མེད་ཟེར་བའི་དཔེ་ལྟར། ལོ་དེའི་ཟླ་བ་ལྔ་བའི་ཚེས་བཞི་ལ་གླིང་ལྷ་སྡེ་དཀར་པོ་མ་ལུས་མ་ཆད་པར་བསྡུས་ཤོག་གསུངས་ནས་དར་ཁྲ་རིན་ཆེན་སྤུངས་པ་དེ་ཕྱར། འཁར་རྔ་གསང་བ་གཡུ་འབྲུག་དེ་བརྡུངས། དུང་ཆེན་དཀར་མོ་རྒྱང་གྲགས་དེ་བུས། གོང་བློན་པོ་དང་དཔའ་རྟུལ། མི་གང་དྲག་དང་འབངས་སྡེ་ཡོངས་ལ་འཕྲིན་ཡིག་བཏང་ཞིང་། ཐག་རིང་ལ་བང་ཆེན། ཐག་ཉེ་སར་ཀི་དང་བསྭོ་ཡིས་འབོད་པ་བཏང་བས་ཚེས་བཞིའི་སྔ་ཆར་སེང་ཆེན་རིན་པོ་ཆེའི་བཀའ་བཞིན་རྫོང་སེང་ཕྲུག་པདྨ་སྟག་རྩེར་འཛོམས་ནས། སེང་ཆེན་ནོར་བུ་དགྲ་འདུལ་གསེར་ཁྲི་ལས་ཡར་བཞེངས་ཏེ་བོད་གངས་ལྗོངས་ཀྱི་ཡུལ་ལྷ་གཞི་བདག་རྣམས་ལ། ཇུས་བརྟན་པའི་འཛམ་གླིང་སྤྱི་བསང་ཕུལ། ལྷ་དཀར་ཕྱོགས་དབང་དུ་བསྡུས་པ་ལས། བདུད་ནག་ཕྱོགས་བྲན་དུ་འགོད་རྒྱུ་ཡིན། དེ་ཕན་གྱི་ཕྱོགས་བཞིའི་དགྲ་ཆེན་བཞི། དགྲ་འདུལ་བ་ལག་པའི་མཐིལ་ན་ཡོད། ད་ལྟ་མ་འདུག་མྱུར་དུ་གྲ་སྒྲིག་གྱིས། སང་ཉི་རྩེ་རི་ལ་ཕོག་པའི་དུས། གླིང་ལྷ་བསང་པ་རྣམས་ལམ་ལ་ཆས། ཞེས་གསུངས་པ་ན་དཔའ་རྟུལ་ཚང་མས་མགྲིན་གཅིག་གིས་ལེགས་སོ་ལེགས་སོ་ཟེར་ནས་རང་རང་སར་གྲ་སྒྲིག་བྱེད་དུ་ཆས། དེ་ནས་ཕྱི་ཉིན་ཉི་རྩེ་རི་གསུམ་གྱི་རྩེར་ཕོག་པ་ན་དམག་དུང་དཀར་པོ་རྒྱང་འབུད་བྱས་པ་དང་མཉམ་ཅིག་གླིང་གི་ལྷ་བསང་པ་རྣམས་ལམ་ལ་ཆས་ཏེ་ལྷ་རི་ཁྱུང་རྩེར་འཚོགས་ཏེ། འཛམ་གླིང་སྤྱི་བསང་ཕུན་སུམ་ཚོགས་པ་ཞིག་ཕུལ་ཏེ། བསང་མཆོད་གང་ལེགས་བྱས་ཤིང་བསང་རྫས་ཡངས་ཤིང་རྒྱ་ཆེ་བ་གསོས་ཁར། ཁ་དོག་སྣང་ལྔའི་དར་ཕྲེང་། གཞན་ཡང་མཛེས་སྡུག་གཟུགས་ཀྱི་བྱེ་བྲག གྱ་ནོམ་པའི་འདོད་ཡོན་གྱི་རྣམ་པ་འབུམ་ཕྲག་མང་པོས་མཆོད་ཅིང་། བར་སྣང་དུ་འཇའ་ཚོན་གྱི་ཀ་བ། ས་གཞིར་མེ་ཏོག་གི་ཆར་བ་བབས་ཤིང་། ལྷ་བསང་པ་རྣམས་ཀྱིས་སྐྱིད་པའི་གླུ་བླངས། སྤྲོ་བའི་དར་ཕྱར། སྙན་པའི་དུང་བུས། གསེར་གྱི་རྔ་ཆེན་བརྡུངས། ཀི་བསྭོ་ལྷ་རྒྱལ་གྱིས་གནམ་ས་བར་མེད་དུ་འགེངས་བར་མཆོད་དེ་ཆོ་ག་བསམ་གྱིས་མི་ཁྱབ་པ་བསྒྲིགས་པ་ལགས། སྐབས་དེ་ནས་བཟུང་གླིང་དཀར་དཔའ་རྟུལ་ཡོངས་ཀྱིས་ལྷ་བསང་ཁྱད་པར་ཅན་བཏང་བ་ལ་རྗེས་དྲན་བྱེད་པའི་ཆེད་དུ་ཡུལ་ལུང་འགའ་ཤས་སུ་ལོ་རེའི་ལོ་གསར་གྱི་ཚེས་བཅོ་བརྒྱད་ལ་འཛམ་གླིང་སྤྱི་བསང་ཕུལ་བའི་སྲོལ་ཡང་ཡོད་པ་རེད་ལ། འདི་དང་གོང་གི་དུས་ཆེན་གཉིས་མིང་གཅིག་ཀྱང་བྱུང་རིམ་དང་བྱུང་དུས་མི་མཚུངས་པ་འདི་ཤེས་དགོས་སོ། །
སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས་ཕྱོགས་བཏུས་བྱས། ༢༠༡༦།༠༧།༡༩ལ།
དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་བྱ་དགོས་ཚེ་རྩོམ་ཁུངས་དང་སྦྲེལ་སྣེ་མཉམ་སྦྱར་བྱེད་དགོས།
ས་ག་ཟླ་བ།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།བོད་ཟླ་བཞི་པར་རགས་རྩིས་ཀྱིས་བོད་ཟླ་བཞི་པའི་ཚེས་བཅོ་ལྔའི་ཉིན་ཟླ་བ་དང་མཉམ་དུ་འགྲོགས་པའི་སྐར་མ་ནི་རྒྱུ་སྐར་ཉེར་བརྒྱད་ཀྱི་ནང་ནས་རྒྱུ་སྐར་ས་ག་ཡིན་པའི་ཆ་ནས་བོད་ཟླ་བཞི་པར་ས་ག་ཟླ་བ་ཞེས་བརྗོད་པ་ཡིན། ཟླ་བ་འདི་ནི་བདག་ཅག་གི་སྟོན་པ་སྐུ་བལྟམས་པ་དང་། སངས་རྒྱས་པ། སྐུ་མྱ་ངན་ལས་འདས་པའི་དུས་ཆེན་ཏེ་དུས་ཆེན་གསུམ་འཛོམས་ཀྱི་ཟླ་བར་ངོས་འཛིན་བྱེད་ཀྱིན་ཡོད།
དེ་ཡང་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་དགའ་ལྡན་གྱི་གནས་ནས་གཟིགས་པ་ལྔས་གླང་པོ་ཆེ་ཐལ་དཀར་མཆེ་བ་དྲུག་ལྡན་གྱི་རྣམ་པར་བརྫུས་ཏེ། ས་ལུག་ཆུ་སྟོད་ཟླ་བ་དྲུག་པའི་ཚེས་ ༡༥ ཉིན་ལྷ་མོ་སྒྱུ་འཕྲུལ་མའི་ལྷུམས་སུ་ཞུགས་ནས་ལྕགས་སྤྲེལ་ས་ག་ཟླ་བའི་ཚེས་བདུན་ཉིན་ལུམ་བིའི་ཚལ་དུ་སྐུ་བལྟམས་པ་དང་གཅིག །
ཤིང་རྟ་ས་ཟླའི་ཚེས་༡༥ཡི་མཚན་མོར་བྱང་ཆུབ་ཤིང་གི་དྲུང་དུ་མཉམ་པར་བཞག་སྟེ་སྲོད་ལ་བདུད་བཏུལ་བ་དང་ཐོ་རེངས་མངོན་པར་སངས་རྒྱས་པ་དང་གཉིས།
ལྕགས་འབྲུག་ས་ག་ཟླ་བའི་ཚེས་༡༥ ཉིན་རྩྭ་མཆོག་གྲོང་དུ་གཤེགས་ཏེ་སཱ་ལའི་ཚལ་གྱི་དབུས་སུ་ཐ་མལ་གྱི་གཟིམས་ཁྲིར་བཞུགས་ཤིང་ཉན་ཐོས་འོད་སྲུངས་ཆེན་པོ་ལ་བསྟན་པ་གཏད། འདུས་བྱས་ཐམས་ཅད་མི་རྟག་པ། ཟག་བཅས་ཐམས་ཅད་སྡུག་བསྔལ་བ། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པའོ། །ཞེས་གསུང་གི་ཐ་མ་སྩལ་ནས་ཆོས་ཀྱི་དབྱིངས་སུ་སྐུ་མྱ་ངན་ལས་འདས་པའི་མཛད་པ་བསྟན་པ་དང་གསུམ་བཅས་ཀྱིས་ཟླ་བ་འདི་ནི་དུས་ཆེན་གསུམ་འཛོམས་ཀྱི་ཟླ་བ་ཁྱད་པར་ཅན་ཞིག་ལ་ངོས་འཛིན་བྱེད་ཅིང་ཁྱད་པར་དུ་ཟླ་བ་འདིར་མཆོད་འབུལ་སོགས་བྱས་ན་དགེ་རྩ་འབུམ་འགྱུར་གྱི་འཕེལ་ཆེ་བར་བརྩིས་ཏེ། དབུས་སུ་གཞུང་གནས་དང་། རྩིས་ཁང་ལས་ཁུངས་ནས་ཤོད་སྐོར་གྱི་ས་ཟླའི་མཆོད་སྤྲིན་མ་དངུལ་སྐྱེད་འབབ་ཐོག་ཞལ་འདེབས་ཀྱིས་ཚེས་བརྒྱད་དང་། བཅོ་ལྔ། གནམ་གང་བཅས་ལ་གཙུག་ལག་ཁང་དང་། ར་མོ་ཆེ། རྩེ་འཕགས་པ་ལྷ་ཁང་བཅས་སོ་སོར་སྟོང་མཆོད་རེ་དང་། རྟེན་གཙོ་ཚང་མར་ཞལ་གསེར་སྒྲོན་འབུལ། ཕྱོགས་མཐའི་མཐའ་འདུལ་ཡང་འདུལ་སོགས་ཀྱི་རྟེན་ཁང་ལ་ཞལ་གསེར་སྒྲོན་འབུལ། སྙན་ཤལ་སོགས་ཀྱི་མཆོད་ཡོན་དོད་དངུལ་བཅས་བཀའ་ཤག་དམ་སྦྱར་བཀའ་རྒྱ་རེ་ཁུངས་སོ་སོར་གཏོང་སྲོལ་ཡོད།
