
རྣམ་ཐར་གྱི་ཚོམས། (58)
རི་རྫོང་སྲས་སྤྲུལ་ཐུབ་བསྟན་ཉི་མ་མཆོག་གི་མཛད་རྣམ།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།དགའ་ལྡན་ཁྲི་ཐོག་བརྒྱ་དང་གཉིས་པ་རི་རྫོང་རིན་པོ་ཆེ་རྗེ་བཙུན་ཐུབ་བསྟན་ཉི་མ་ལུང་རྟོགས་བསྟན་འཛིན་ནོར་བུ་མཆོག་ནི། ཕྱི་ལོ་ ༡༩༢༧ ལོར་ལ་དྭགས་མང་སྤྲོ་ཞེས་པའི་མཁར་དུ་མེས་དབོན་བཙན་པོའི་གདུང་རྒྱུད་སྐྱབས་རྗེ་རྒྱལ་སྲས་བ་ཀུ་ལ་རིན་པོ་ཆེའི་སྐུ་མཆེད་དུ་ཡབ་རྒྱལ་པོ་ཕུན་ཚོགས་རྣམ་རྒྱལ་དང༌། ཡུམ་ཚེ་རིང་ལྷ་སྒྲོན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ༸གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་ཡང་སྲིད་འཁྲུལ་བྲལ་དུ་ངོས་འཛིན་གནང་སྟེ་དགུང་ལོ་བཞི་ཙམ་ནས་རི་རྫོང་དགོན་དུ་བཞུགས། སྐུ་གོང་མའི་སློབ་མ་དགེ་རྒན་ཚུལ་ཁྲིམས་ཆོས་བཟང་མཆོག་གིས་བྱམས་བརྩེས་བསྐྱངས་ཏེ་འབྲི་ཀློག་བསླབས་པ་ནས་བཟུང་དགོན་པའི་འདོན་ཆོས་སྤྱོད་ཕལ་ཆེར་བསླབས། དགུང་ལོ་བརྒྱད་དུ་ཚེ་དཔག་མེད་ཀྱི་ལས་རུང་གནང་སྟེ་ཚེ་དཔག་མེད་ཀྱི་སྒོ་ནས་ཚེ་དབང་བསྐུར་ཐུབ་པ་སོགས་དམ་པའི་རྣམ་ཐར་བསྐྱངས་ཞིང༌། གཞན་ཡང་སྐབས་དེ་དུས་ནས་ལམ་རིམ་ཆེན་མོ་སོགས་ལ་གསན་བསམ་ཚུལ་བཞིན་མཛད་ཅིང༌། མངའ་རིས་སྤྲུལ་སྐུ་སྐུ་གོང་མ་མཆོག་ལས་དགེ་བསྙེན་གྱི་སྡོམ་པ་ཞུས་ཏེ་མཚན་ཡང་ངག་དབང་གསུང་རབ་མཐུ་སྟོབས་བསྟན་པའི་རྒྱལ་མཚན་གསོལ། སྐྱབས་རྗེ་རྒྱལ་སྲས་བ་ཀུ་ལ་རིན་པོ་ཆེ་ལས་རབ་བྱུང་མནོས་པའི་མཚན་ཐུབ་བསྟན་ཉི་མ་ལུང་རྟོགས་བསྟན་འཛིན་ནོར་བུ་གསོལ། དགེ་ཚུལ་གྱི་བླང་འདས་དང༌། སྡོམ་གསུམ་གྱི་དཔེ་ཁྲིད། ལམ་རིམ་ཆེན་མོའི་ས་བཅད་བློ་འཛིན་ཐོག་ལམ་རིམ་ཆེན་མོའི་ཟབ་ཁྲིད་གནང་སྐབས་སྲས་རིན་པོ་ཆེ་མཆོག་གིས་བརྩི་བཞག་སྐྱོར་དཔོན་གནང༌། སྐྱབས་རྗེ་བ་ཀུ་ལ་རིན་པོ་ཆེ་མཆོག་གིས་གྲྭ་སར་སློབ་གཉེར་གནང་རྒྱུའི་དགོངས་པ་ཟབ་བཞེས་ཀྱིས། རྒྱན་འཇུག་གཉིས་བློ་འཛིན་མཛད་བཅུག་ནས་ཐོག་མར་བསྡུས་གྲྭའི་རིགས་ལམ་ཁ་དོག་དཀར་དམར་དབུ་འཛུགས་པའི་དགེ་བའི་བཤེས་གཉེན་ཀའུ་བརྩོན་འགྲུས་མཆོག་ལ་བསྡུས་གྲྭ་བསླབ་བཅུག་པར་མཛད་ནས་རིགས་ལམ་ཆགས་ཐུབ་པ་བྱུང༌། དགུང་ལོ་བཅུ་བཞི་དང་བཅོ་ལྔ་རིང་དཔེ་ཐུབ་དགོན་གྱི་དགེ་བའི་བཤེས་གཉེན་དཀའ་ཆེན་ཡེ་ཤེས་དོན་གྲུབ་མཆོག་གིས་སུམ་རྟགས་རྩ་བ། ལེགས་བཤད་ལྗོན་དབང༌། དཀའ་གནད་གསལ་བའི་མེ་ལོང༌། དག་ཡིག་ངག་སྒྲོན། སི་ཏུའི་ཞལ་ལུང་ཐོག་ནས་ཐོན་མིས་མཛད་པའི་སུམ་རྟགས་ཀྱི་རྩ་བ་ལ་ཡང་མཛུབ་ཁྲིད་དང༌། སྙན་ངག་ལེའུ་གཉིས་པའི་དཔེ་རྒྱན་རྣམས་ལ་དཔེར་བརྗོད་སོགས་མཛད།
ཕྱི་ལོ་ ༡༩༤༥ ལོར་དཀའ་ཆེན་ཡེ་ཤེས་དོན་གྲུབ་དང་ལྷན་དུ་བོད་དུ་བསྐྱོད་དེ་དགའ་ལྡན་ཁྲི་ཆེན་གོ་བཞི་པ་ཆེན་པོ་རྗེ་བཙུན་ལྷུན་གྲུབ་བརྩོན་འགྲུས་མཆོག་གིས་ལམ་རིམ་ཆེན་མོ་མཆན་བཞི་སྦྲགས་ཐོག་ནས་དངུལ་ཆུའི་ཡང་སྤྲུལ་དང་བཅས་མི་གྲངས་ཉུང་ཤས་ཀྱིས་དཔེ་ཁྲིད་ཟབ་རྒྱས་ཞུས། འདུལ་བ། རྣམ་འགྲེལ་སོགས་གཞུང་ཆེན་ཁག་ལ་དཔེ་ཁྲིད་ཀྱང་ཞུས་ཤིང༌། སྤྱོད་འཇུག་ཆེན་མོ་རྒྱལ་ཚབ་རྗེའི་རྣམ་བཤད་སྟེང་ནས་བཀའ་དྲིན་བསྩལ་བ་སོགས་ལོ་གསུམ་ལྷག་ཙམ་རིང་ཐུགས་བརྩེ་ཆེན་པོས་བསྐྱངས་ཤིང༌། ཕྱི་ལོ་ ༡༩༤༦ ལོར་དམ་པ་དེ་ཉིད་ཀྱིས་མཁན་སློབ་སྦྲགས་མ་གནང་སྟེ་བསྙེན་རྫོགས་ཀྱི་སྡོམ་པ་མནོས། དངུལ་ཆུ་སྤྲུལ་པའི་སྐུ་ལས་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སོགས་ཀྱི་བཀའ་ལུང་གསན། ཕྱི་ལོ་ ༡༩༤༩ ལོར་སྐྱབས་རྗེ་ཁྲི་རིན་པོ་ཆེ་རྗེ་བཙུན་ལྷུན་གྲུབ་བརྩོན་འགྲུས་མཆོག་དགོངས་པ་རྫོགས་རྗེས། གདན་ས་ཆེན་པོ་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་དུ་ཆོས་ཞུགས་མཛད་ནས་སྐྱབས་རྗེ་བ་ཀུ་ལ་རིན་པོ་ཆེའི་ཡོངས་འཛིན་རྒྱས་པ་མཁན་ཟུར་བློ་བཟང་འབྱུང་གནས་དཔལ་བཟང་པོ་མཆོག་རྩ་བའི་ཡོངས་འཛིན་དུ་བསྟེན་ནས་ཐོག་མར་བསྡུས་གྲྭ་ནས་བཟུང་ཕར་ཕྱིན་ཆ་ཚང་དཔེ་ཁྲིད་གསན། དམ་པ་གང་ཉིད་དགོངས་པ་རྫོགས་རྗེས་ཏྲེ་ཧོར་དགེ་བཤེས་བསོད་ནམས་མགོན་པོ་མཆོག་དང༌། ཤག་སྐོར་མཁན་རིན་པོ་ཆེ་ཉི་མ་རྒྱལ་མཚན་མཆོག རྒྱས་པ་མཁན་པོ་སྟོད་མཚམས་བླ་མ་རིན་པོ་ཆེ་འཇམ་དཔལ་འཕྲིན་ལས་ཡོན་ཏན་རྒྱ་མཚོ་མཆོག་དང༌། བློ་གླིང་མཁན་རིན་པོ་ཆེ་རྗེ་བཙུན་པདྨ་རྒྱལ་མཚན་མཆོག ཁུ་ནུ་དགེ་བཤེས་རིག་འཛིན་བསྟན་པ་མཆོག རྒྱལ་རོང་མཁན་ཟུར་རིན་པོ་ཆེ་རྗེ་བཙུན་འཇམ་དཔལ་བསམ་འཕེལ་གྱིས་འདུལ་མཛོད་གཙོ་བོར་གྱུར་པའི་མདོ་སྔགས་ཀྱི་ཆོས་མང་དུ་གསན་ཞིང་གདན་སར་བཞུགས་རིང༌། བསྡུས་གྲྭ་དང་བློ་རྟགས་ལོ་གཉིས། ཕར་ཕྱིན་ལོ་ལྔ། དབུ་མ་ལོ་གཉིས་ཐོག་བདག་འགོག་ཚོགས་ལངས་ཀྱི་དམ་བཅའ་བསྐོར།
འདུལ་བ་ལོ་གཅིག་ལྷག་ཙམ་རིང་གཟིགས། ཚོགས་ཆོས་རྭ་ཆད་མེད་ཀྱིས་བག་ཡོད་ཞི་དུལ་གྱི་སྒོ་ནས་གསན་བསམ་ཚུལ་བཞིན་མཛད། ཌལ་ཧོར་གདན་ས་གསུམ་གྱི་མཁས་པ་མང་དག་ཅིག་བཞུགས་ཡོད་སྐབས་སྐྱབས་རྗེ་བཀའ་དྲིན་མཚུངས་མེད་རྒྱལ་རོང་མཁན་ཟུར་རིན་པོ་ཆེ་མཆོག་གིས་ཡང་ཡང་བསྐུལ་བ་ལྟར་ཌལ་ཧོར་ལོ་གཅིག་ལྷག་ཙམ་རིང་འདུལ་མཛོད་ཀྱི་རྩོད་སྦྱངས་གནང་སྟེ་ཕྱི་ལོ་ ༡༩༧༢ ལོར་ས་གནས་དེར་དགེ་བཤེས་ལྷ་རམས་འཕར་མའི་མཚན་རྟགས་བཞེས། དེ་འཕྲལ་རྒྱུད་སྨད་དུ་སྒྲིག་ཞུགས་མཛད་ནས་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་མཁན་རིན་པོ་ཆེ་མཆོག་གི་དྲུང་ནས་འགྲེལ་བ་བཞི་སྦྲགས་སོགས་སྔགས་ཀྱི་འཆད་ཉན་ལེགས་གྲུབ་ཐོག་ལོ་གཉིས་རིང་རྒྱུད་པའི་ཆོས་ཐོག་ཆ་ཚང་སྐོར་བར་མཛད། ཕྱི་ལོ་ ༡༩༧༤ ལོར་རྒྱུད་པའི་དགེ་བསྐོས་མཛད། ྋགོང་ས་མཆོག་གིས་སྨད་རྒྱུད་གྲྭ་ཚང་གི་བླ་མ་དབུ་མཛད་ཀྱི་ཕྱག་རྟགས་ཕེབས་ཏེ་ལོ་གཅིག་རིང་བླ་མ་དབུ་མཛད།
དེའི་རྗེས་ལོ་གསུམ་རིང་མཁན་པོ་གནང་སྐབས་གྲྭ་ཚང་གི་སྒྲིག་ལམ་ཀུན་སྤྱོད་ཆོས་འཆད་ཉན་སོགས་སྔོན་བྱོན་གོང་མའི་མཛད་བཟང་ལྟར་བསྟན་པའི་མིག་རྒྱན་དུ་འགྱུར་བར་མཛད། ྋགོང་ས་མཆོག་གིས་ནང་ཆོས་ཀྱི་སློབ་སྦྱོང་བྱེད་རྒྱུ་དབུ་བཙུགས་ནས་ཕྱིས་ཀྱི་ལས་སྣེ་རིམ་བྱོན་གྱིས་ལམ་སྲོལ་དེ་ཉིད་གཞིར་བཟུང་གིས་ཐུགས་ཁུར་ཆེ་བ་བསྣམས་ཏེ་འབད་རྩོལ་མུ་མཐུད་གནང་བས། དེང་སྐབས་གསར་བུ་བ་རྣམས་ཀྱི་སློབ་སྦྱོང་ཡར་རྒྱས་འགྲོ་བཞིན་པར་བརྟེན། ྋགོང་ས་མཆོག་གིས་ཁྱེད་རང་ནས་རྒྱུད་པའི་ལས་སྣེའི་སྐབས་བྱས་རྗེས་ཆེན་པོ་བྱུང་འདུག་ཅེས་དགྱེས་ཚུལ་ཆེན་པོ་གནང༌། ཕྱི་ལོ་ ༡༩༨༤ ལོར་སླར་ཡང་ྋགོང་ས་མཆོག་གིས་བློ་གླིང་མཁན་པོར་ཕྱག་རྟགས་བསྩལ་བར་དགོངས་ཞུས་མཛད་ཀྱང་ལོ་གཉིས་ཙམ་རིང་ངེས་པར་བྱེད་དགོས་ཕེབས་པ་ལྟར་ལོ་གཉིས་ཚང་ནའང་གྲྭ་ཚང་གིས་མཁན་ཐོག་གཅིག་རིང་ངེས་པར་རང་འཇགས་འཇོག་གནང་ཡོང་བ་ྋགོང་ས་མཆོག་ལ་ཡང་ཡང་སྙན་སྐུལ་ནན་ཞུས་དོན་སོན་ཐོག ལོ་དྲུག་ལྷག་ཙམ་མཁན་པོའི་ཕྱག་ལས་ཁུར་བཞེས་ཀྱིས་གྲྭ་ཚང་གི་སྒྲིག་ལམ་དང་སློབ་གཉེར་བ་རྣམས་ལ་སློབ་གཉེར་ཤུགས་སྣོན་ཡོང་ཆེད་རྒྱུགས་སྤྲོད་སོགས་ལ་གཟིགས་ཞིབ་ནན་ཏན་མཛད་པའི་འབྲས་རྟགས་སུ་སློབ་གཉེར་ཡར་རྒྱས་ཕྱིན་པར་བརྟེན། རྒྱུགས་སྤྲོད་སྐོར་གྱི་གཏན་འབེབས་སྒྲིག་གཞི་ཞིག་ཀྱང་བྱུང་ན་ལེགས་ཚུལ་གསུང་མཁན་མང་པོ་བྱུང་བར་བརྟེན། ཝཱར་ཎའི་སློབ་སྤྱི་ཟམ་གདོང་རིན་པོ་ཆེ་མཆོག་དང་གོ་བསྡུར་གྱིས་སྔོན་གྲྭ་ཚང་རང་གི་སློབ་སྦྱོང་གནང་ཚུལ་གཞིར་བཟུང༌། དེང་དུས་ཀྱི་རྒྱུགས་སྤྲོད་བྱེད་ཚུལ་ལེགས་ཆ་སྣོན་དགོས་རིགས་བསྣན། ྋགོང་ས་མཆོག་གི་དགོངས་བཞེད་དང་བསྟུན་ཏེ་སྒྲིག་གཞི་གསར་བཟོ་ཟིན་པ་རྒྱུགས་སྤྲོད་ཚོགས་ཆུང་ནས་པར་བསྐྲུན་གྱིས་པར་ཕུད་ྋགོང་ས་མཆོག་ལ་ཕུལ་བས་སྒྲིག་གཞི་བཟོ་ཐུབ་པ་ལེགས་པོ་བྱུང་འདུག་འདི་ལ་ངོས་ཀྱིས་ལྟ་རྟོག་བྱེད་ཀྱི་ཡིན། གྲྭ་ཚང་གཞན་ལའང་འདི་འདྲའི་སྒྲིག་གཞི་བྱུང་ན་ཞེས་ཐུགས་མཉེས་ཚུལ་གནང་།
ཕྱི་ལོ ༡༩༩༠ ལོར་ཨ་རིར་ཁུལ་ཇོ་རྗི་ཡ་མངའ་སྡེ་སོགས་སུ་བློ་གླིང་གྲྭ་ཚང་གི་ཆེད་དུ་ཕེབས་ཏེ་ཁུལ་དེ་དག་ཏུ་དམ་པའི་ཆོས་འཁོར་རྒྱ་ཆེར་བསྐོར། རབ་བྱུང་བཅུ་བཅུ་བདུན་པའི་ལྕགས་ལུག་ཕྱི་ལོ་ ༡༩༩༡ ལོར་མཁན་ཁྲི་ལས་འཕོས་ཏེ་ལ་དྭགས་སུ་བསམ་གཏན་གླིང་དགོན་དུ་ལོ་གསུམ་ལྷག་ཙམ་རིང་འཇིགས་བྱེད་དཔའ་གཅིག་གི་བསྙེན་ཆེན་དུ་བཞུགས། ཕྱི་ལོ་ ༡༩༩༥ ཟླ་བ་ ༨ ཚེས་ ༢ ཉིན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་སྤྱན་སྔ་ནས། བྱང་རྩེ་ཆོས་རྗེར་བསྐོ་བཞག་གི་ཕྱག་རྟགས་ཕེབས་ཤིང༌། དེ་ནས་ཧི་མ་ལ་ཡ་ནང་པའི་ཆོས་ཚོགས་ཀྱི་གོ་སྒྲིག་འོག་ྋགོང་ས་མཆོག་ལ་བརྟན་བཞུགས་འབུལ་སྐབས་མཎྜལ་བཤད་པ་གསུང་ཆེད་ལ་དྭགས་ནས་རྡ་རམ་ས་ལར་ཕེབས་གནང་བ་དང་ཆབས་ཅིག་ཕྱི་ལོ་ ༡༩༩༥ ཟླ་བ་ ༨ ཚེས་ ༢༦ ཉིན་ྋགོང་ས་མཆོག་ལ་མཇལ་འཕྲད་ཞུས་ཏེ་རྒྱལ་བའི་ཕོ་བྲང་དུ་རྟེན་འབྲེལ་དགའ་སྟོན་བསྐྱངས་ཤིང༌། ཕྱི་ཚེས་ ༢༧ ཉིན་གྲྭ་ཚང་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན་ལྡི་ལི་ནས་གོ་ཝ་གནམ་གྲུ་བརྒྱུད་ཕྱི་ཚེས་ ༢༨ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨ ཐོག་དགའ་ལྡན་ཁྲི་ཐོག་བརྒྱ་པ་རྗེ་བཙུན་བློ་བཟང་ཉི་མ་མཆོག་དང༌། མཁན་པོ་གསར་པ་དགེ་བའི་བཤེས་གཉེན་ཆེན་པོ་དཀོན་མཆོག་དཔག་བསམ་རྣམས་དབུ་བཞུགས་ཐོག་མཛད་སྒོ་དང་ཆབས་ཅིག་འབྲས་བློ་གླིང་གྲྭ་ཚང་དུ་བྱང་རྩེ་ཆོས་རྗེའི་རྟེན་འབྲེལ་མཛད་སྒོ་གཟབ་རྒྱས་ངང་བསྐྱངས།
ཕྱི་ལོ་ ༡༩༩༥ ཟླ་བ་ ༩ ཚེས་ ༡ ཉིན་གྱི་སྔ་དྲོ་དགའ་ལྡན་ཚོགས་ཆེན་དང་། བྱང་རྩེ་གྲྭ་ཚང་ཚ་བ་ཁང་ཚན་བཅས་སུ་རིན་པོ་ཆེ་མཆོག་གིས་མང་ཇ་བཞེས་བག་སྐུ་འགྱེད། གྲྭ་ཚང་དུ་གྲྭ་ཇ་སྐུ་འགྱེད། ལམ་རིམ་གསུང་ཆོས་བཅས་གནང་ནས་རྟེན་འབྲེལ་མཛད་སྒོ་བསྐྱངས་ཡོད་ཅིང༌། ཉིན་དེར་དགའ་ལྡན་དུ་མཛད་སྒོ་གྲུབ་ནས་ཉིན་རྒྱབ་འབྲས་སྤུངས་ཀླུ་འཁྱིལ་ཁང་ཚན་ནང་བརྟན་བཞུགས་མདོར་བསྡུས་ཐོག་བྱང་རྩེ་ཆོས་རྗེའི་རྟེན་འབྲེལ་མཛད་སྒོ་གཟབ་རྒྱས་ངང་བསྐྱངས་ནས། འཇམ་མགོན་བསྟན་པའི་གསལ་བྱེད་དགའ་ལྡན་བྱང་རྩེ་ཆོས་རྗེའི་ཁྲིར་མངའ་གསོལ།