ཚེས་༡༥ ཉིན་ཞོགས་པ་སྔ་ཆར་ཤོད་སྐོར་རྣམས་དམིགས་བསལ་གྱིས་ས་དབང་རྣམ་པ་ན་བཟའ་ཇུས་སེར། ཛ་ཐའི། རིམ་བཞི་བཅས་ན་བཟའ་མཛོད་སེར། རྩིས་དཔོན། བླ་ཕྱག །སྲས་རྣམ་པ། ལས་ཚན་པ། དྲུང་དཀྱུས། རྩིས་ཕྲུག་པ་བཅས་ཀྱི་ན་བཟའ་ཚོས་མན་ལི་སེར་དང་། དབུ་ཞྭ་ལྕང་མདའ་བཅས་གཟབ་བཞེས་དང་བཅས་ཞོགས་པ་གཙུག་ལག་ཁང་དུ་སྡེབ་འཛོམས་ཐོག་གནས་གཟིགས་ལ་གོ་རིམ་བཞིན་ཕེབས་ཏེ་ཇོ་བོ་རྣམ་གཉིས་དང་། ཐུགས་རྗེ་ཆེན་པོ་གསུམ་སོ་སོར་སྙན་ཤལ་ནང་མཛོད་སྣ་ལྔ་རེ་དང་། དེ་བྱིངས་ཚང་མར་ཨ་ཤེ། ཟུབ་ཕྱི། ཕྱི་མཛོད་བཅས་སྒྲོན་འབུལ། དཀྱིལ་འཁོར་མཐིལ་མཚོ་རྫས་རིན་ཆེན་སྣ་ལྔའི་འཐུམ། གནས་གཟིགས་གྲུབ་སྟེ་སྣང་ཤག་ལས་ཁུངས་ཀྱི་སྒོ་འགྲམ་ཕེབས་སྐབས་མི་དཔོན་གཉིས་དང་། གཉེར་དྲུང་། ཁང་གཉེེར་བཅས་ཀྱིས་སྦྲང་བན་ཞུས་ཐོག །ས་དབང་རྣམ་པ་བཞིའི་སྐུ་ཐར་ཉེས་ཅན་བཙོན་པ་མི་བཞི་པུས་མོ་བཙུགས་ནས་གྲལ་བསྒྲིགས་ཏེ་བསྡད་ཡོད་པ་ལ་བཀའ་མགྲོན་དང་། རྩིས་པས་མི་རེར་ཁ་བཏགས་རེ་གཡོག་སྟེ་གློད་བཀྲོལ་གནང་སྲོལ་འདུག །དེ་ནས་ར་མོ་ཆེའི་གནས་གཟིགས་གནང་རྗེས་གླིང་བསྐོར་བརྒྱུད་ནོར་གླིང་ཕོ་བྲང་དུ་བཅར། རྟེན་གཙོར་སྙན་དར་སྒྲོན་འབུལ་མཛད། དྲུང་བཞེས་ཚུགས། ༧གོང་ས་མཆོག་ལ་མཇལ་ཁ་ཞུས། གསོལ་ཇ། བཞེས་འབྲས། དཀར་སྐྱོང་བཞེས་ཞོ། ཕེབས་སྒོ་བཞེས་ཟས་བཅས་ཕེབས། དེ་ནས་དྲུང་བཞེས་གྲོལ། བཀའ་བློན་ཚོ་བདེ་སྐྱིད་གླིང་ཁ་བར་ཡར་མར་ཆིབས་ཐོག་དང་། དེ་ནས་མུ་མཐུད་གླིང་བསྐོར་གྱི་གླང་ཁང་ཟུར་བརྒྱུད་རྩེར་གནས་གཟིགས་དང་། དེ་ནས་ཕྱིར་ཕེབས་ཀླུ་ཁང་ནང་དུ་ཕེབས་འབྱོར་མཚམས་ཀོ་དཔོན་གཉེར་པས་ཕེབས་ཀོ་ཉིས་སྦྲེལ་གཉིས་ཏེ་གཏོང་མི་ཀོ་པ་རྣམས་ཀྱང་རང་ལུགས་གྱོན་ཆས་གཟབ་མཆོར་གྱིས་ཕེབས་སྒུག་ཨང་གསར་ཐོག་ས་དབང་རྣམ་པ་འཁོར་བཅས་ཕེབས་ཀོར་བཞུགས། ཀླུ་ཁང་གི་རྡོ་སྐས་མཚམས་ཞོལ་གཉེར་སེར་སྐྱ་རྣམས་དང་གཉེར་དྲུང་བཅས་ནས་ཞབས་ཞུས་ཀྱི་ཀླུ་ཁང་གཟིམས་ཆུང་དུ་ས་དབང་རྣམ་པ་དང་། བྱིངས་བར་ཁྱམས་འཁོར་ཡུག་ཏུ་བཞུགས་སྒྲིག་སར་གོ་རིམ་བཞིན་འཁོད། ཞོལ་ལས་ཁུངས་ནས་གསོལ་ཇ། འབྲས་བསིལ། ལའི་ཞེས་སྦང་ལུམ་བཙིར་བའི་ཁུ་བ། དགུང་ཚིགས་དཀར་སྐྱོང་རིམ་འབུལ་ཞུས། ལྷ་སའི་ནང་མའི་སྐྱིད་སྡུག་པ་ཚོས་རོལ་ཆ་དང་། གཞས་ཞབས་བྲོ་རྣམ་ཐར་བཅས་གཏོང་མི་དང་། ཀོ་དཔོན་གཉེར་པ། ཞོལ་ནང་བཅས་པར་ལེགས་དར། དངུལ་གྱི་གནང་ཆ་སྩལ་ཏེ་ཕེབས་ཀོར་མཚོ་བསྐོར་གནང་སྒོ་ཟིན་མཚམས་གླིང་བསྐོར་འཕྲོ་སྐྱོང་དུ་ཕེབས། དེ་ཉིན་རྩེ་ཡིག་ཚང་ལས་ཁུངས་ནས་ཀྱང་སྔོན་ཚུད་རྟེན་གཙོ་ཁག་ལ་༧གོང་ས་མཆོག་གི་ཐུགས་སྨོན་སྙན་ཤལ་ཞུ་ལེན་དང་། བྱིན་རྟེན། མཛོད་ཆུང་ཁོངས་ནས་སྤྲང་འགྱེད་བསྡོགས་ལེན་མཁན་དྲུང་བཞི་དང་། ཡིག་ཚང་འཁོར་བཅས་ན་བཟའ་རྒྱུན་ཆས་ཁ་གསར་གཟབ་མཆོར་གྱིས་སྔ་ཆར་རྩེ་ཕོ་བྲང་དུ་ཚང་འཛོམས་ཐོག་འཕགས་མཆོག་ལོ་ཀེ་ཤྭ་རས་གཙོས་རྩེའི་ལྷ་ཁང་ཁག་དང་། གོང་བཞིན་གླིང་བསྐོར་དུ་ཕེབས་ཏེ་ཀླུ་ཁང་། ར་མོ་ཆེ་གཙུག་ལག་ཁང་སོགས་ལ་གནས་གཟིགས། ཡིག་ཚང་ལས་བྱས་གཟིམས་ཆུང་སྐུ་སྒེར་གྱི་སྤྲང་འགྱེད་དང་། བྱིན་རྟེན་བཅས་ངན་སློང་ལ་སྤྲོད་པ་དང་། སྒེར་སོ་སོས་མཆོད་འབུལ་གཟབ་རྒྱས་དང་སྦྱིན་གཏོང་བ་སོགས་མདོར་ན་གཞུང་སའི་བཀའ་བློན་རྣམས་ཀྱིས་གཙོས་གཞུང་ཞབས་རྣམས་ཀྱིས་ཤོད་སྐོར་ཡོངས་རྫོགས་ལྷ་ས་གཙུག་ལག་ཁང་དང་། ར་མོ་ཆེ། ཞི་ཁྲོ་ལྷ་ཁང་། ནོར་གླིང་སྐལ་བཟང་ཕོ་བྲང་། རྩེ་ཕོ་བྲང་སོགས་སུ་མཆོད་མཇལ་དང་འབྲས་སིལ། དགུང་ཚིགས་དཀར་སྐྱོང་བཅས་ཚར་རྗེས་ཀོ་གྲུར་བསྡད་དེ་མཚོ་སྐོར་བྱེད་སྐབས་གླུ་གར་བས་སྒྲ་སྙན་སོགས་རོལ་མོའི་རྣམ་གྲངས་དཀྲོལ་གཏོང་བྱེད་སྲོལ་སོགས་ཡོད་ལ། མང་ཚོགས་སེར་སྐྱ་རྣམས་ནས་ཀྱང་སྔ་དྲོ་ཕྱག་མཆོད་སོགས་ཚར་རྗེས་ཇ་ཆང་དང་། ཟ་ཆས་འཁྱེར་ཏེ་ཀླུ་ཁང་དུ་ཀོ་གྲུར་བསྡད་ནས་མཚོ་བསྐོར་དང་། གཞས་རྣམ་ཐར་གཏོང་བས་མཚོན་སྤྲོ་སྐྱིད་གང་ལེགས་གཏོང་སྲོལ་ཡོད་པ་མ་ཟད། ཟླ་འདིར་རང་རང་འཁོས་འབྱོར་ལ་དཔག་པའི་དཀོན་མཆོག་ལ་མཆོད་པ་དང་། སློང་མོ་བར་སྦྱིན་གཏོང་རྒྱ་གང་ཆེ་བྱེད་སྲོལ་ཡོད་ཅིང་། དགོན་པ་དང་མཆོད་རྟེན་སོགས་ལ་ཕྱག་དང་སྐོར་བ་བྱེད་པ། ཚེ་ཐར་གཏོང་བ། སྐྱ་སེར་དབྱེར་མེད་ཀྱིས་ཟླ་བ་གཅིག་རིང་ཤ་ཟ་བ་སྤངས་པ་དང་། གྲོང་མི་ལྷན་འཛོམས་ཀྱིས་སྨྱུང་གནས་ལ་གནས་པ་དང་། བསྙེན་གནས་ཀྱི་སྡོམ་པ་ལེན་པ། ཆོས་སྐོར་བྱེད་པ། དགོན་པ་ཁག་ཏུ་སེམས་བསྐྱེད་མཆོད་པ་བཟུང་སྟེ་ཡོན་ཆབ་གང་མང་འབུལ་བ་སོགས་ཟླ་བ་འདི་ནི་བོད་མི་ཡོངས་ཀྱིས་དགེ་བ་ལ་བརྩོན་པའི་ཟླ་བ་ཁྱད་པར་ཅན་ཞིག་ཡིན་ནོ།།