ཕྱི་ལོ་ ༡༩༩༩ ལོར་འབྲས་སྤུངས་དཔེ་ཐུབ་ཁམས་ཚན་དུ་དགེ་འདུན་བརྒྱ་ཕྲག་དུ་མར་བྱང་ཆུབ་ལམ་རིམ་ཆེན་མོའི་བཀའ་ཆོས་གནང༌། ཕྱི་ལོ་ ༢༠༠༠ ལོར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆོས་ཞུ་བ་དད་ལྡན་སྟོང་ཕྲག་དུ་མར་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་འགྱུར་རོ་ཅོག་གི་བཀའ་ཆོས་གནང༌། སྔ་ཕྱིར་སློབ་གཉེར་བ་མང་དག་ཅིག་ལ་རབ་བྱུང་དང་དགེ་ཚུལ་གྱི་བསླབ་སྡོམ་གནང༌། ཕྱི་ལོ་ ༢༠༠༢ ཟླ་བ་དང་པོའི་ནང་གནས་མཆོག་རྡོ་རྗེ་གདན་དུ་འཛམ་གླིང་ཤར་ནུབ་ཀྱི་མི་རིགས་འདྲ་མིན་འདུས་པའི་མི་འབོར་འབུམ་ཕྲག་བཞི་ཙམ་ལ་ྋརྒྱལ་དབང་མཆོག་གི་སྐུ་ཚབ་བྱས་ནས་རྒྱལ་སྲས་ལག་ལེན་སོ་བདུན་མའི་བཀའ་ཆོས་གནང་། ཕྱི་ལོ་ ༢༠༠༢ ལོར་སྤྱིར་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་དཔལ་དུས་ཀྱི་འཁོར་ལོའི་བཀའ་དབང་བསྩལ་སྐབས་སུ་སྔོན་འགྲོའི་གསུང་ཆོས་ལམ་གཙོ་རྣམ་གསུམ་གནང་། ཕྱི་ལོ་ ༢༠༠༤ ལོར་ལ་དྭགས་གླེ་ཇོ་ཁང་དུ་སློབ་མ་སྐྱ་སེར་སྟོང་ཕྲག་བརྒལ་བར་བྱང་ཆུབ་ལམ་རིམ་ཆེན་མོའི་བཀའ་ཁྲིད་གནང་། ལོ་དེའི་ཕྱི་ཟླ་ ༧ པའི་ནང་རྒྱ་ནག་ཏུ་ཕེབས་ནས་རི་བོ་རྩེ་ལྔའི་གནས་ཆེན་ཁག་ལ་གནས་གཟིགས་བསྐྱངས། རྒྱལ་ས་ཅིང་དུ་སློབ་མ་གྲངས་ཉེར་དྲུག་ཙམ་ལ་རྣལ་འབྱོར་མའི་ལྗགས་ཁྲིད་གནང་། སོག་ཡུལ་ཨོ་ལམ་བྷ་རྡུར་དུ་ཕེབས་ནས་སོག་པོ་རྣམས་ལ་བཀའ་སློབ་དང་ཆོས་འབྲེལ་མང་དུ་གནང་། ཕྱི་ལོ་ ༢༠༠༥ ལོར་ཐེ་ཝན་དུ་ཕེབས་ནས་མདོ་སྔགས་ཀྱི་གསུང་ཆོས་མང་དུ་གནང་། ཕྱི་ལོ་ ༢༠༠༥ ཟླ་བ་ ༣ ཨ་རིར་ཕེབས་ཏེ་ས་གནས་འགའ་ཞིག་ཏུ་སྤྱོད་འཇུག་བཟོད་པའི་ལེའུ་དང་ལམ་རིམ་ཆེན་མོ། རྡོ་རྗེ་སེམས་དཔའི་རྗེས་གནང་དང་བསྒོམ་ཟླས་བཀའ་སློབ་བཅས་གནང་། ཕྱི་ལོ་ ༢༠༠༦ ཟླ་བ་ ༡༢ ཚེས་ ༡ ནས་ཕྱི་ལོ་ ༢༠༠༧ ཟླ་བ་ ༣ པར་ཐེ་ཝན་དུ་ཕེབས་སྐབས་ལམ་རིམ་ཁྲིད་ཆེན་བརྒྱད་ཀྱི་བཀའ་ཆོས་དང་སྨོན་ལམ་ཆེན་མོ་རྗེས་སུ་འཇིགས་བྱེད་ལྷ་བཅུ་གསུམ་གྱི་དཀའ་དབང་གནང་།
ཕྱི་ལོ་ ༢༠༠༧ ལོར་གནས་དེར་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་གསུང་ཆོས་གནང་། ལོ་དེའི་ཕྱི་ཟླ་ ༤ ཚེས་ ༤ ཉིན་མདོ་ཁམས་ཆུ་བཞི་སྒང་དྲུག་གིས་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་འདེགས་འབུལ་སྐབས་ཇི་ལྟར་གསོལ་བ་བཏབ་པ་བཞིན་ཞལ་བཞེས་གནང་སྟེ། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་སྐུ་རབས་ཕྲེང་བ་རིམ་བྱུང་གིས་བོད་བསྟན་སྲིད་ལ་བཀའ་དྲིན་ཇི་ལྟར་བསྐྱངས་ཚུལ་ནས་ད་ལྟའི་དངོས་ཀྱི་རྨད་དུ་བྱུང་བའི་མཛད་པ་རེ་རེ་བཞིན་བགྲངས་ནས་མཎྜལ་ལྗགས་བཤད་ཤིན་ཏུ་ཞིབ་ཅིང་རྒྱས་པ་གནང་། ཕྱི་ལོ་ ༢༠༠༨ ཟླ་བ་ ༡༢ ཚེས་ ༡༤ ནས་ཕྱི་ལོ་ ༢༠༠༩ ཟླ་བ་ ༡ ཚེས་ ༢ བར་ཉིན་ཉི་ཤུའི་རིང་དགེ་ལྡན་ཕ་ཆོས་བུ་ཆོས་གཅེས་སྐྱོང་ཁང་ནས་ཇི་ལྟར་གསོལ་བ་ཕུར་ཚུགས་སུ་བཏབ་པ་བཞིན་གདན་ས་བཀྲ་ཤིས་ལྷུན་པོར་དངུལ་ཆུ་ཡབ་སྲས་ཀྱི་གསུམ་འབུམ་ལྗགས་ལུང་གནང་བ་སོགས་ཀྱིས་མཚོན། བསྟན་འགྲོར་སྨན་པའི་མཛད་བཟང་རྒྱ་ཆེར་སྐྱོང་བཞིན་པའི་མུར། ཕྱི་ལོ་ ༢༠༠༩ ཟླ་བ་ ༡༠ ཚེས་ ༡༨ ཉིན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་ཞལ་སྔ་ནས་དགའ་ལྡན་ཁྲི་ཐོག་བརྒྱ་དང་གཉིས་པའི་ཕྱག་རྟགས་སྩལ་བ་དང་འབྲེལ་ཕྱི་ཚེས་ ༢༦ ཉིན་རྡ་ས་ནོར་བུ་གླིང་གར་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་འཇམ་མགོན་རྒྱལ་བ་གཉིས་པའི་གསེར་ཁྲིར་ཕེབས་པའི་རྟེན་འབྲེལ་མཛད་སྒོ་བསྐྱངས།
ཕྱི་ལོ་ ༢༠༠༩ ཟླ་བ་ ༡༡ ཚེས་ ༠༡ ཉིན་རྒྱ་གར་ལྷོ་ཕྱོགས་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་ཞབས་སོར་འཁོད་དེ་དགའ་ལྡན་བླ་སྤྱིའི་གཙུག་ལག་ཁང་དུ་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་ཀྱི་མི་འཇིགས་གདོང་ལྔས་བཏེགས་པའི་ཁྲི་འཕང་མཐོན་པོར་ཞབས་ཟུང་འཁོར་ལོའི་རེ་ཁ་མངོན་པར་བཀོད། ཟླ་བ་ ༡༡ ཚེས་ ༦ ཉིན་གདན་ས་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དང་། དཔལ་ལྡན་འབྲས་དཀར་སྤུངས་པའི་ལས་སྣེ་དབུ་ཆོས་སོགས་ཀྱིས་ཕེབས་བསུའི་སེར་སྦྲེངས་བརྒྱུད་ཐོག་མར་དགའ་ལྡན་ཚ་བ་ཁང་ཚན་དང་། དེ་ནས་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་ཚོགས་ཆེན་དུ་འཇམ་མགོན་རྒྱལ་བ་གཉིས་པའི་གསེར་ཁྲིར་མངའ་གསོལ་གྱི་མཛད་སྒོ་བསྐྱངས། ཕྱི་ཟླ་ ༡༡ ཚེས་ ༡༧ ནས་གདན་ས་བཀྲ་ཤིས་ལྷུན་པོར་རྗེ་དངུལ་ཆུ་ཡབ་སྲས་ཀྱི་གསུང་འབུམ་ལྷག་འཕྲོ་རྣམས་ཀྱི་ལྗགས་ལུང་བཀའ་དྲིན་བསྐྱངས། དེ་བཞིན་གཙོ་བོ་གདན་ས་ཆེན་པོ་དཔལ་ལྡན་འབྲས་དཀར་སྤུངས་པར་བཞུགས་ནས་སློབ་གཉེར་བ་རྣམས་ལ་དཔེ་ཁྲིད་དང་། གྲྭ་ཚང་ཁག་ལ་ཆོས་སྲིད་ཀྱི་སློབ་སྟོན། ཕྱི་རྒྱལ་གྱི་ཡུལ་གྲུ་ཁག་ཏུ་ཕེབས་ནས་དོན་གཉེར་བ་རྣམས་ལ་རང་རང་གི་འདོད་པ་མཐུན་པར་གསུང་ཆོས་སྣ་ཚོགས་གནང་། ཁྲི་པའི་གནང་སྒོ་ཚུལ་བཞིན་སྐྱོང་པའི་མུར་འཕགས་པའི་ཡུལ་གྱི་དགེ་ལྡན་པའི་གདན་ས་ཁག་དང་། ལ་དྭགས། མོན། སོག་ཡུལ། ཐེ་ཝན། ཨིན་ཡུལ། ཨ་རི། ཨི་ཊ་ལི། ཉི་ཧོང་། རྒྱ་གར་སོགས་སྐད་དང་ཤ་མདོག་མི་གཅིག་པའི་རྒྱལ་ཁབ་དང་མི་རིགས་འདྲ་མིན་གྱི་ཡུལ་ལུང་ཁག་ཏུ་དད་ལྡན་སྐྱེ་འགྲོ་རྣམས་ཀྱི་འདོད་ཆོས་ཀྱི་རེ་བ་སྐོང་བ་སོགས་བསྟན་འགྲོར་སྨན་པའི་མཛད་འཕྲིན་རྒྱ་ཆེར་བསྐྱངས།
འཇམ་མགོན་རྒྱལ་བའི་རྒྱལ་ཚབ་མཚུངས་མེད་ཆོས་ཀྱི་རྗེ་ཁྲི་རིན་པོ་ཆེ་སྐྱབས་རྗེ་རི་རྫོང་རིན་པོ་ཆེ་འདི་ཉིད་ཀྱི་མདུན་ནས་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ཀྱང་ཟབ་པ་དང་རྒྱ་ཆེ་བའི་དམ་པའི་ཆོས་ཇི་སྙེད་ཅིག་གསན་བཞེས་གནང་ཞིང་། དེ་ཡང་ཐོག་མར་ཆོས་འབྲེལ་ཇི་ལྟར་བྱུང་བའི་ཚུལ་ནི། སྐྱབས་རྗེ་རི་རྫོང་རིན་པོ་ཆེར་ཀླུ་སྒྲུབ་ཀྱིས་མཛད་པའི་བསྟོད་ཚོགས་ཀུན་དང་། རྩ་ཤེས་ཀྱི་འགྲེལ་པ་བུདྡྷ་པཱ་ལི་ཏ་དང་ཚིག་གསལ་གྱི་ལུང་རྒྱུན་ཡོད་པས་གཞུང་ཆེན་དེ་དག་གི་ལུང་གི་རྒྱུན་ནོད་པར་མ་བྱས་ན་ཤིན་ཏུ་ཕངས་སོ་སྙམ་དུ་དགོངས་པ་དང་། གཞུང་ཆེན་མོའི་བཤད་པའི་རྒྱུན་ཉམས་ན་བསྟན་པ་རིན་པོ་ཆེ་ཉམས་པའི་རྐྱེན་ཡང་དེ་ལས་ཆེ་བ་མེད་པ་དང་། གཞུང་ཆེན་འདི་དག་གི་འཆད་ཉན་གྱི་རྒྱུན་རྒྱ་ཆེར་སྤེལ་བ་ཞིག་མ་བྱུང་ན་འཆད་ཉན་གྱི་རྒྱུན་ཆད་པའི་ཉེས་སུའང་གཟིགས་ནས་ཁྲི་རིན་པོ་ཆེ་གང་ཉིད་ལ་མངའ་བའི་གཞུང་ཆེན་དེ་དག་གི་ལུང་རྒྱུན་གསན་བཞེས་མཛད། ཆོས་ཀྱི་རྗེ་ཁྲི་རིན་པོ་ཆེའི་ཞལ་སྔ་ནས་ྋགོང་ས་མཆོག་གིས་གསན་བཞེས་གང་མཛད་པ་རྣམས་ཀྱི་ཐོ་ཡིག་ལྟར་འགོད་ན། བསྟན་འགྱུར་གྱི་ཁྲོད་དུ་བཞུགས་པའི་ཀླུ་སྒྲུབ་ཀྱི་བསྟོད་ཚོགས་ཆ་ཚང་གི་ལུང་དང་། སྐྱེས་རབས་དང་བྱང་ས་དང་ཚོམས་བཅས་ཀྱི་ལུང་། འགྲེལ་པ་བུདྡྷ་པཱ་ལི་ཏ་དང་དབུ་མ་ཚིག་གསལ་གཉིས་ཀྱི་ལུང་། བསྟན་འགྱུར་བསྟོད་ཚོགས་ཀྱི་ཁྲོད་དུ་བཞུགས་པའི་སེམས་ཅན་མགུ་བར་བྱེད་པའི་བསྟོད་པའི་ལུང་བཅས་སོ།
ཕྱི་ལོ་ ༢༠༡༦ ལོར་ཁྲི་ཆེན་འདི་ཉིད་མཛད་པ་ནམ་མཁའ་ཁྱོན་ལྟར་རྒྱ་ཆེན་ཞིང་འཕྲིན་ལས་རྒྱ་མཚོའི་འཇུག་པ་ལྟར་ཡངས་པོའི་སྒོ་ནས་བསྟན་པ་སྤྱི་དང་། འཇམ་མགོན་རྒྱལ་བ་གཉིས་པའི་ལུགས་བཟང་མི་ནུབ་བླ་ན་འདེབས་པའི་རྣམ་ཐར་གཙང་མ་བདག་གིར་སྐྱོང་བཞིན་དགའ་ལྡན་ཁྲི་པའི་ལོ་བདུན་གྱི་དུས་ཡུན་གཙང་པས་ལོ་དེའི་ཕྱི་ཟླ་ ༡༠ ཚེས་ ༡༩ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་ཤར་པ་ཆོས་རྗེ་རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་དགའ་ལྡན་ཁྲི་ཐོག་ ༡༠༣ པར་བསྐོ་གཞག་མཛད་རྗེས་རང་ཉིད་དགའ་ལྡན་གསེར་ཁྲི་ལས་ཟུར་ཏེ་བཤད་སྒྲུབ་འཁོར་ལོ་གསུམ་གྱི་རྣམ་ཐར་གཙང་མ་བདག་གིན་སྐྱོང་བཞིན་པའི་མུར་དགུང་ལོ་གོ་དྲུག་པ་ཕྱི་ལོ་ ༢༠༢༢ ཟླ་བ་ ༡༢ ཚེས་ ༨ ཉིན་འབྲས་སྤུངས་རི་རྫོང་བླ་བྲང་དུ་ཞི་བར་གཤེགས། །
སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས། ༢༠༢༣ ཟླ་ ༤ ཚེས་ ༢༢ ལ། [དྲ་ཚིགས་ཀྱི་ཡིག་ཆ་དག་བརྒྱུད་འགོད་བྱ་དགོས་ཚེ་རྩོམ་ཁུངས་དང་སྦྲེལ་སྣེ་མཉམ་སྦྱར་བྱེད་དགོས།]
དེ་ལས་མང་བ།...
ྋསྐྱབས་རྗེ་བླ་མ་ཐུབ་བསྟན་བཟོད་པ་རིན་པོ་ཆེའི་མཛད་རྣམ།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།ྋསྐྱབས་རྗེ་བླ་མ་ཐུབ་བསྟན་བཟོད་པ་རིན་པོ་ཆེ་མཆོག་གི་བཀའ་དྲིན་རྗེས་དྲན་དང་འབྲེལ་མཛད་པ་རྣམ་ཐར་ཟུར་ཙམ་ཞུ་ན། ཕྱི་ལོ་༡༩༤༦ལོར་བལ་བོད་མཐའ་མཚམས་ཤར་ཁུམ་བུའི་ཁུལ་དུ་སྐུ་འཁྲུངས། བྱིས་པ་ཆུང་ངུའི་དུས་ནས་སྦྱིན་པ་གཏོང་བ་ལྟ་བུ་སོགས་རྣམ་དཀར་གྱི་ལས་ལ་རང་བཞིན་གྱིས་སྤྲོ་བ་ཆེ་བ་སོགས་ཕལ་བའི་སྤྱོད་ཚུལ་ལས་འདས་པའི་རྟགས་མཚན་མང་དུ་མངོན་པར་བརྟེན། སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ་སོགས་བླ་མ་ལྔ་ནས་གསང་སྔགས་རྙིང་མ་པའི་རྣལ་འབྱོར་པ་ཀུན་བཟང་ཡེ་ཤེས་ཞུ་བ་ཡོངས་གྲགས་སུ་ལཱུའུ་རྡོ་བླ་མ་ཞེས་པའི་ཡང་སྲིད་དུ་ངོས་འཛིན་མཛད་ཅིང་དགུང་ལོ་བདུན་ཙམ་ནས་འབྲི་ཀློག་སོགས་ཡོན་ཏན་སྦྱོང་བའི་དབུ་ཚུགས། སྐབས་ཤིག་རྗེ་མི་ལའི་རྣམ་ཐར་མཇལ་བས་ཆོས་ཀྱི་ཕྱིར་དེ་ལྟ་བུའི་རྣམ་ཐར་ཉམས་སུ་བླང་ཐུབ་ན་ཅི་མ་རུང་སྙམ་པའི་ཐུགས་མོས་དྲག་པོ་འཁྲུངས་པར་གསུངས། དགུང་ལོ་དགུ་པར་གྲོ་མོ་དུང་དཀར་དགོན་དུ་ཕེབས་ནས་གྲོ་མོ་དགེ་བཤེས་རིན་པོ་ཆེའི་དྲུང་དུ་དགེ་ཚུལ་གྱི་སྡོམ་པ་མནོས་ཤིང་ལོ་གསུམ་ལྷག་དེ་ཕྱོགས་སུ་བཞུགས།