སྟོན་པ་ཐུགས་རྗེ་ཅན་གྱི་རྣམ་ཐར་མདོར་བསྡུས། ཡབ་ནི་ཤཱཀྱའི་རིགས་ཀྱི་རྒྱལ་བོ་ཟས་གཙང་མ་དང་། ཡུམ་སྒྱུ་མ་ལྷ་མཛེས་ཡིན་ཞིང་། རྒྱལ་པོ་ཟས་གཙང་མ་ལ་ཡུམ་མི་གཅིག་པའི་སྲས་གཉིས་ཡོད་པའི་ཆེ་བ་ནི་སྟོན་པ་ཐུགས་རྗེ་ཅན་དང་ཆུང་བ་ནི་གཅུང་དགའ་བོ་ཡིན། དགུང་ལོ་ཉི་ཤུ་རྩ་དགུ་བར་ཁྱིམ་དུ་བཞུགས། དེ་ནས་ཕོ་བྲང་གི་ཕྱོགས་བཞིའི་སྒོ་འགྲམ་དུ་བྱོན་སྐབས། མི་རྒས་ཤིང་འཁོགས་པ་དང་། ནད་ཀྱིས་མནར་བ་དང་། ཤི་བ། དགེ་སློང་ཞི་དུལ་ཅན་བཅས་གཟིགས་པ་དང་། སངས་རྒྱས་བྱང་སེམས་མང་པོས་སྐུལ་བའི་རྐྱེན་བྱས་ནས་རྒྱལ་སྲིད་ལ་དབང་བསྐུར་རྒྱུའི་ཞག་བདུན་གྱི་གོང་དུ་ནམ་ཕྱེད་ཆིབས་པ་བསྔགས་ལྡན་ལ་བཅིབས་ཏེ་བྲོས་ཤིང། ས་ག་ཟླ་བའི་ཚེས་བརྒྱད་ལ་མཆོད་རྟེན་རྣམ་དག་གི་དྲུང་ནས་རང་བྱུང་གིས་བསྙེན་པར་རྫོགས། དེ་ནས་ཆུ་བོ་ནེ་རཉྫ་ནའི་འགྲམ་དུ་ལོ་དྲུག་གི་བར་ཉིན་རེར་འབྲུ་འབྲུ་རྡོག་རེ་དང་ཆུ་ཆུ་ཐིགས་རེ་ལས་མི་གསོལ་བར་ཏིང་ངེ་འཛིན་བསྒོམ་ཞིང་བཞུགས། དགུང་ལོ་སོ་ལྔ་པ་ཤིང་རྟ་ལོ་ལ་རྡོ་རྗེ་གདན་དུ་ཕེབས་ཏེ། དེར་རྩ་འཚོང་གི་ཁྱེའུ་བཀྲ་ཤིས་ཀྱིས་རྩྭ་ཀུ་ཤ་མང་པོ་ཕུལ་བ་རྣམས་གདན་ལ་བཏིངས་ནས་བྱང་ཆུབ་ཀྱི་ཤིང་དྲུང་དུ་ཞལ་ཤར་དུ་གཟིགས་ཏེ་བསམ་གཏན་བསྒོམ་ཞིང་བཞུགས་པས་ས་ག་ཟླ་བའི་ཚེས་བཅོ་ལྔའི་ཐོ་རངས་མངོན་པར་རྫོགས་པ་སངས་རྒྱས། དེ་ནས་རེ་ཞིག་གདུལ་བྱ་རྣམས་ཆོས་སྟོན་པའི་སྣོད་དུ་རུང་མི་རུང་བརྟག་པའི་ཆེད་དུ་ཞག་བདུན་ཕྲག་བདུན་གྱི་བར་དུ་ཆོས་མི་གསུང་བར་བཞུགས། དེ་ནས་ལྷ་ཚངས་པས་གསེར་གྱི་འཁོར་ལོ་རྩིབས་སྟོང་ཡོད་པ་དང་། ལྷའི་དབང་པོ་བརྒྱ་བྱིན་གྱིས་དུང་དཀར་པོ་གཡས་སུ་འཁྱིལ་བ་ཕུལ་ཏེ་ཆོས་གསུང་བར་ཞུས་པ་བཞིན། ཟླ་བ་དྲུག་པའི་ཚེས་བཞི་ལ་ཡུལ་ཝཱ་ར་ནཱ་སིའི་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སུ་བྱོན་ནས་འཁོར་ལྔ་སྡེ་བཟང་ལ་བདེན་བཞིའི་ཆོས་འཁོར་གསུངས། དགུང་ལོ་ང་དྲུག་པ་ཤིང་ཡོས་ལོ་ལ་མུ་སྟེགས་པའི་སྟོན་པ་དྲུག ༡རྫོགས་བྱེད། ༢གནག་ལྷས་ཀྱི་བུ། ༣ཡང་དག་རྒྱལ་བ་ཅན། ༤མི་ཕམ་སྐྲའི་ལ་བ་ཅན། ༥ཀ་ཏའི་བུ་ནོག་ཅན། ༦གཅེར་བུ་བ་གཉེན་གྱི་བུ་སོགས་ཀྱིས་ཡུལ་དེའི་རྒྱལ་པོ་ཆེན་པོ་རྣམས་ལ་ཞུས་ཏེ་སངས་རྒྱས་དང་རྫུ་འཕྲུལ་འགྲན་དགོས་པར་བསྐུལ་བ་ལྟར། ཡུལ་མ་གྷ་ངྷར་བྱོན་ནས་གཉན་ཡོད་གྲོང་ཁྱེར་ཆེན་པོར་མེ་འབྲུག་ལོའི་དགུན་ཟླ་ཐ་ཆུང་སྐར་མ་མཆུ་ཡི་ཉ་བའི་ཟླ་བ་བོད་ཟླ་དང་པོའི་ཚེས་གཅིག་ནས་ཚེས་བཅོ་ལྔའི་བར་མུ་སྟེགས་སྟོན་པ་དྲུག་དང་རྫུ་འཕྲུལ་འགྲན་ནས་ཕམ་པར་མཛད་པ་དང་། མུ་སྟེགས་སྟོན་པ་དྲུག་གི་སློབ་མ་ཁྲི་ཚོ་མང་པོ་སངས་རྒྱས་ཆོས་ལུགས་ཀྱི་ནང་དུ་ཞུགས། དེ་སྔ་བོད་ཟླ་དང་པོའི་ཚེས་གཅིག་ནས་ཚེས་བཅོ་ལྔ་བར་རྒྱ་གར་དུ་དུས་ཆེན་གྱི་མཆོད་པ་ཆེན་པོ་བྱ་སྲོལ་ཡོད་པ་ལྟར། རྗེ་ཐམས་ཅད་མཁྱེན་པས་བོད་རབ་བྱུང་བདུན་པའི་ས་གླང༡༤༠༩ལོར་ལྷ་ལྡན་གཙུག་ལག་ཁང་དུ་སྨོན་ལམ་ཆེན་མོ་གསར་འཛུགས་གནང་། རབ་བྱུང་བརྒྱད་པའི་ས་སྟག་ ༡༥༡༨ལོར་རྒྱལ་དབང་སྐུ་ཕྲེང་གཉིས་པ་རྗེ་དགེ་འདུན་རྒྱ་མཚོས་སྨོན་ལམ་ཆེན་མོའི་ཚོགས་དབུ་གནང་བ་དང་དུས་མཚུངས་སུ་སྨོན་ལམ་ཆེན་མོའི་འདོན་རྟ་དབྱངས་དང་སྒྲིག་ལམ་གསར་པ་འགའ་ཞིག་གཏན་འབེབས་མཛད། དེ་རྗེས་རབ་བྱུང་བཅུ་པའི་ཆུ་གླང༡༦༡༤ལོ་ནས་བཟུང་པཎ་ཆེན་སྐུ་ཕྲེང་བཞི་བ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་ལོ་དྲུག་རིང་སྨོན་ལམ་ཆེན་མོའི་ཚོགས་དབུ་མཛད་རིང་སེ་འབྲས་དགེ་གསུམ་གྱི་དགེ་བཤེས་མཁས་པ་རྣམས་སྨོན་ལམ་ཆེན་མོར་མཚན་ཉིད་རིག་པའི་གཞུང་ཆེན་པོ་ལྔ། ཞོགས་པ་ཚད་མ་རྣམ་འགྲེལ། ཉིན་གུང་དབུ་མ་དང་ཕར་ཕྱིན། དགོང་མོ་འདུལ་བ་དང་མཛོད་རྣམས་ལ་བགྲོ་གླེང་བྱས་ཏེ་སློབ་གཉེར་བཟང་རིམ་ལ་ཨང་གྲངས་དང་བྱ་དགའི་དངོས་པོ་སྤྲོད་པའི་ལམ་སྲོལ་བཙུགས་པ་དེ་ནས་དགེ་བཤེས་ལྷ་རམས་པ་ཟེར་བའི་སྲོལ་བྱུང་། རབ་བྱུང་བཅུ་གཅིག་པའི་ཆུ་རྟ༡༦༤༢ལོ་ནས༧གོང་ས་རྒྱལ་དབང་ལྔ་པ་སྐུ་ཕྲེང་རིམ་བྱོན་གྱིས་བོད་ཆེན་པོའི་ལུགས་གཉིས་བདག་ཏུ་བཞེས་པ་དང་འཐུས་ཚང་དུ་བཏང་བ་མང་དུ་མཆིས། ཁྱད་པར་དུ་འབྲས་སྤུངས་དགོན་པར་གནོད་པ་ཚབས་ཆེན་བྱུང་བ་ནས་གུན་གསབ་ལྟ་བུར་ལྷ་ས་སྨོན་ལམ་ཆེན་མོའི་རིང་གྲོང་ཁྱེར་ནང་གི་ཁྲིམས་འཛིན་དབང་ཆ་དང་ཆོས་ཀྱི་དབང་ཆ་འབྲས་སྤུངས་དགོན་པའི་ཚོགས་ཆེན་ཞལ་ངོས་གཅིག་ལྕོགས་བྱེད་རྒྱུ་སོགས་དམིགས་བསལ་དབང་ཆ་ཁག་ཅིག་གཏན་འབེབས་གནང་། སྨོན་ལམ་ཆེན་མོའི་མིང་གི་རྣམ་གྲངས་ནི་ཆོ་འཕྲུལ་སྨོན་ལམ་དང་། གཉན་ཡོད་ཆོ་འཕྲུལ་མཆོད་པ། དང་པོའི་སྨོན་ལམ། སྨོན་ལམ་ཆེན་མོ་སོགས་ཡིན། ཕྱིས་སུ་སྨོན་ལམ་དངོས་གཞི་ཚེས་གསུམ་ཉིན་ནས་ཚུགས་ཐོག་ཚེས་གཅིག་དང་གཉིས་ལ་ལོ་གསར་གཏོང་གི་ཡོད། གཞན་ཡང་ཆོ་འཕྲུལ་ཟླ་བ་དེའི་ཚེས་གཅིག་ནས་བཅོ་ལྔ་བར་རྙིང་མ་དང་། ས་སྐྱ། བཀའ་བརྒྱུད་སོགས་ཀྱི་དགོན་པ་ཚང་མ་སྨོན་ལམ་ཚུགས་སྲོལ་ཡོད་པ་དང་། ལྷག་པར་དུ་མདོ་དབུས་ཁམས་གསུམ་གྱི་དགེ་ལུགས་པའི་དགོན་པ་ཆེ་ཆུང་ཚང་མ་ཆོ་འཕྲུལ་སྨོན་ལམ་འཚོགས་སྲོལ་ཡོད་པ་དེང་སྐབས་ཀྱང་ཡར་ལྡན་དུ་གནས། རང་ཅག་གི་སྟོན་པ་དགུང་ལོ་ང་བརྒྱད་པར་རང་ཉིད་ཀྱི་ཡུམ་ལྷ་ཡུལ་དུ་སྐྱེས་པ་ལ་དྲིན་ལན་གསབ་ཆེད་དུ་ཆོས་གསུང་བར་བྱོན་ནས་ཟླ་བ་གསུམ་བཞུགས། སྐབས་དེར་སྒྲ་སྒྲོགས་ཀྱི་རྒྱལ་བོ་ཨུ་ཊ་ཡ་ན་སངས་རྒྱས་ལྷག་པར་དྲན་པའི་དབང་གིས་ལྷ་བཟོ་བ་ལ་ཙནྡན་གྱི་ཤིང་ལས་སངས་རྒྱས་ཀྱི་སྐུ་བཞེངས་སུ་བཅུག་པ་དེ་ནས་རིམ་གྱིས་རྒྱ་ནག་གི་ཡུལ་དུ་བྱོན་པ་དེ་ལ་ཙནྡན་ཇོ་བོ་ཟེར། སྟོན་ཟླ་ཐ་ཆུང་ཐ་སྐར་ཟླ་བ་བོད་ཟླ་དགུ་བའི་ཚེས་ཉི་ཤུ་གཉིས་ལ་ལྷ་ཡུལ་ནས་གྲོང་ཁྱེར་གསལ་ལྡན་གྱི་འགྲམ་དུ་བབས་པར་མཛད། དེ་ལ་དྲན་གསོ་ཞུ་ཆེད་བོད་དུ་ཟླ་བ་དགུ་བའི་ཚེས་ཉི་ཤུ་གཉིས་ལ་ལྷ་བབས་དུས་ཆེན་ཞེས་འབོད་སྲོལ་མཆིས་པ་མ་ཟད། ད་ལྟའང་མ་ཡུམ་དུས་ཆེན་ལ་གཏན་འཁེལ་གནང་ཡོད་ཅིང་ཉམས་སུ་བསྟར་བཞིན་གནས། དེ་ནས་དགུང་ལོ་བརྒྱད་ཅུ་པ་ས་ཡོས་ལོར་མ་སླེབས་ཀྱི་བར་དུ་ཐེག་པ་ཆེ་ཆུང་དང་གསང་སྔགས་ཀྱི་ཆོས་མང་པོ་གསུངས་ཤིང་། བརྒྱད་ཅུ་པ་དེར་ཤེར་ཕྱིན་གྱི་མདོ་ཐོག་མར་གསུངས། དེའི་ཕྱི་ལོ་ལྕགས་འབྲུག་ནག་པ་ཟླ་བའི་བོད་ཟླ་གསུམ་པའི་ཚེས་བཅོ་ལྔ་ལ་རྒྱ་གར་ལྷོ་ཕྱོགས་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་དུ་དཔལ་དུས་ཀྱི་འཁོར་ལོའི་རྩ་རྒྱུད་གསུངས། དེ་ནས་རིང་བོར་མ་ཐོགས་སངས་རྒྱས་སྐུ་མྱ་ངན་ལས་མ་འདས་གོང་གི་ཞག་བདུན་གྱི་གོང་ལ་མཆོག་ཟུང་དང་སློབ་མའི་སློབ་མ་བཅས་ཁྲི་བརྒྱད་ལྷག་ཙམ་སངས་རྒྱས་སྐུ་གཤེགས་པར་ལྟ་བར་མི་བཟོད་པར་རང་རང་མྱ་ངན་ལས་འདས། དཔྱིད་ཟླ་ཐ་ཆུང་ས་ག་ཟླ་བ་བོད་ཟླ་བཞི་བའི་ཚེས་བཅོ་ལྔའི་ཉིན་རྒྱ་གར་བྱང་ཕྱོགས་སེར་སྐྱའི་གྲོང་ཁྱེར་གྱི་ཤར་ཕྱོགས་གྱད་ཀྱི་ཡུལ་རྩ་མཆོག་གྲོང་དུ་ཕེབས་ཏེ་ཤིང་སཱ་ལ་སྤོས་དཀར་བཟོ་བྱེད་ཀྱི་ཤིང་སྟེ་བོད་སྐད་དུ་ཐང་ཤིང་ངམ་སྤོས་དཀར་ཤིང་ཟུང་གི་བར་དུ་དབུ་སྔས་བྱང་། ཞབས་ལྷོ། སྐུ་རྒྱབ་ཤར། ཞལ་ལྷོ་ནུབ་ཏུ་བསྟན་ནས་སྐུ་མྱ་ངན་ལས་འདས། སངས་རྒྱས་མྱ་ངན་ལས་འདས་ནས་རིམ་བཞིན་སྟོན་པའི་གཏད་རབས་བདུན། ༡འོད་སྲུང་། ༢ཀུན་དགའ་བོ། ༣ཤ་ནའི་གོས་ཅན།༤ཉེར་སྦས། ༥ངྷི་ངྷི་ཀ ༦ནག་པོ་པ། ༧ལེགས་མཐོང་ཆེན་པོ་རྣམས་ཀྱིས་ལོ་མང་པོའི་བར་བསྟན་པ་བསྐྱངས། འོད་སྲུང་ཆེན་པོས་ལོ་གཅིག ཀུན་དཀའ་བོས་ལོ་བཞི་བཅུ། ཤ་ནའི་གོས་ཅན་གྱིས་ལོ་འགའ་ཤས། འཕགས་པ་ཉེར་སྦས་ཀྱིས་ལོ་ངོ་སུམ་ཅུ་ལྷག་ཙམ། འཕགས་པ་ངྷི་ངྷི་ཀས་ལོ་གྲངས་མང་ཙམ། འཕགས་པ་ནག་པོས་ལོ་ངོ་འགའ་ཤས། ལེགས་མཐོང་ཆེན་པོས་ལོ་ངོ་འགའ་ཤས་བཅས་ཁྱོན་བསྡོམས་གཏད་རབས་བདུན་གྱིས་ལོ་ངོ་བརྒྱ་དང་བཅུའི་བར་དུ་བསྟན་པ་བསྐྱངས་ཤིང་། ལོ་མང་རིང་དགྲ་བཅོམ་པ་གྲགས་པ་ལ་སོགས་པའི་དགྲ་བཅོམ་དང་པནྟི་ཏ་སྟོང་ཕྲག་ལྷག་ཙམ་བྱུང་བ་རྣམས་ཀྱིས་བསྟན་པ་དར་རྒྱས་སུ་མཛད། དེ་ནས་མགོན་པོ་ཀླུ་སྒྲུབ་དང་འཕགས་པ་ཐོགས་མེད་སོགས་རྒྱན་དྲུག་མཆོག་གཉིས་དང་། དེ་དག་སོ་སོའི་སློབ་མ་ཡང་སློབ་དང་བཅས་པས་མདོ་སྔགས་རིག་གནས་དང་བཅས་པ་ལྷག་པར་དར་རྒྱས་སུ་མཛད་པ་ཡིན་ལ། ཞིབ་པར་རྗེ་བཙུན་ཏཱ་ར་ནཱ་ཐས་མཛད་པའི་རྒྱ་གར་ཆོས་འབྱུང་དང་། བུ་སྟོན་རིན་པོ་ཆེས་མཛད་པའི་ཆོས་འབྱུང་གསུང་རབ་རིན་པོ་ཆེའི་མཛོད། སུམ་པ་མཁན་ཆེན་གྱིས་མཛད་པའི་ཆོས་འབྱུང་དཔག་བསམ་ལྗོན་བཟང་བཅས་སུ་གསལ་ཞིང་། ཟུར་དུ་སྟོན་པའི་རྣམ་ཐར་ཕྱོགས་བཏུས་ཀྱི་འཕྲུལ་དེབ་རྩོམ་སྒྲིག་བྱས་ཡོད་པ་ལྟར་དེ་ལས་ཤེས་པར་བྱའོ།།
སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས་ཕྱོགས་བཏུས་བྱས། ༢༠༡༦།༠༥།༠༧ལ།
དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་བྱ་དགོས་ཚེ་རྩོམ་ཁུངས་ཁ་གསལ་འགོད་དགོས།
ཆོ་འཕྲུལ་སྨོན་ལམ་ཆེན་མོ།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ། སྤེལ་དུས། ༢༠༡༦།༢།༢༥།
སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས་སྤེལ།
སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་ཁང་གིས་བཀྲམ།