༡༩༥༩ལོར་བཙན་བྱོལ་དུ་ཕེབས་ནས་སྦག་ས་ཆོས་སྒར་དུ་བཞུགས། སྐྱབས་རྗེ་ཡོངས་འཛིན་ཁྲི་བྱང་རིན་པོ་ཆེ་དང་། བླ་མ་ཐུབ་བསྟན་ཡེ་ཤེས་སོགས་མདོ་སྔགས་རབ་འབྱམས་སྨྲ་བའི་བཤེས་གཉེན་དུ་མ་ལས་མདོ་སྔགས་ཀྱི་ཆོས་བཀའ་མང་དུ་གསན་ཅིང་། གཞུང་ཆེན་སློབ་གཉེར་དང་ཉམས་ལེན་ཡ་མ་བྲལ་བ་གནང་། སློབ་གཉེར་གྱི་ཞོར་ལ་དབྱིན་སྐད་ཀྱང་བྱང་ཆུབ་པར་སྦྱངས། ༡༩༦༧ལོར་སྐྱབས་རྗེ་བླ་མ་ཐུབ་བསྟན་ཡེ་ཤེས་དང་ལྷན་དུ་བལ་ཡུལ་དུ་ཕེབས་ནས་དཔལ་འོག་མིན་བྱང་ཆུབ་ཆོས་གླིང་ངམ་ཀོ་པན་དགོན་པ་དང་། བཙུན་དགོན་མཁའ་སྤྱོད་དགའ་འཁྱིལ་གླིང་ཕྱག་བཏབ་པ་སོགས་བསྟན་པའི་གཞི་མ་འཛུགས་པར་མཛད། ༡༩༧༡ལོར་སྐྱབས་རྗེ་ཡོངས་འཛིན་གླིང་རིན་པོ་ཆེའི་དྲུང་དུ་བསྙེན་པར་རྫོགས། ༡༩༧༤ལོར་རང་གི་བླ་མ་ཐུབ་བསྟན་ཡེ་ཤེས་དང་ལྷན་ནུབ་ཕྱོགས་སུ་ཐོག་མར་ཕེབས་ཏེ་ཐེག་ཆེན་འཛིན་སྐྱོང་ཚོགས་པ་ཞེས་པའི་ཆོས་ཚོགས་བཙུགས་ཤིང་དེས་རྐྱེན་བྱས་ཏེ་ནུབ་ཕྱོགས་ལུང་པར་ནང་ཆོས་ལ་དོ་སྣང་ཤུགས་ཆེར་ཕྱིན། དེ་ནས་རིམ་བཞིན་ཨེ་ཤ་ཡ་དང་ཡོ་རོབ། བྱང་ཨ་མི་རི་ཀ་སོགས་སུ་རྒྱལ་ཁབ་ཁག་སོ་བདུན་ཙམ་ནང་ཐེག་ཆེན་འཛིན་སྐྱོང་ཚོགས་པའི་ཡན་ལག་ཆོས་ཚོགས་བརྒྱ་དང་ང་བཞི་ཙམ་འཛུགས་གནང་མཛད་དེ་སེམས་ཅན་ལ་ཕན་ཐོགས་དང་སངས་རྒྱས་ཀྱི་བསྟན་པའི་ཞབས་འདེགས་རླབས་པོ་ཆེ་མཛད།
༡༩༨༤ལོ་ནས་ཆོས་ཚོགས་ཁག་གི་གཙོ་འཛིན་གྱི་ཐུགས་འགན་ད་ལྟའི་བར་དུ་བཞེས། ༢༠༠༤ལོ་ནས་བལ་ཡུལ་དུ་ཐུབ་བསྟན་བཤད་སྒྲུབ་གླིང་དང་། ཙུམ་ར་ཆེན་དགོན། མུ་དགོན་བཅས་ཀྱི་འཛིན་སྐྱོང་ཡོངས་རྫོགས་གནང་བ་སོགས་དགོན་ཁག་མང་པོར་འཚོ་བའི་མཐུན་རྐྱེན་སྦར་ཏེ་ཕྱོགས་དེ་གར་བསྟན་པའི་ཞབས་འདེགས་བླ་ན་མེད་པ་གནང་། གདན་ས་གྲྭ་ཚང་ཁག་གིས་གཙོས་པའི་དགེ་འདུན་གྱི་སྡེ་མང་པོར་དགེ་འདུན་པའི་བཞེས་ལག་དང་། གཟིམས་ཤག། སྨན་ཁང་། དཔེ་མཛོད་ཁང་། སློབ་གྲྭ་སོགས་སུ་འགྲོ་གྲོན་ཤིན་ཏུ་ཆེན་པོ་ཕངས་མེད་ནར་གཏོང་མཛད་དེ་དགེ་འདུན་སློབ་གཉེར་བ་སྟོང་ཕྲག་མང་པོའི་འཚོ་བའི་དཀའ་ངལ་སེལ་གནང་མཛད།
གཞན་ཡང་ས་གནས་གང་སར་སློབ་གྲྭ་དང་སྨན་ཁང་། དྭ་ཕྲུག་ཁང་སོགས་སུ་ཟས་གོས་གནས་མལ་དང་ཤེས་ཡོན་སློབ་སྦྱོང་། ཡ་རབས་བཟང་སྤྱོད་སོགས་ཆོས་དང་ཟང་ཟིང་གི་སྦྱིན་གཏོང་བློས་དཔོག་པར་དཀའ་བ་མཛད་བཞིན་བཞུགས་པ་ལགས་ཤིང་། སེར་བྱེས་མཁས་སྙན་གྲྭ་ཚང་འདི་ཉིད་དུའང་ཕྱི་ལོ་༡༩༩༡ ནས་༢༠༡༥ བར་མི་ལོ་ཉེར་བཞི་ལྷག་ལ་གྲྭ་ཚང་གི་བཞེས་ལག་སོགས་འཚོ་བའི་མཐུན་འགྱུར་རྒྱ་ཆེན་པོ་གཏོང་གནང་མཛད་པ་དང་། ༢༠༡༦ ནས་བཞེས་ལག་གི་མ་འཛུགས་ཕོན་ཆེན་གནང་སྦྱིན་མཛད་པ་སོགས་མི་ལོ་སུམ་ཅུ་ལྷག་ལ་བཀའ་དྲིན་བསམ་བརྗོད་ལས་འདས་པས་བསྐྱངས། ༢༠༢༢ལོར་སེར་བྱེས་མཁས་སྙན་གྲྭ་ཚང་གི་ྋམཁན་བླ་འདུས་མང་དང་བཅས་པའི་དབུས་སུ་བརྟན་བཞུགས་བསྟར་འབུལ་དང་འབྲེལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་འབུལ་བཞེས་མཛད། ཕྱོགས་མཐའ་དབུས་ཡུལ་གྲུ་ཀུན་ཏུ་བློ་སྦྱོང་མན་ངག་གིས་མཚོན་པའི་མྱོང་ཐོག་གི་དམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་གདུལ་བྱར་འགྲོ་དོན་རྒྱ་ཆེར་བསྐྱངས། ༢༠༢༣ཟླ་༤ཚེས་༡༣ལ་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་པ་བཅས་གང་གི་རྣམ་པ་ཐར་པ་དཔག་པར་དཀའ་བའི་རྒྱ་མཚོའི་ཀློང་ལས་ཆ་ཤས་ཆུ་ཡི་ཟིལ་པ་ཙམ་མདོར་བསྡུས་སུ་བྲིས།།
སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས། ༢༠༢༣ ཟླ་ ༤ ཚེས་ ༡༣ ལ། [དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་བྱ་དགོས་ཚེ་རྩོམ་ཁུངས་དང་སྦྲེལ་སྣེ་མཉམ་སྦྱར་བྱེད་དགོས།]
ཀློང་རྡོལ་བླ་མ་ངག་དབང་བློ་བཟང་མཆོག
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།ཀུན་སྤངས་སེམས་པ་ཆེན་པོ་གྲུབ་པའི་དབང་ཕྱུག་ཀློང་རྡོལ་བླ་མ་རིན་པོ་ཆེ་ངག་དབང་བློ་བཟང་མཆོག་ནི། མདོ་སྟོད་ཆབ་མདོའི་ཡུལ་གྱི་བྱེ་བྲག་དབེན་ཕུའམ་ཕུ་མདོ་ཞེས་པའི་ས་ཆར་བྲག་རྩ་དཔོན་གྱི་བརྒྱུད་པ་ཡབ་སྔགས་འཆང་དབང་འབུམ་ཞེས་ཁྱིམ་པའི་རྡོ་རྗེ་འཛིན་པ་སྔགས་གསར་རྙིང་གི་ཡི་དམ་དུ་མ་བསྙེན་ཅིང་སྒྲུབ་པ་དང༌། ཡུམ་འཇང་བཟའ་བུམ་སྐྱིད་ཅེས་པ་ཡུམ་གྱི་རུས་མིང་འཇང་ཡིན་པ་རང་བཞིན་དྲང་ཞིང་ཆོས་ལ་དགའ་བ་དེ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཉིས་པའི་སྒྱུར་བྱེད་ཅེས་པ་ས་མོ་ཕག་གི་ལོ་སྟེ། ཕྱི་ལོ་ ༡༧༡༩ ལོར་ཟླ་བ་བཅུ་གཅིག་པའི་ཚེས་བཅོ་ལྔ་ལ་སྐུ་བལྟམས། ཡབ་ཡུམ་དེ་གཉིས་ལ་སྲས་མིང་སྲིང་བརྒྱད་བྱུང་བའི་ནང་ནས་རྗེ་འདི་ལྔ་པ་ཡིན་ཅིང་། རྗེ་འདི་ལྷུམས་སུ་ཞུགས་པའི་སྐབས་སྔ་ཕྱིར་ཡབ་ཀྱི་རྨི་ལམ་དུ་བུ་མེད་ཞིག་གིས་བུ་ཆུང་ལག་ན་མདོ་སྔགས་གཉིས་ཀྱི་དཔེ་ཆ་ཡིན་ཟེར་བའི་པོ་ཏི་ཁྱེར་བ་ཞིག་འཁྲིད་ནས་བུ་འདི་ལ་གཅེས་སྤྲས་མཛད་རོགས་ཞུས་པར་རྨིས་པ་དང་། ཡང་ཡུམ་གྱི་རྨི་ལམ་དུ་བུ་ཆུང་ལག་ན་གསེར་གྱི་འཁོར་ལོ་བཟུང་བ་ཞིག་སྤྱི་བོར་ནས་ཞུགས་པ་རྨིས་པ་སོགས་ནི། རྗེ་འདིས་མདོ་སྔགས་ཡོངས་རྫོགས་ཉམས་སུ་བླངས་ནས་མདོ་རྒྱུད་ནས་བཤད་པའི་རྟོགས་པ་ཁྱད་པར་ཅན་བརྙེས་པའི་ལྟས་སུ་ངེས།
དགུང་ལོ་བདུན་གྱི་ཐོག་བློ་གླིང་དགེ་སློང་བློ་བཟང་དགེ་འདུན་ནས་གཙུག་ཕུད་བཞེས། དགུང་ལོ་བཅུ་གཉིས་པར་འཇམ་མགོན་ཕུར་ལྕོག་ངག་དབང་བྱམས་པ་ཆབ་མདོར་ཕེབས་སྐབས་བར་མ་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་བཞེས། དགུང་ལོ་བཅུ་བདུན་པའི་བར་ཡབ་ཀྱི་དྲུང་དུ་ཡི་གེའི་འབྲི་ཀློག་སོགས་སྦྱངས། དགུང་ལོ་བཅོ་བརྒྱད་པའི་སྐབས་སུ་ཆབ་མདོར་ལོ་ཉེས་བྱུང་བའི་རྐྱེན་གྱིས་ཚ་བ་རོང་སོགས་སུ་ཡབ་ཡུམ་དང་ལྷན་དུ་ལོ་གསུམ་ཙམ་ལ་སྤྲང་ལྡོམ་དུ་ཕེབས་དགོས་བྱུང་། ཕྱག་དཔེ་གཟིགས་པར་བར་ཆད་བྱུང་ཡང་དེ་གའི་ཉེ་བའི་རི་ཁྲོད་ཅིག་དུ་རྩ་ཤེས་སོགས་གཞུང་འགའ་ཐུགས་འཛིན་གནང༌ནས་བཞུགས། ཡབ་ཡུམ་སྐུ་མཆེད་རྣམས་གསོལ་ཆས་ཤིན་ཏུ་དཀོན་སྟབས་ཉིན་ཞིག་ལྕམ་སྲིང་སྒྲོལ་མ་མཚོ་ཟེར་བ་དེ་རྗེ་ཉིད་ཀྱི་དྲུང་དུ་མངགས་ཏེ། རྗེ་ཉིད་ལ་གཏོར་ཆ་ཟངས་ཀྱི་མཐེབ་རྩེ་ཞིག་ཡོད་པ་དེ་བསྐུར་རོགས་བྱས་ན་དེ་བཙོང་ནས་རྩམ་པ་ཉོ་དགོས་འདུག་ད་ལྟའི་སྐབས་སུ་ལྟོ་ཟ་རྒྱུ་མི་འདུག་ཅེས་ཞུས་པར། ཐུགས་ཀྱིས་མ་བཟོད་པར་མཐེབ་རྩེ་བསྐུར་གནང་བར། མཐེབ་རྩེས་ཀྱང་རྩམ་པ་ཕོར་པ་གང་ལས་མ་ཁུགས་པ་སོགས་འོ་བརྒྱལ་ཤིན་ཏུ་ཆེ་མུར། ཚད་རིམས་ཤིག་བྱུང་བས་ཡབ་དང་སྐུ་མཆེད་ལྔ་གྲོངས་པ་སོགས་ཀྱིས་དཀའ་སྡུག་ཤིན་ཏུ་ཆེ་བར་བྱུང་ན་ཡང་། སྐྱེས་བུ་དམ་པས་རྐྱེན་ངན་བྱང་ཆུབ་ལམ་དུ་བསྒྱུར་ནས་ངེས་འབྱུང་སྐྱེ་བའི་གྲོགས་སུ་གྱུར། དགུང་ལོ་ཉི་ཤུའི་ཐོག་ཆབ་མདོར་གླིང་སྟོད་གྲྭ་ཚང་གི་སྔགས་གྲྭའི་ལག་ལེན་ཞིབ་ཕྲ་ལོ་གཉིས་ཀྱི་རིང་མཛད། རྗེ་དགེ་འདུན་བཀྲ་ཤིས་ཀྱི་རྗེས་སུ་བཟུང་ནས་ཆུ་དབར་ཡང་དགོན་སྒྲུབ་སྡེར་ལོ་གཅིག་བཞུགས་རིང་ལམ་རིམ་ཆུང་བ་ཐུགས་འཛིན་གནང་དུ་བཅུག །རྗེ་དགེ་འདུན་བཀྲ་ཤིས་ཀྱི་ཐུགས་དགོངས་ལ་འདི་གྲྭ་སར་སློབ་གཉེར་གྱི་ཆེད་དུ་བཏང་ན་ངེས་པར་དུ་བསྟན་འཛིན་ཆེན་པོ་ཞིག་ཡོང་བ་འདུག་པས་གྲྭ་སར་ཕེབས་དགོས་པའི་སྐུལ་མ་གནང༌། དེ་ནས་ཁམས་ལི་ཐང་དགོན་དུ་ཕེབས་ནས་ནང་དོན་རིག་པ་དང་ཚད་མ་བཅས་ལོ་གསུམ་ལ་སྦྱངས། མཁན་པོ་ཆོས་འཕགས་ཀྱི་དྲུང་ནས་རྩི་བཞག་གསན་ནས་རྩོད་གྲྭ་གནང་བས་ལོ་ངོ་གསུམ་ཙམ་བསྡུས་གྲྭ་སོགས་ལ་ཐུགས་གཉེར་དང༌། ལྷོ་བྲག་སྙན་བརྒྱུད་ཀྱི་དབང་ལུང་རྣམས་ཞུས། དགུང་ལོ་ཉེར་བཞི་པར་ལྷ་གདན་དུ་ཕེབས་ཏེ་སེར་བྱེས་མཁས་སྙན་གྲྭ་ཚང་གི་ཆོས་སྒོར་ཞུགས། སྒོམ་སྡེ་བརྩོན་འགྲུས་ཀྱི་དྲུང་དུ་བསྡུས་གྲྭའི་གསན་སྦྱོང་གནང་བའི་དབུ་བཙུགས། དགུང་ལོ་སུམ་ཅུའི་ཐོག་མཁན་ཆེན་ཕུར་ལྕོག་ངག་དབང་བྱམས་པའི་དྲུང་དུ་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། རྗེའི་དྲུང་ནས་ལམ་རིམ་འཇམ་དཔལ་ཞལ་ལུང་གི་ཁྲིད་ཚར་བརྒྱད་དང༌། བྱང་ཆུབ་བདེ་ལམ་གྱི་ཁྲིད་ཚར་བདུན། གསང་བདེ་འཇིགས་གསུམ་གྱི་བསྐྱེད་རྫོགས་སོགས་ཆོས་བཀའ་མང་པོ་གསན། དགུང་ལོ་སོ་གཅིག་ཐོག་གཙང་ཕྱོགས་སུ་གནས་མཇལ་དུ་ཕེབས། པཎ་ཆེན་བློ་བཟང་དཔལ་ལྡན་ཡེ་ཤེས་མཇལ་ནས་དེར་ཡུན་རིང་ཙམ་བཞུགས། ཞང་ཞུང་དགེ་སློང་ཡེ་ཤེས་མཐའ་ཡས་ཀྱི་དྲུང་ནས་ཆོས་འབྲེལ་ཡང་གསན། དགུང་ལོ་སོ་གསུམ་ལོར་གསང་ཕུར་བྱོན་ནས་བཀའ་བཅུའི་མཚན་བཏགས་ཀྱང་མཛད། དགུང་ལོ་སོ་བརྒྱད་ཐོག་འཕན་པོ་ཤ་བ་འབུམ་པ་དང༌། འོལ་ཁ། ལྷོ་གནས་སོགས་ཞིབ་ཏུ་མཇལ་བར་ཕེབས། དགུང་ལོ་སོ་དགུའི་ཐོག་ངག་དབང་ཆོས་གྲགས་ཀྱི་དྲུང་ནས་རྒྱུད་འགྲེལ་སོགས་གསན། རྒྱུད་དུ་ལོ་གསུམ་བཞུགས་རིང་སྔགས་ཀྱི་དཀའ་གནད་རྣམས་ཐུགས་ལ་ཤིན་ཏུ་ངེས་པར་མཛད། རྒྱལ་བའི་དབང་པོ་བསྐལ་བཟང་རྒྱ་མཚོ་དང༌། པཎ་ཆེན་བློ་བཟང་དཔལ་ལྡན་ཡེ་ཤེས། གྲུབ་དབང་ལྕང་སྐྱ་རོལ་པའི་རྡོ་རྗེ། རྗེ་ངག་དབང་བྱམས་པ་རྣམ་བཞིས་མདོ་སྔགས་ཀྱི་གདམས་པ་ཟབ་མོ་རྣམས་བཀའ་དྲིན་ལེགས་པར་གྲུབ། རྒྱལ་བ་བསྐལ་བཟང་རྒྱ་མཚོ་སོགས་མཁས་གྲུབ་ཀྱི་བླ་མ་བཅུ་གསུམ་ཙམ་བསྟེན་ནས་མདོ་སྔགས་རིག་གནས་ཡོངས་ལ་མཁས་པའི་གྲགས་པ་ཐོབ།
དགུང་ལོ་ཞེ་བཞི་ལ་རྒྱལ་དབང་འཇམ་དཔལ་རྒྱ་མཚོ་གསེར་ཁྲིར་ཕེབས་པ་དང༌། པཎ་ཆེན་དཔལ་ལྡན་ཡེ་ཤེས་མཇལ་བར་ཕེབས་ཏེ་སྐྱབས་ཞུ་མཛད། དགུང་ལོ་ཞེ་ལྔའི་ཐོག་སྒོ་མང་སློབ་དཔོན་བྲ་སྟི་ངག་དབང་དགེ་ལེགས་ཀྱིས་སྒོ་མང་གྲྭ་ཚང་དུ་གདན་དྲངས་ནས་ཟླ་གཅིག་ཙམ་གྱི་རིང་བྱང་ཆུབ་ལམ་རིམ་ཆེན་མོའི་བཤད་ལུང་ཟབ་རྒྱས་མཛད། དགུང་ལོ་ཞེ་བརྒྱད་ཐོག་ཕུར་ལྕོག་མཆོག་སྤྲུལ་བློ་བཟང་བྱམས་པའི་དཔལ་ལ་ལུང་ཕུལ། དེ་ནས་ལོ་རེ་བཞིན་ལམ་རིམ་སོགས་བཀའ་ཆོས་ཚོགས་ཆོས་མང་དུ་གནང༌། དགུང་ལོ་ལྔ་བཅུ་ནས་སྒྲུབ་པ་སྙིང་པོར་མཛད་ཅིང༌། དགུང་ལོ་ང་བཞིའི་ཐོག་འབྲོག་རི་བོ་དགའ་ལྡན་མཇལ་བར་ཕེབས། བསྙེན་བཀུར་དང༌། ཡོལ་བ་བླ་བྲེ། སྐུ་ཐང་སོགས་འབུལ་བར་མཛད། དགུང་ལོ་ང་བརྒྱད་ཐོག་རྒྱལ་དབང་འཇམ་དཔལ་རྒྱ་མཚོ་དང་མཇལ། དེའི་ལོར་ལྷོ་བྲག་བྲོ་བོ་ལུང་དུ་རྗེ་མར་པའི་གཟིམ་ཁང་སོགས་ལ་གནས་གཟིགས་གནང༌། སྲས་མཁར་ལ་མཆོད་རྫས་འབུལ་བ་གནང༌། སྔ་རྗེས་ལོ་ཉེར་གཅིག་ཙམ་རི་ཁྲོད་ཁོ་ན་བསྟེན་ནས་ངེས་འབྱུང་བྱང་སེམས་ཡང་དག་པའི་ལྟ་བ་རྣམས་སྒོམ་སྒྲུབ་མཛད། ཁོང་གི་སྐུ་ཚེ་ཧྲིལ་བོ་ལ་འཆད་ཉན་ཉམས་ལེན་གྱི་བྱ་བ་ཁོ་ནས་དུས་འདའ་བ་མཛད་ཅིང་མཐར་རབ་བྱུང་བཅུ་གསུམ་པའི་ཤིང་ཕོ་སྟག་གི་ལོ་སྟེ་ཕྱི་ལོ་ ༡༧༩༤ ལོར་དགོངས་པ་གཞན་དོན་དུ་གཤེགས།
ཁོང་ལ་ཀློང་རྡོལ་ཞུ་བའི་རྒྱུ་མཚན་ནི། འགྲོ་མགོན་གཙང་པ་རྒྱ་རས་སྒྲུབ་པ་ཡུན་རིང་མཛད་པ་ཡེ་ཤེས་རྡོ་རྗེའི་སྒྲུབ་ཕུག་སྙེ་ཐང་ཀློང་རྡོལ་དུ་ཕེབས་ཏེ། ལོ་དགུའི་རིང་ཐུན་མོང་ལམ་གྱི་བསགས་སྦྱངས་ལེགས་པར་མཛད་ཅིང་ཡུན་རིང་གནས་དེར་བཞུགས་པས་ཀློང་རྡོལ་ཞེས་པའི་མཚན་དེ་གྲགས་པ་ཡིན་ནམ་སྙམ།