ཆོ་འཕྲུལ་སྨོན་ལམ་ནི་སྟོན་པ་བཅོམ་ལྡན་འདས་ཀྱིས་རྫུ་འཕྲུལ་བསྟན་ནས་མུ་སྟེགས་ཀྱི་སྟོན་པ་དྲུག་ཕན་པར་མཛད་པ་ན་ཁྱིམ་བདག་དད་པ་ཅན་དག་གིས་མཆོད་པ་སོགས་ཀྱིས་དུས་སྟོན་སོགས་བྱས་པ་ལས་བྱུང་བ་ཞིག་ཡིན་ཞིང་། བོད་འདིར་རྗེ་ཙོང་ཁ་པས་ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་གི་མདུན་དུ་མཆོད་སྤྲིན་རྒྱ་མཚོ་བསྟར་ཏེ་དུས་མཆོད་བྱས་པ་ལས་ཆོ་འཕྲུལ་སྨོན་ལམ་ཆེན་མོ་ཞེས་པ་འདི་བྱུང་བ་ཡིན། འདི་ལ་ཆོ་འཕྲུལ་དུས་ཆེན་གྱི་བྱུང་དུས། དེ་རྐྱེན་ཇི་འདྲ་ཞིག་ལ་བརྟེན་ནས་བྱུང་ཚུལ། ཆོ་འཕྲུལ་གྱི་དུས་ཆེན་དངོས། དེ་ལས་ཆོ་འཕྲུལ་གྱི་དུས་སྟོན་བྱུང་ཚུལ། ད་ལྟའི་ཆོ་འཕྲུལ་སྨོན་ལམ་དུ་གྲགས་པའི་བྱུང་རིམ་དངོས། ད་ལྟའི་ཚོགས་དུས་སོགས། ཞར་བྱུང་སྨོན་ལམ་གཏོར་རྒྱག །བྱམས་པ་གདན་འདྲེན། བཅོ་ལྔ་མཆོད་པ། གར་འཆམ། ལྷ་ལྡན་སྨོན་ལམ་ཆེན་མོ་ཞེས་པའི་མིང་བྱུང་ཚུལ། དེ་དང་འབྲེལ་ཏེ་ལྷ་རམས་གྲྭ་སྐོར་བྱུང་ཚུལ། ཞར་བྱུང་གཞན་དགེ་བའི་འགྱུར་ཁྱད་བཅས་སོ།།
སྟོད་ཆ་ལ་གཟིགས་པར་ཞུ། བར་ཆ་ལ་གཟིགས་པར་ཞུ། སྨད་ཆ་ལ་གཟིགས་པར་ཞུ།
བཅུ་དགུ་མཆོད་པ་དང་བཟང་སྤྱོད་སྨོན་ལམ།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།བཅུ་དགུ་མཆོད་པ་ནི། རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་སྐུ་ཞི་བར་གཤེགས་པའི་ཉིན་གྱི་དགོངས་རྫོགས་མཆོད་འབུལ་ལ་ཟེར། དེ་ཡང་རྗེ་བཙུན་པ་རབ་བྱུང་དགུ་པའི་ཤིང་འབྲུག་ལོའི་ཟླ་༡༡ ཚེས་ ༡༩ ཉིན་ཞི་བར་གཤེགས་པ་ལྟར། ལོ་རེའི་ཉིན་དེར་རྗེ་བཙུན་པའི་ཡིག་ཆ་ལ་འཆད་ཉན་བྱེད་པའི་དགོན་སྡེ་རྣམས་སུ་མཆོད་འབུལ་དུས་བཟང་འཚོགས་པ་དང་སེ་ར་ཐེག་པ་ཆེན་པོའི་གླིང་དུ་སེ་ར་བླ་སྤྱིར་གྲྭ་ཚང་ཁག་མཉམ་དུ་དམ་བཅའ་འཚོགས་ཤིང་། བླ་སྤྱིའི་དམ་བཅའི་རྗེས་སུ་འདི་ག་སེར་བྱེས་གྲྭ་ཚང་དུའང་དུས་བཟང་དང་བླ་མ་རྗེ་བཙུན་པའི་རྣམ་ཐར་ཚིགས་བཅད་མ་རྟ་དབྱངས་བཅས་གསུངས་ཤིང་ཚོགས་གྲོལ་བ་དང་། དགེ་འདུན་དམངས་ཀྱིས་གསོལ་འདེབས་དམིགས་བརྩེ་མ་སོགས་གསུང་བཞིན་གྲྭ་ཚང་གི་འདུ་ཁང་ལ་སྐོར་བར་ཕེབས་སྲོལ་ཡོད་པ་དེ་ལ་བཅུ་དགུ་མཆོད་པ་ཟེར།
བཟང་སྤྱོད་སྨོན་ལམ་ནི། རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱི་སློབ་མའི་གཙོ་གྲས་པཎ་ཆེན་བདེ་ལགས་ཉི་མས་རང་གི་བླ་མ་རྗེ་བཙུན་པའི་དགོངས་རྫོགས་དུས་མཆོད་ཀྱི་ཆེད་དུ་བཙུགས་པ་ཞིག་ཡིན། དེ་ཡང་ཟླ་༡༡ ཚེས་ ༢༥ ཉིན་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་མཆོག་སྐུ་གཤེགས་ནས་བདུན་ཚིགས་དང་པོའི་དུས་ཚེས་ཉིན། པཎ་ཆེན་བདེ་ལེགས་ཉི་མས་ར་ས་འཁྲུལ་སྣང་གི་གཙུག་ལག་ཁང་དུ་ཇོ་བོ་ཤཱཀྱ་མུ་ནིའི་སྤྱན་སྔར་ཀུན་བཟང་མཆོད་སྤྲིན་འབུལ་བཤམས་དང་འབྲེལ། གྲྭ་ཚང་བྱེས་སུ་བཟང་སྤྱོད་སྨོན་ལམ་འབུམ་ཐེར་འགྲོ་ངེས་ཀྱི་དུས་བཟང་ཐེབས་སྦྱོར་གནང་བ་བཞིན། ཚེས་ཉེར་ལྔ་ནས་ཉིན་གྲངས་བཅོ་ལྔའི་བར་བཟང་སྤྱོད་སྨོན་ལམ་ཆེན་མོ་ཚོགས་པ་ནས་ད་ལྟའི་བར་དུ་རྒྱུན་མ་ཆད་པར་འཚོགས་བཞིན་ཡོད། ཕྱི་ལོ་ ༡༩༥༩ ལོར་གྲྭ་ཚང་གི་དགེ་འདུན་པ་གང་འཚམ་བཙན་བྱོལ་དུ་ཕེབས་ཐུབ་པ་བྱུང་ནས་ཀྱང་སྦག་ས་ཆོས་སྒར་དུ་མཆོད་རྫས་སོགས་ཀྱི་མཐུན་རྐྱེན་ཧ་ཅང་དཀོན་ནའང་། གྲྭ་ཚང་རང་གི་དགེ་འདུན་པ་ཚོས་ཡི་དམ་གཙོ་འཁོར་ལ་འབུལ་གཏོར་ཆུང་ངུ་རེ་བཞེངས་ཏེ་བཟང་སྤྱོད་ཆེན་མོ་ས་བཅད་མ་སྟོང་པ་ཙམ་དུ་ལོ་ལྟར་ཚོགས་ཤིང་། རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ས་གནས་སུ་གྲྭ་ཚང་ཆགས་རྗེས། རིམ་གྱིས་མཐུན་རྐྱེན་སོགས་ཡར་རྒྱས་སུ་སོང་སྟེ་དེང་སྐབས་ཀུན་བཟང་མཆོད་སྤྲིན་འབུལ་བཤམས་དང་འབྲེལ་བཟང་སྤྱོད་ཆེན་མོ་ཉིན་གྲངས་བདུན་ལ་འཚོགས་བཞིན་ཡོད། བཟང་སྤྱོད་ཆེན་མོའི་དངོས་གཞིའི་སྐབས་སུ་ཉིན་རེར་ཚོགས་ཐེངས་བཞི་རེ་དང་སྔ་ཇ་མཚན་གྱི་ཆུ་ཚོད་ ༢ པ་ཡས་མས་ནས་འཚོགས་པ་དང་། ཡར་ཚོགས་ཀྱི་སྐབས་སུ་དགེ་བསྐོས་ཀྱིས་བླ་མ་རྗེ་བཙུན་པའི་རྣམ་ཐར་ཚིགས་བཅད་མ་ཐུགས་ཐོག་ནས་སྙན་སྒྲོན་ཞུས་ཚར་བ་དང་། སྐྱབས་རྗེ་མཁན་རིན་པོ་ཆེས་ཚོགས་གཏམ་ཆེན་མོ་ལུང་རིགས་ཀྱིས་བརྒྱན་ཏེ་སྩལ་བའི་རྗེས། དགེ་བསྐོས་ཀྱི་གཏོར་སྒྲུབ་ཆེན་མོའི་ཚོགས་གཏམ་འབུལ། དངོས་གཞིའི་ཉིན་དང་པོར་དགེ་བསྐོས་ཀྱིས་གྲྭ་ཚང་གི་ཐུན་མོང་མ་ཡིན་པའི་ས་བཅད་དྲུག་གི་བདག་ཉིད་ཅན་གྱི་ཚོགས་གཏམ་ཆེན་མོ་འབུལ་དགོས་ཤིང་། ཉིན་རེར་ཆུ་ཚོད་དགུ་པ་ཡས་མས་སུ་ཆོས་ར་འཚོགས་ཏེ་ལོ་དེའི་ཚོགས་རམས་པ་རྣམས་ཀྱིས་འཛིན་གྲྭ་རྣམས་སུ་དམ་བཅའ་འཁོར་དགོས། དེ་ལྟར་ལོ་རེའི་བླ་མ་རྗེ་བཙུན་པ་དགོངས་པ་ཞི་བར་གཤེགས་པའི་དུས་ཚིགས་བདུན་པའི་ཉིན་ནས་དབུ་བཙུགས་ཏེ་ཉིན་བཅོ་ལྔའམ། ད་ལྟ་ཉིན་གྲངས་བདུན་ལ་དགོངས་རྫོགས་ཀྱི་དུས་མཆོད་འཚོགས་ཀྱིན་ཡོད་པ་དེ་ལ་བཟང་སྤྱོད་ཆེན་མོའམ་གསུང་རྒྱུའི་སྨོན་ལམ་གཙོ་བོའི་ཆ་ནས་མིང་བཏགས་ཏེ་ད་ལྟ་བཟང་སྤྱོད་སྨོན་ལམ་ཟེར་མཁན་ཡང་ཡོད།
སེ་ར་རྗེ་བཙུན་པའམ་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་ནི། རབ་བྱུང་བརྒྱད་པའི་ས་གླང་(༡༤༦༩)ལོར་གཙང་ཉང་སྟོད་ཀྱི་སའི་ཆ། རྒྱལ་ཚབ་དར་མ་རིན་ཆེན་གྱི་འཁྲུངས་ཡུལ་རི་ནང་ཞེས་པའི་ཆར་གཏོགས་པ་ཁྱེའུ་ཞེས་པ་ཡིན་ལ། རྔོག་ཡེ་ཤེས་སེང་གེ་སོགས་གྲུབ་པའི་དབང་ཕྱུག་དུ་མ་བྱུང་པའི་རིགས་ལས་རྟ་ནག་ཕྱུག་པོ་གཞུང་ལྷོ་སྨད་སོགས་ཀྱི་མི་ཁྱིམ་མང་པོའི་དཔོན་དུ་གྱུར་པ། ཕྱིས་སྨིན་དྲུག་འཁྱུང་རྩེ་སོགས་རྫོགས་ཆེན་གྱི་བདག་པོར་གྱུར་པའི་དཔོན་རྒྱུད་དུ་ཡབ་ནང་སོ་བསོད་ནམས་འཕེལ་དང་། ཡུམ་སྒྲོལ་མ་འབུམ་གཉིས་ཀྱི་སྲས་སུ་འཁྲུངས། ཡུམ་གྱི་ལྷུམས་སུ་བཞུགས་དུས་ལྷ་ས་སོགས་སུ་གནས་མཇལ་ལ་བྱོན་པར། རྗེ་བ་སོ་བ་དགེ་ལྡན་གྱི་ཁྲི་ཐོག་ཏུ་བཞུགས་པ་དང་མཇལ། རྗེ་བ་སོ་བས་ཁྱོད་ཀྱི་སྲས་འདི་བསྟན་པ་ལ་ཕན་ཐོགས་པའི་བསྟན་འཛིན་ཆེན་པོ་ཞིག་ཡོང་། མཚན་ཆོས་ཀྱི་རྒྱལ་མཚན་དུ་ཐོགས། འཁྲུངས་མ་ཐག་ན་བཟའ་འདི་གསོལ་ཞེས་བཀྲ་ཤིས་ཁ་བཏགས་ཤིག་གནང་། དགུང་ལོ་དྲུག་པ་ལ་རྒྱལ་བ་དགེ་འདུན་གྲུབ་ཉང་སྟོད་ཀྱི་ཆབ་ཚན་ལ་ཕེབས་པ་གདན་དྲངས་ཏེ་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་ཞུ་བར་མཛད། དགུང་ལོ་བདུན་པ་ལ་གནས་རྙིང་ཆོས་རྗེ་ཀུན་དགའ་བདེ་ལེགས་རིན་ཆེན་དབེན་གནས་སྨན་ཆུ་ན་བཞུགས་པའི་དྲུང་དུ་དགེ་བརྙེན་གྱི་སྡོམ་པ་བཞེས། ཆོས་རྗེའི་ཞལ་ནས་ངའི་བླ་མ་ལན་དུ་མར་བསྔགས་པའི་པཎྜི་ཏ་ཡིན། ཁྱོད་ལ་ཁོང་གི་མཚན་གནང་འདུག་པ་འདི་ངས་སྤོ་མི་ནུས། ཁྱད་པར་འདི་ལ་རྟེན་འབྲེལ་ཆེན་པོ་ཡོད། རྟེན་འབྲེལ་ཆུགས་སུ་མི་རུང་གསུངས་ནས་མཚན་དེའི་སྟེང་དུ་དཔལ་བཟང་པོ་གནང་སྟེ་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་ཞེས་གསོལ། དེའི་དྲུང་ནས་བློ་སྦྱོང་མཚོན་ཆ་འཁོར་ལོ་སོགས་དང་། བློ་སྦྱོང་དོན་བདུན་མ་སོགས་རྒྱ་བོད་ཀྱི་བློ་སྦྱོང་གི་གཞུང་མང་པོ་དང་། བཀའ་གདམས་ཐོར་བུ་བ། ཤ་ར་བའི་ལམ་རིམ་བརྗེད་བྱང་མ་ལ་སོགས་ཤ་ར་བ་ནས་མཆད་ཁ་པ་ལ་བརྒྱུད་པའི་ལམ་རིམ་མང་པོ་དང་། སྣར་ཐང་པ་ནས་བརྒྱུད་པའི་ལམ་སྒྲོན། སྣར་ཐང་པའི་ལམ་མཆོག །གནས་རྙིང་ནས་བརྒྱུད་པའི་མགོན་པོ་ཕྱག་དྲུག་པའི་སྐོར་རྣམས་དང་ མགོན་པོ་སྟག་ཞོན་སོགས་ཀྱི་ལུང་རྗེས་གནང་སོགས་ཟབ་ཆོས་མང་དུ་གསན་པས་བླ་མའི་གཙོ་བོ་ཞིག་ཏུ་མཛད། །སྨིན་དྲུག་འཁྱུང་རྩེ་དང་ཁྱེའུ་གཞིས་ཀ་སོགས་སུ་བཞུགས་ནས་དཀའ་ཆེན་བཞིའི་རྩ་གཞུང་དང་། རྩ་འཇུག་གཉིས། མདོ་སྡུད་པ། ལམ་སྒྲོན་སོགས་ཐུགས་འཛིན་མཛད་ཅིང་། གནས་རྙིང་ཆོས་རྗེའི་དྲུང་དུ་ལོ་ལྔ་བཞུགས། དགུང་ལོ་བཅུ་གསུམ་པ་ལ་རྗེ་འདི་པ་ལ་སྐུ་མཆེད་ལྔ་ཡོད་པའི་བཞི་པ་དང་རྗེ་འདི་ཉིད་ཀྱིས་གནས་རྙིང་རིན་པོ་ཆེའི་དྲུང་དུ་དགེ་ཚུལ་གྱི་སྡོམ་པ་ཞུས་ཏེ། ལོ་དེ་ལ་སྐུ་མཆེད་ལྷན་ཅིག་ཏུ་བཀྲ་ཤིས་ལྷུན་པོར་གསན་སྦྱོང་ལ་ཕེབས། བཀྲ་ཤིས་ལྷུན་པོར་པཎ་ཆེན་ལུང་རིགས་རྒྱ་མཚོ་དང་མཇལ། ཀུན་མཁྱེན་ཆོས་འབྱོར་དཔལ་བཟང་དགེ་རྒན་དུ་བསྟེན་ནས་གཞུང་ཆེན་བཀའ་པོད་ལྔར་གསན་སྤྱོང་མཛད། དགུང་ལོ་བཅོ་ལྔའི་དུས་སུ་ཚད་མ་སྡེ་བདུན་མདོ་དང་བཅས་པ་ལ་མཁས་པའི་གྲགས་པ་ཐོབ། དགུང་ལོ་བཅུ་དྲུག་[སེར་བྱེས་བརྙན་དེབ་ཏུ་དགུང་ལོ་བཅུ་གཅིག་བྲིས་འདུག]གི་སྐབས་པཎ་ཆེན་ཡེ་ཤེས་རྩེ་མོ་བཀྲ་ཤིས་ལྷུན་པོའི་ཁྲི་ཐོག་ཏུ་ཕེབས་པའི་དྲུང་ནས་འདུལ་བ་མདོ་རྩ། མངོན་པ་མཛོད་སོགས་གཞུང་ཆེན་དང་ཆོས་བཀའ་མང་དུ་གསན། དགུང་ལོ་བཅོ་བརྒྱད་ལ་ཕེབས་སྐབས་ཕར་ཚད་དབུ་གསུམ་དང་། འདུལ་མཛོད་བཅས་བཀའ་པོད་ལྔར་མཁས་པའི་གཙུག་རྒྱན་དུ་གྱུར། སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཡེ་ཤེས་སམ་ཁྱུང་པོ་བྱ་བྲལ་ལས་གཞི་གསུམ་གྱི་ཕྱག་ལེན་སོགས་གསུང་ཆོས་མང་དུ་གསན། དགུང་ལོ་ཉེར་གསུམ་པ་ལ་བཀྲ་ཤིས་ལྷུན་པོའི་དགེ་བསྐོས་མཛད། དེ་དག་གི་སྐབས་སུ་རྗེ་ཤེས་རབ་སེང་གེའི་དངོས་སློབ་མཁས་གྲུབ་རིན་ཆེན་བཤེས་གཉེན་ལ། ནི་གུ་ཆོས་དྲུག །རྟ་མགྲིན་གསང་སྒྲུབ་སོགས་ཤངས་པ་ལུགས་ཀྱི་ཟབ་ཆོས་དུ་མ་དང་། གུ་རུ་ཞི་དྲག་སོགས་ཀྱི་རྗེས་གནང་དུ་མ། དབུ་མ་རིགས་ཚོགས་དྲུག་གི་ལུང་སོགས་གསན། རྗེའི་ལུགས་ཀྱི་ལྟ་ཁྲིད་མཁས་གྲུབ་རིན་ཆེན་བཤེས་གཉེན་འདི་ཉིད་ལས་ཉམས་ཁྲིད་ཀྱི་ཚུལ་དུ་གསན་པས་དབུ་མའི་ལྟ་བ་ཐུགས་རྒྱུད་ལ་སྐྱེས་པས་བླ་མ་འདི་བཀའ་དྲིན་ཆེ་བའི་བླ་མ་རྣམས་ཀྱི་གཙོ་བོར་མཛད། གཞན་ཡང་ཚེ་དཔག་མེད་ཀྱི་ཞལ་གཟིགས་པའི་རྟ་ནག་ཆོས་རྗེ་ཆོས་ཀྱི་དཔལ་འབྱོར་ལས་ཚེ་དཔག་མེད་གྲུབ་རྒྱལ་ལུགས་ཀྱི་དབང་སོགས་ཆོས་བཀའ་ཅི་རིགས་པ་དང་། ཆོས་རྗེ་དབྱངས་པ་གྲགས་བསམ་པ་ལས་གསང་བདེ་གཉིས་ཀྱི་དབང་དང་། བསྐྱེད་རྫོགས་སོགས་གསང་སྔགས་ཀྱི་ཆོས་མང་དུ་གསན། དེ་ལྟར་དགུང་ལོ་ཉེར་གསུམ་ཡན་ལ་གཙང་ཕྱོགས་སུ་མདོ་སྔགས་ཀྱི་གསན་སྦྱོང་རྒྱ་ཆེན་མཛད་ནས། དཔལ་འཁོར་བདེ་ཆེན་དང་། གནས་རྙིང་གཟུངས་སྒྲུབ་རྣམས་སུ་རབ་འབྱམས་ཀྱི་གྲྭ་སྐོར་མཛད། དགུང་ལོ་ཉེར་བཞིའི་སྐབས་དབུས་སུ་ཕེབས་ནས་སེ་རར་ཆོས་རྗེ་དོན་ཡོད་དཔལ་ལྡན་དང་མཇལ། གཉལ་སྟོན་དཔལ་འབྱོར་ལྷུན་གྲུབ་ཀྱི་དྲུང་དུ་རྩ་འཇུག་གཉིས་ཀྱི་ཊཱིཀྐ། དྲང་ངེས་རྣམ་འབྱེད་ཀྱི་ཊཱིཀྐ། ཀརྨ་ཤ་ཏམ། ཚུལ་ཁྲིམས་ལེའུའི་རྣམ་བཤད་སོགས་དང་། པདྨ་དབང་ཆེན་གྱི་གཏོར་དབང་སོགས་ཟབ་ཆོས་མང་དུ་གསན་ཅིང་། དེ་ཚེ་ཆོས་མཚམས་ཤིག་ལ་སེ་ར་རྩེར་རྗེའི་གཟིམས་ཁང་སེར་པོར་དཔེ་མཚམས་ལ་བྱོན་ཏེ་དྲང་ངེས་རྣམ་འབྱེད་ཐུགས་ལ་བྱང་བར་བཟུང་ནས། དེའི་དོན་རྗེའི་རྩ་འཇུག་གི་ཊཱིཀ་ཆེན་གཉིས་དང་། སྟོང་ཐུན་སྐལ་བཟང་མིག་འབྱེད་སོགས་ཀྱི་སྟེང་ནས་ཞིབ་ཏུ་དཔྱད་ཅིང་། མདོ་སྡེ་དགོངས་འགྲེལ། དབུ་མ་རྒྱན་རྩ་འགྲེལ་སོགས་ལ་གཟིགས་རྟོག་མཛད་པས་དབུ་སེམས་ཀྱི་ཤིང་རྟ་ཆེན་པོ་རྣམས་ཀྱི་གྲུབ་པའི་མཐའ་ལ་འཁྲུལ་པ་མེད་པའི་ངེས་པ་རྙེད། རྗེ་ཤེས་རབ་བཟང་པོའི་དྲུང་དུ་བསྙེན་རྫོགས་བསྒྲུབས་ཤིང་། རྗེ་དེ་ཉིད་ལས་བསླབ་བྱ་ཆེན་མོ་མེ་ཏོག་འཕྲེང་རྒྱུད་ལ་སོགས་པའི་བཤད་ལུང་དུ་མ་དང་། དཔལ་མཆོག་རིགས་བསྡུས་སོགས་ཀྱི་དབང་། རྟ་མགྲིན་ཤྭོ་ན་བཞི་སྐོར་ལ་སོགས་པའི་རྗེས་གནང་འགའ་ཞིག་གསན། དགུང་ལོ་ཉེར་བདུན་གྱི་སྐབས་གནས་རྙིང་ཆོས་རྗེའི་བཀའ་བཞིན་སླར་ཡང་གཙང་ཕྱོགས་ལ་ཕེབས་ནས་ལོ་གསུམ་རིང་མདོ་སྔགས་ཀྱི་ཆོས་མང་དུ་གསུངས། དགུང་ལོ་ཞེ་གསུམ་པ་ལྕགས་ལུག་(༡༥༡༡)ལོར་མཁས་གྲུབ་དོན་ཡོད་དཔལ་ལྡན་གྱི་སྐུ་ཚབ་ཏུ་སེར་བྱེས་མཁས་སྙན་གྲྭ་ཚང་གི་མཁན་པོར་ཕེབས། རྗེ་འདིར་མཁས་པའི་གྲགས་པ་ཆེས་ཆེར་རྒྱས་སྟབས་སྡེ་པ་སྒར་པས་རིས་མེད་ཀྱི་མཁས་པ་མང་པོ་བསགས་ནས་པོ་ཏ་ལ་དང་གཞིས་ཀ་སྣེའུ་རྣམས་སུ་རྗེ་འདི་དང་བགྲོ་གླེང་ཡང་གནང་བཅུག །དགུང་ལོ་ང་ལྔའི་སྐབས་སྟག་རྩེ་རིན་ཆེན་སྒང་གི་མཁན་པོར་ཕེབས། དེ་ནས་མི་རིང་བར་སེ་རའི་ཁྲི་ཐོག་བཅུ་གཉིས་པར་ཕེབས། དགུང་ལོ་བདུན་ཅུ་པ་ས་ཁྱི་ (༡༥༣༨) ལོར་རྒྱལ་བ་དགེ་འདུན་རྒྱ་མཚོའི་ཚབ་ཏུ་བསྐྱར་དུ་སེ་རའི་ཁྲི་པ་གནང་། དགུང་ལོ་དོན་གསུམ་གྱི་སྐབས་ཆོས་རྗེ་ཤེས་རབ་སེང་གེ་ལ་གྲྭ་ཚང་གི་འཆད་ཉན་འགན་འཁྲི་གནང་ནས་རྗེ་ཉིད་ཟུར་བཞུགས་མཛད། སྐུ་ཚེའི་སྨད་དུ་བདེ་ཆེན་གསང་སྔགས་མཁར་གྱི་གདན་སར་ཕེབས་ནས་མཐར་དགུང་ལོ་དོན་དྲུག་ལ་ཕེབས་པ་རབ་བྱུང་དགུ་པའི་ཤིང་འབྲུག་(༡༥༤༤)ལོའི་ཟླ་༡༡ ཚེས་ ༡༩ ཉིན་ཞི་བར་གཤེགས། སློབ་མའི་གཙོ་བོ་དཀའ་ཆེན་ཤེས་རབ་རྒྱལ་པོ། རྟ་ནག་དགེ་འདུན་བློ་བཟང་། ཁྱུང་ཕྲུག་བྱམས་པ་བཀྲ་ཤིས། པཎ་ཆེན་བདེ་ལེགས་ཉི་མ། རྗེ་དྲུང་ཤེས་རབ་དབང་པོ། དྭགས་པོ་ནམ་མཁའ་གྲགས་སོགས་མང་དུ་བྱུང་།
བཀའ་རྩོམ་གྱི་སྐོར་ལ། བསྟན་བཅོས་མངོན་རྟོགས་རྒྱན་གྱི་སྤྱི་མཐའ་དཔྱོད། དྲང་ངེས་དང་། བསམ་གཟུགས། རྟེན་འབྲེལ། དགེ་འདུན་ཉི་ཤུ་རྣམས་ཀྱི་སྤྱི་མཐའ་དཔྱོད། དབུ་མ་འཇུག་པའི་སྤྱི་མཐའ་དཔྱོད། གསུང་ལན་སོགས་བསྟན་བཅོས་མང་དུ་བཞུགས་ཤིང་། བསྟན་བཅོས་དེ་དག་ལ་མདོ་དབུས་ཁམས་གསུམ་གྱིས་གཙོས་རྒྱ་བོད་ཧོར་གསུམ་གྱི་ཡུལ་གྲུ་རྣམས་སུ་ཐོས་བསམ་རྒྱ་ཆེར་བྱེད་ཀྱིན་ཡོད།
སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས། ༢༠༡༥།༡༢།༢༩ ལ།
བཞི་མཆོད་ངོ་སྤྲོད།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།བོད་ཟླ་བཅུ་པའི་ཚེས་ཉི་ཤུ་བཞི་ཉིན་ནི། ཆོས་སྡེ་ཆེན་པོ་སེ་ར་ཐེག་ཆེན་གླིང་ཐོག་མར་ཕྱག་འདེབས་པར་མཛད་མཁན་བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་གང་ཉིད་སྐུ་གཤེགས་པའི་དགོངས་རྫོགས་ཀྱི་དུས་མཆོད་ཉིན་མོ་ཡིན་པས། གདན་ས་སེ་འབྲས་དགའ་གསུམ་གཙོ་བྱས་པའི་དགེ་ལུགས་པའི་དགོན་སྡེ་ཆེ་ཆུང་ཀུན་གྱིས་རྗེས་དྲན་གྱི་ཚུལ་དུ་གླིང་མེ་ལ་སོགས་པའི་མཆོད་པ་རྒྱ་ཆེར་བཤམས་པའི་སྲོལ་ཡོད་པ་དེ་ལ་བཞི་མཆོད་ཟེར།
བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་ནི། རྗེ་ཙོང་ཁ་པའི་དངོས་སློབ་རྒྱ་ནག་རྒྱལ་པོའི་དབུ་བླར་གྱུར་པའི་བླ་ཆེན་གཉིས་ཀྱི་གྲས་ཡིན་པ་དང་། ཁོང་ནི་ཚལ་གུང་ཐང་དུ་ཚལ་པའི་དཔོན་བརྒྱུད་ཀྱི་རིགས་སུ་ ༡༣༥༤ ལོར་སྐུ་བལྟམས། གཞོན་ནུ་ཉིད་ནས་ཡི་གེ་འབྲི་ཀློག་སོགས་གསན་བསམ་མཛད། རབ་ཏུ་བྱུང་བའི་མཚན་ཤཱཀྱ་ཡེ་ཤེས་གསོལ། བླ་མ་མང་པོ་བསྟེན་ནས་གསུང་རབ་ལ་སྦྱང་བ་མཛད་དེ་མཁས་པར་གྱུར། ཁྱད་པར་རྗེ་ཙོང་ཁ་པ་བླ་མར་བསྟེན་ཞིང་མདོ་སྔགས་ཀྱི་ཟབ་ཁྲིད་མང་པོ་གསན་ཏེ་མཁས་པའི་དབང་པོར་གྱུར། རྗེའི་གསོལ་འདྲེན་པ་གནང་། རྗེ་ཙོང་ཁ་པ་ལས་བསྙེན་པར་རྫོགས། མདོ་སྔགས་ཀྱི་གསུང་རབ་ཀུན་ལ་མཁསཔའི་གྲགས་པས་ཁྱབ། ༡༤༠༨ ལོར་རྒྱ་ནག་གི་ཏྭ་མིང་རྒྱལ་པོས་རྗེ་ཙོང་ཁ་པ་ཆེན་པོའི་སྙན་པ་གསན་ནས་གསེར་ཡིག་པ་མང་པོ་ལུང་དང་འབུལ་སྐྱེས་གྱ་ནོམ་པ་དང་བཅས་གདན་འདྲེན་པར་མངགས་པ་ལ། དང་པོར་ཅུང་ཟད་དབེན་པ་འདྲར་མངོན་ཆུང་དུ་བཞུགས་ཏེ་མཇལ་དུ་མ་གནང་། རྗེས་སུ་མི་དབང་གྲགས་པ་རྒྱལ་མཚན་དང་དཔོན་ནམ་མཁའ་བཟང་པོ་བཅས་ངོ་ཆེན་དུ་སྦྲན་ནས་གསེར་ཡིག་པ་རྣམས་ལ་མཇལ་ཁ་གནང་རུང་། རྒྱ་ཡུལ་དུ་འབྱོན་པར་དགག་ཆ་ཆེ་ཞིང་དགོས་པ་ཆུང་བའི་ཞལ་ཏ་ནན་གྱིས་གནང་ནས་གསེར་ཡིག་པ་རྣམས་ཕྱིར་ལོག །རྒྱལ་པོར་རྒྱུ་མཚན་ཞུས་པས་སླར་ཡང་རྗེ་ཉིད་ཕེབས་མི་ཐུབ་ནའང་། རྗེ་ཉིད་དང་ཁྱད་མེད་པའི་སློབ་མ་ཞིག་དབུ་བླར་དགོས་ཚུལ་ཞུས་པས། ༡༤༡༤ ལོར་བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་གང་ཉིད་རྗེ་ཙོང་ཁ་པའི་བཀའ་སློབ་ལྟར་རྒྱ་ནག་ཏུ་ཕེབས་ནས་ཡུང་ལོ་རྒྱལ་པོ་དང་མཇལ། རྒྱལ་པོར་ནད་བཅོས་དང་དགོན་པ་བཏབ་པ་སོགས་ཀྱིས་བསྟན་པ་ལ་བྱ་བ་རྒྱ་ཆེར་མཛད་པས། རྒྱ་ནག་རྒྱལ་པོས། [འཕྲིན་ལས་སྣ་ཚོགས་ལ་མཁས་ཤིང་གསལ་བ། ཆོས་ཉིད་དམ་པ་མཆོག་ཏུ་རྒྱལ་བ། ཤེས་རབ་རྣམ་དག་སྣང་བ་ཆེན་པོ་ཀུན་ཏུ་ཁྱབ་ཅིང་རྒྱལ་ཁམས་སྐྱོབ་པ། བསྟན་པ་རྒྱས་མཛད་རབ་ཏུ་དགེ་བ། བྱམས་ཆེན་ཆོས་ཀྱི་རྒྱལ་པོ།] ཞེས་པའི་མཚན་དང་། འཇའ་ས། འབུལ་བ་བསམ་གྱིས་མི་ཁྱབ་པ་མཛད་ནས་འགྲན་ཟླ་མེད་པའི་དབུ་བླར་བཀུར། དེ་ནས་རི་བོ་རྩེ་ལྔར་བྱོན་ནས་བསྟན་འགྲོའི་དོན་རྒྱ་ཆེར་མཛད་དེ་ ༡༤༡༦ ལོར་བཀའ་འགྱུར་པར་ཕུད་བསྣམས་ནས་བོད་དུ་ཕྱིར་ཕེབསནས་རྗེ་ཙོང་ཁ་པ་དང་མཇལ་ཏེ། རྒྱ་ནག་རྒྱལ་པོས་ཕུལ་བའི་གནས་བཅུའི་འཐག་སྐུ། ལྗོན་ཤིང་གི་གུར། གསེར་དངུལ་གྱི་མཎྡལ་བཅས་ཕུལ་ནས་ཞབས་བརྟན་གསོལ་འདེབས་ཀྱང་མཛད། ༡༤༡༩ ལོར་རྗེ་ཙོང་ཁ་པའི་བཀའ་ལྟར་སེ་ར་ཐེག་ཆེན་གླིང་ཕྱག་བཏབ་སྟེ་འཆད་ཉན་གྱིས་ལེགས་པར་བསྐྱངས་ཤིང་། མཐུན་རྐྱེན་ཕལ་ཆེ་བ་ཕག་གྲུའི་བློན་པོ་སྣེའུ་རྫོང་པ་ནམ་མཁའ་བཟང་པོས་སྦྱར། དེ་རྗེས་ ༡༤༢༤ ལོར་སླར་ཡང་རྒྱ་ནག་རྒྱལ་པོ་ཡུང་ལོས་སྤྱན་དྲངས་པ་ལྟར་ཕེབས་ཀྱང་རྒྱལ་པོའི་ཕོ་བྲང་གི་ཁད་ཉེར་འབྱོར་སྐབས་རྒྱལ་པོ་གྲོངས། སྲས་ཟོན་ཏེས་ཡབ་རྒྱལ་པོ་ལས་ཀྱང་བཀུར་སྟི་ཆེ་བར་མཛད་པར་མ་ཟད། ནུབ་ཕྱོགས་ཀྱི་ལྷའི་སྲས་པོ་ཏཱ་གུའུ་ཤྲཱི་ཞེས་པའི་ཆོ་ལོ་དང་ཟང་ཟིང་གི་དངོས་པོ་མཐའ་ཡས་པ་ཕུལ་ཅིང་། ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་ཏེ་འགྲོ་བ་མང་པོ་སྨིན་གྲོལ་གྱི་ལམ་ལ་འགོད་པར་མཛད། ༡༤༣༥ ལོའི་ཟླ་ ༡༠ ཚེས་ ༢༤ ཉིན་དབུས་སུ་ཕེབས་པའི་ལམ་བར་མཛོ་མོ་མཁར་དུ་ཞི་བར་གཤེགས། དེ་ནས་བཟུང་བཞི་མཆོད་ཅེས་བོད་ཟླ་བཅུ་པའི་ཚེས་ཉེར་བཞིའི་དགོང་མོ་གླིང་མེ་སྦར་བའི་སྲོལ་དར་བ་ཡིན་ལ།
ཆོས་རྗེ་འདི་ཉིད་མཛད་རྗེས་ཤིན་ཏུ་ཆེ་བར་བརྟེན་རྒྱ་བོད་ཧོར་གསུམ་གྲུབ་མཐའ་རིས་མེད་ཀྱི་སྐྱ་སེར་མཐའ་དག་གིས་ཁོང་ལ་དྲན་གསོ་ཞུ་བའི་འདས་མཆོད་ཀྱི་མཆོད་སྤྲིན་རྒྱ་ཆེར་སྤྲོ་བའི་རྒྱུན་སྲོལ་བྱུང་བ་ལྟར་དེ་ཉིན་གྱི་དགོང་མོར་སེ་འབྲས་དགའ་གསུམ་སོགས་ཆོས་སྡེ་ཁག་དང་། རྩེ་ཕོ་བྲང་། གཙུག་ལག་ཁང་། དེ་བཞིན་ལྷ་ཞོལ་གྲོང་མི་བཅས་པའི་ཡངས་སྟེང་ངམ་སྒེའུ་ཁུང་གི་མདུན་ངོས་སུ་མར་མེའི་ཕྲེང་བ་ཚར་དུ་དངར་བའི་གླིང་མེའི་མེ་མཆོད་སྦར་བ་དང་། ལོ་ལྟར་བོད་ཟླ་བཅུ་པའི་ཚེས་ཉི་ཤུ་བཞིའི་ཉིན་བཞི་མཆོད་དང་། དེའི་ཕྱི་ཉིན་ཚེས་ཉེར་ལྔ་ཉིན་རྗེ་ཙོང་ཁ་པ་ཆེན་པོའི་དགོང་རྫོགས་མཆོད་འབུལ་དགའ་ལྡན་ལྔ་མཆོད་ཅེས་པ་ཡིན་པས། ཉིན་དེ་གཉིས་ཀྱི་མཚན་མོ་ལྷ་སར་མཚོན་ན་ཕོ་བྲང་པོ་ཏ་ལ་དང་། གཙུག་ལག་ཁང་། དགོན་སྡེ་ཁག །ཡུལ་མི་སོ་སོ་བཅས་ནས་ཐོག་སྟེང་སོགས་ལ་མཆོད་མེ་སྦར། ལྷག་པར་ཚེས་ཉེར་ལྔ་ཉིན་མཆོད་མེ་ཟབ་རྒྱས་སྦར་ཐོག །ཕོ་བྲང་པོ་ཏ་ལ་དང་། གཙུག་ལག་ཁང་། དགོན་སྡེ་ཁག་བཅས་ཀྱི་ཡང་སྟེང་ནས་དུང་ཆེན་དང་རྒྱ་གླིང་གི་སྙན་གསན་གཏོང་། བྱིས་པ་ཚོས་གཡག་གི་ལྒང་བུ་ལ་ཕུ་བརྒྱབ་ནས་སྐམ་པའི་ནང་མཆོད་མེ་བླུག་པའི་ལྒ་བཞུ་འཁྱེར་ཏེ་བར་སྐོར་དུ་བསྐྱོད། དེ་ཉིན་ཕྱག་སྐོར་མཆོད་འབུལ་བྱེད་མི་མང་ལ་དགོང་ཟས་སུ་བག་ཐུག་འཐུང་སྲོལ་དེ་ཡང་མྱ་ངན་མཚོན་བྱེད་ཡིན་ཟེར། དེ་ཉིན་ནས་དཔོན་རིགས་རྣམས་དགུན་ཆས་གྱོན། རྩེ་ཕོ་བྲང་དུ་མཛད་སྒོ་ཡང་ཡོད།
སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས་བཏུས་བསྒྲིགས་བྱས། ༢༠༡༥།༡༢།༠༤ ལ།