ཀློང་རྡོལ་དུས་ཆེན་ནི། བོད་ཟླ་བཞི་པའི་ཚེས་གསུམ་གྱི་ཉིན་དེར་ཁོང་ཤམ་བྷ་ལ་ནས་སེ་ར་ལྷོ་པར་ཕེབས་པའི་ཞལ་བཞེས་གནང་བའི་དུས་ཆེན་ཁྱད་པར་ཅན་ཞིག་བརྩི་བཞིན། ཉིན་དེར་དངོས་སུ་ཕེབས་པའི་རྟེན་འབྲེལ་མཚོན་སླད་དུ་བཞུགས་ཁྲི་གསར་དུ་བཤམས་པ་དང་། ཁང་ཚན་གྱི་འདུས་མང་ཡོངས་ཀྱིས་ཞུགས་ཁྲིར་མཇལ་ཁ་ཞུ་བ་སོགས་ཀློང་རྡོལ་བླ་མ་རིན་པོ་ཆེའི་མཛད་རྣམ་དང་འབྲེལ་བའི་རྗེས་དྲན་བྱེད་པའི་དུས་ཚེས་ཤིག་ཡིན། ཉིན་དེར་ཀློང་རྡོལ་བླ་མ་རིན་པོ་ཆེས་སེར་བྱེས་ལྷོ་པ་ལ་ཚོམས་ཇ་དྲུག་ཅུ་གཏན་འཇོག་གནང་བའི་ཉིན་མོའང་ཡིན། དུས་དེ་ནས་བཟུང་བོད་ཟླ་བཞི་པའི་ཚེས་གསུམ་ནམ་ཡིན་ལ་ཁང་ཚན་གྱིས་ཚོམས་ཇ་འཚོགས་ནས་ཀློང་རྡོལ་སྐྱབས་ཐོ་ཀློག་པ་དང་། ཀློང་རྡོལ་བླ་མ་རིན་པོ་ཆེའི་སྐུ་ཆས་རྣམས་མཇལ་ཁ་གཏོང་བའི་ལམ་སྲོལ་མ་ཉམས་པ་ད་ལྟའང་ཡོད།
གོང་ཚེས་ཉིན་དེར་གདན་ས་ཆེན་པོ་སེར་བྱེས་མཁས་སྙན་གྲྭ་ཚང་གི་རིགས་ཆེ་ཆུང་གི་ཚོགས་ལངས་མིང་བཏགས་སྤྲོད་པའི་དུས་ཚེས་ཀྱང་ཡིན། སྔར་བོད་དུ་རིགས་ཆུང་ཚོགས་ལངས་པ་རྣམས་ཀྱིས་རྟེན་འབྲེལ་མཚོན་སླད་ཀློང་རྡོལ་བཞུགས་ཁྲིར་འདིང་བ་གསར་དུ་རྒྱག་པ་སོགས་བྱེད་པ་རྒན་རབས་རྣམས་ཀྱི་ཞལ་རྒྱུན་དུ་མཆིས།
ཁོང་གི་གསུང་རྩོམ་ནི། རིག་གནས་ཆེ་ཆུང་ཡོངས་ཀྱི་མིང་གི་རྣམ་གྲངས་སོགས་མངོན་བརྗོད་སྣ་ཚོགས་དང་། རྟེན་ཁྱད་འཕགས་འགའི་དཀར་ཆག །རྣམ་ཐར། དགེ་ལུགས་ཀྱི་དགོན་སྡེ་བླ་སྤྲུལ་རྣམས་ཀྱི་མཚན་ཐོ། ཆབ་ཤོག །སྙན་ཚིག་སོགས་བསྟན་བཅོས་དགུ་བཅུ་གོ་དྲུག་ཡོད་པ་དེ་པོ་ཏི་གསུམ་དུ་བསྡུས་ཏེ། ཀུན་བདེ་གླིང་ལྷུན་གྲུབ་སྡེ་ཆེན་དུ་ཤིང་པར་བརྐོས་ཡོད། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་ཀློང་རྡོལ་ངག་དབང་བློ་བཟང་གི་གསུང་འབུམ་གླེགས་བམ་གཉིས་ཡོད། དཔེ་དེབ་དེ་སྟོད་སྨད་གཉིས་སུ་དབྱེ་ཞིང་། སྟོད་ཆར་ཆོས་ཚན་༡༦དང་། སྨད་ཆར་ཆོས་ཚན་ ༡༦བཅས་ཡོད།
ཕྱི་ལོ་༢༠༢༣ཟླ་༠༢ཚེས་༠༢ལ་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས།
དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་དམ་འདྲེན་བཀོད་བྱ་དགོས་ཚེ་[སེར་བྱེས་རིག་མཛོད་ཆེན་མོ་ལས་དྲངས་པ་ཡིན།]ཞེས་རྩོམ་ཁུངས་ཁ་གསལ་འགོད་དགོས།
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ་མཆོག
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ་མཆོག་ནི། རབ་བྱུང་བཅུ་གསུམ་པའི་ཆུ་རྟ་ཕྱི་ལོ་ ༡༧༦༢ ལོར་མདོ་སྨད་མཛོད་དགེ་སྨད་དུ་ཡབ་ཐེ་བོ་ལྕགས་པོ་བྱམས་པ་དང་། ཡུམ་བོ་ཅོག་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་ལྔའི་སྐབས་ཀུན་མཁྱེན་འཇིགས་མེད་དབང་པོས་དགའ་ལྡན་ཁྲི་ཐོག་ལྔ་བཅུ་པ་ཁྲི་ཆེན་དགེ་འདུན་ཕུན་ཚོགས་ཀྱི་ཡང་སྲིད་དུ་ངོས་འཛིན་མཛད། དགུང་ལོ་བདུན་པ་ས་བྱི་ ༡༧༦༨ ལོར་བླ་བྲང་བཀྲ་ཤིས་འཁྱིལ་དུ་གདན་དྲངས་ཏེ་ཆོས་སྒོར་ཞུགས་ཤིང་། ཀུན་མཁྱེན་འཇིགས་མེད་དབང་པོའི་དྲུང་ནས་དགེ་བསྙེན་དང་རབ་བྱུང་དགེ་ཚུལ་བཅས་དཀྱུས་གཅིག་ཏུ་ཞུས་ཤིང་མཚན་ལ་དཀོན་མཆོག་བསྟན་པའི་སྒྲོན་མེ་ཞེས་གསོལ། ལོ་ལྔའི་རིང་རྡོ་རམས་པ་བློ་བཟང་རིན་ཆེན་སོགས་བསྟེན་ནས་ཆོས་སྤྱོད་སྐོར་དང༌། གཞུང་ཆེན་པོ་ལྔའི་རྩ་བ་སོགས་ཐུགས་འཛིན་གནང༌བ་མ་ཟད། རིམ་གྱིས་རྒྱ་དང་སོག་པོའི་སྐད་ཡིག་སྦྱངས་བས་ཐུགས་སུ་ཆུད། བར་གསེང་ལ་འཇམ་དབྱངས་བཞད་པ་རིན་པོ་ཆེའི་དྲུང་ནས་མདོ་སྔགས་ཀྱི་ཆོས་རྒྱུན་མང་པོ་ཞིག་གསན། དགུང་ལོ་བཅུ་བདུན་ས་ཁྱི་ ༡༧༧༨ ལོར་དབུས་སུ་སློབ་གཉེར་ལ་བྱོན་ནས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཆོས་ཞུགས་ཀྱིས་ཧོར་སྐལ་བཟང་དངོས་གྲུབ་དགེ་རྒན་དུ་བསྟེན་ནས་དགུང་ལོ་ཉི་ཤུ་རྩ་ལྔའི་བར་ལོ་དགུའི་རིང་དབུ་མ་དང་། མཛོད། འདུལ་བ། ཚད་མ། ཕར་ཕྱིན་བཅས་གཞུང་བཀའ་པོད་ལྔ་ལ་སློབ་གཉེར་དང་གསན་སྦྱོང་མཛད། དབུས་སུ་བཞུགས་རིང་ཡོངས་འཛིན་རིན་པོ་ཆེ་ཡེ་ཤེས་རྒྱལ་མཚན་དང༌། ཀློང་རྡོལ་བླ་མ་རིན་པོ་ཆེ་གཉིས་བླ་མའི་གཙོ་བོར་བསྟེན་ནས་མདོ་སྔགས་ཀྱི་ཆོས་རྒྱུན་སྔར་མ་གསན་པ་མང་པོ་ཞིག་གསན། དགུང་ལོ་ཉེར་གཅིག་པ་ཆུ་སྟག་ ༡༧༨༢ ལོར་རྒྱལ་དབང་འཇམ་དཔལ་རྒྱ་མཚོ་ལས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་དང་། ཀློང་རྡོལ་བླ་མ་རིན་པོ་ཆེ་གཉིས་བླ་མའི་གཙོ་བོར་བསྟེན་ནས་མདོ་སྔགས་ཀྱི་ཆོས་རྒྱུན་སྔར་མ་གསན་པ་མང་པོ་གསན། དགུང་ལོ་ཉེར་གཉིས་པར་དགེ་བཤེས་ལྷ་རམས་པའི་མཚན་བཏགས་བཞེས། དབུས་སུ་ལོ་བརྒྱད་ཙམ་བཞུགས་པའི་རིང་ལ་མདོ་སྔགས་རིག་གནས་ཀྱི་གཞུང་ཀུན་ལ་མཁྱེན་པ་ཐོགས་མེད་དུ་གྱུར་ཅིང་། དབུས་གཙང་གི་མཁས་མང་དཀྱིལ་ན་རྒྱལ་མཚན་གྱི་ཏོག་ལྟར་ཀུན་གྱིས་གཙུག་ཏུ་བཀུར་བའི་གནས་སུ་གྱུར། དགུང་ལོ་ཉེར་ལྔ་པ་མེ་རྟ་ ༡༧༨༦ ལོར་ལྷ་རམས་པའི་གྲྭ་སྐོར་དམ་བཅའ་མཛད། དེ་ནས་མི་རིང་བར་འཇམ་དབྱངས་བཞད་པ་རིན་པོ་ཆེ་དང་ལྷན་དུ་མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ཏེ་སློབ་མ་མང་པོར་མདོ་སྔགས་ཀྱི་ཆོས་རྒྱུན་རྒྱ་ཆེར་འཆད་སྤེལ་མཛད་མུར་དགུང་ལོ་སོ་གཅིག་པ་ཆུ་བྱི་ ༡༧༩༢ ལོར་ཆོས་སྡེ་ཆེན་པོ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་སར་འཁོད་པས་གདན་རབས་ཉེར་གཅིག་པ་དེ་ཡིན། ལོ་བདུན་གྱི་རིང་མདོ་སྨད་ལྷོ་བྱང་གི་ཆོས་གྲྭ་ཆེན་པོ་རྣམས་སུ་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་གཞན་ཕན་གྱི་འཕྲིན་ལས་རྒྱ་ཆེར་སྤེལ། མདོ་སྔགས་རིག་གནས་དང་བཅས་པར་མཁྱེན་རླབས་ཤིན་ཏུ་ཆེ་བས། གུང་ཐང་འཇམ་པའི་དབྱངས་ཞེས་སྙན་གྲགས་ཀྱིས་ཕྱོགས་ཀུན་ཁྱབ། དབལ་མང་པཎྜི་ཏ་དཀོན་མཆོག་རྒྱལ་མཚན་སོགས་སློབ་མ་ལ་སྐྱེས་ཆེན་དམ་པ་མང་པོ་བྱུང་། སློབ་གཉེར་དང་། སྒྲིགས་ཁྲིམས་སོགས་ཞི་དྲག་ཐབས་མཁས་གང་ལ་དེ་འཚམས་ཀྱི་སྒོ་ནས་ཉམས་ཆགས་བྱུང་རིགས་སླར་གསོ་དང་ཅུང་ཟད་གནས་པ་རྣམས་གོང་འཕེལ་ཡོང་བའི་དམ་འཛིན་ནན་ཏན་མཛད་པས་གྲྭ་ཚོགས་དང༌། སློབ་གཉེར། བསྙེན་བཀུར་སོགས་སྔར་ལས་ལྷག་པའི་གོང་འཕེལ་ཆེན་པོ་བྱུང༌། དགུང་ལོ་སོ་བདུན་པ་ས་རྟ་ ༡༧༩༨ ལོར། འཇམ་དབྱངས་བཞད་པ་རིན་པོ་ཆེའི་ཡང་སྲིད་མཆོག་སྤྲུལ་འཇིགས་མེད་རྒྱ་མཚོ་གདན་སའི་ཁྲི་ལ་བཀོད་རྗེས་ཚོགས་ཆེན་གྱི་ཁྲིའི་ཐུགས་ཁུར་དགོངས་ཞུ་གནང་སྟེ། ལོ་ཤས་རིང་དགོན་ལུང་གི་ཁྲི་ཁུར་བསྐྱངས། དགུང་ལོ་ཞེ་གཉིས་པ་ཆུ་ཕག་ ༡༨༠༣ ལོར་མཆོད་རྟེན་མཐོང་གྲོལ་ཆེན་མོ་གསར་བཞེངས་ཀྱི་དབུ་ཚུགས་ནས། དགུང་ལོ་ཞི་བཞི་པ་ཤིང་གླང་ ༡༨༠༥ ལོར་ཡོངས་སུ་གྲུབ་སྟེ་རབ་གནས་དང་དགའ་སྟོན་རྒྱས་པར་མཛད། དགུང་ལོ་ང་བཞི་པ་ཤིང་ཕག་ ༡༨༡༥ ལོར་རོང་བོ་ཕྱོགས་ནས་བླ་བྲང་བཀྲ་ཤིས་འཁྱིལ་དུ་དམག་ཆེན་ཡོང་སྐབས་དགེ་འདུན་བགྲེས་གཞོན་སུས་ཀྱང་མཚོན་ཆ་ཁྱེར་ནས་དམག་འཐབ་ནང་ཞུགས་མི་ཆོག་པའི་དམ་བསྒྲགས་ནན་པོ་གནང་བས་ལྷ་ཁང་འགའ་ཤས་བཤིག་པ་མ་གཏོགས། གྲྭ་པ་སུ་ལ་ཡང་གནོད་འཚེ་མ་བྱུང་བའི་ཐོག་ནས་དམག་དཔུང་རྣམས་ཕྱིར་ལོག་དགོས་པ་བྱུང༌། གཞན་ཡང་མཛོད་དགེ་དང༌། ཅོ་ནེ། རྒྱལ་རོང༌། རྔ་བ་སོགས་ས་གནས་མང་པོར་གདན་དྲངས་པ་ལྟར་ཕེབས་ནས་མདོ་སྔགས་ཀྱི་ཆོས་རྒྱུན་འཆད་སྤེལ་དང༌། དགོན་སྡེ་ཁག་གི་སློབ་གཉེར་དང་སྒྲིགས་ཁྲིམས་ཉམས་གསོ། འཁྲུག་རྩོད་འདུམས་པ། བྱ་རི་དྭགས་ཉ་སོགས་སྲོག་གཅོད་པ་སྤོང་སྡོམ་སོགས་བསྟན་འགྲོའི་དོན་རླབས་ཆེན་མཛད་པས་སློབ་མ་ཡང་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་གྲངས་ལས་འདས་པ་ཞིག་བྱུང༌།
དགུང་ལོ་རེ་གཉིས་པ་རབ་བྱུང་བཅུ་བཞི་པའི་ཆུ་ལུག་ ༡༨༢༣ ལོར་དགོངས་པ་གཞན་དོན་དུ་གཤེགས་ཤིང༌། སྐུ་གདུང་ལས་རྟེན་ངོ་མཚར་ཅན་འགའ་ཞིག་བྱོན་པ་རྣམས་གདུང་རྟེན་བཞེངས་པའི་ནང་དུ་བཞུགས། ལོ་རྒྱུས་སྐོར་རྒྱས་པ་དབལ་མང་དཀོན་མཆོག་རྒྱལ་མཚན་གྱིས་མཛད་པའི་ཁ་བྱང་དུ། “རྒྱལ་བའི་རིང་ལུགས་པ་ཆེན་པོ་འཇམ་དབྱངས་བླ་མ་དཀོན་མཆོག་བསྟན་པའི་སྒྲོན་མེའི་རྣམ་པར་ཐར་པ་དད་པའི་པདྨོ་བཞད་པའི་ཉིན་བྱེད།” ལྷ་ས་ཞོལ་དཔར་མ་ལ་ཤོག་གྲངས་ ༡༩༤ ཡོད་པ་དམ་པ་དེའི་གསུང་འབུམ་ལྷ་ས་དཔར་མའི་པོད་ [ཉ] པའི་མཇུག་ཏུ་ཡོད།
ཁོང་གི་གསུང་རྩོམ་ནི། འདུལ་བ་རྒྱ་མཚོའི་དཀའ་གནད་མདོར་བསྡུས་ནོར་བུའི་ཕྲེང་བ། དྲང་ངེས་རྣམ་འབྱེད་ཀྱི་དཀའ་འགྲེལ་རྩོམ་འཕྲོ་ལེགས་བཤད་སྙིང་པོའི་ཡང་སྙིང་། ཟབ་མོ་ལྟ་བའི་ཟིན་བྲིས་ཐར་ལམ་སྣང་བ། ཡིད་དང་ཀུན་གཞིའི་དཀའ་གནད་རྣམ་པར་བཤད་པ་མཁའ་པའི་འཇུག་ངོགས། བདེན་བཞིའི་རྣམ་གཞག་ཐར་འདོད་འཇུག་ངོགས་མཁས་པའི་དགའ་སྟོན། རྟེན་འབྲེལ་གྱི་རྣམ་གཞག་ལུང་རིགས་བང་མཛོད། བསྟན་པའི་འཇུག་སྒོ་སྐབས་འགྲོའི་ཁྲིད་ཡིག་ཕན་བདེའི་ལམ་བཟང་གསལ་བའི་སྒྲོན་མེ། བཅོམ་ལྡན་འདས་ལྷ་མོ་རིག་བྱེད་མ་ལ་བསྟོན་པའི་རྒྱ་ཆེར་འགྲེལ་བ་རྡོ་རྗེ་གསུམ་གྱི་སྣང་བ། དཔལ་གསང་བའི་བདག་པོ་འཁོར་ལོ་ཆེན་པོའི་བསྐྱེད་རིམ་གྱི་རྣམ་གཞག་རྒྱ་ཆེར་བཤད་པ་གསང་ཆེན་རོལ་མཚོ། གསང་བདེ་འཇིགས་གསུམ་སོགས་ལྷག་ལྷ་དུ་མ་དང་འབྲེལ་བའི་བླ་མའི་རྣམ་འབྱོར་དངོས་གྲུབ་ཀུན་འབྱུང་། ཀུན་གཟིགས་ལྔ་པ་ཆེན་པོས་མཛད་པའི་རྗེ་རིན་པོ་ཆེའི་བསྟོད་པ་དཔྱིད་རྒྱལ་མོའི་གླུ་དབྱངས་ཀྱི་དོན་འགྲེལ་དབྱར་སྐྱེས་སྒྲ་བརྒྱ། འཇམ་མགོན་རྒྱལ་བ་གཉིས་པ་ལ་བསྟན་པའི་སྙིང་པོ་གསལ་བར་མཛད་པའི་ཚུལ་ལས་བརྩམས་ཏེ་བསྟོད་པ་དོན་དང་ལྡན་པ་དང་དེའི་རྒྱ་ཆེར་འགྲེལ་བ། དགེ་ལྡན་བསྟན་པ་རྒྱས་པའི་སྨོན་ལམ། ཀུན་མཁྱེན་འཇིགས་མེད་དབང་པོའི་རྣམ་ཐར་རྒྱལ་སྲས་རྒྱ་མཚོའི་འཇུག་ངོགས། ཐུའུ་བཀྭན་ཆོས་ཀྱི་ཉི་མའི་རྟོགས་བརྗོད་པདྨ་དཀར་པོ། ཟློས་གར་གྱི་བསྟན་བཅོས་ཡང་དག་ལམ་དུ་བཀྲི་བའི་རོལ་རྩེད། ཉམས་མྱོང་རྒན་པོའི་འབེལ་གཏམ་ཡིད་འབྱུང་དམར་ཁྲིད། ཆུ་ཤིང་བསྟན་བཅོས། མདོ་སྔགས་ཀྱི་གཞུང་ལ་སློབ་གཉེར་བྱེད་ཚུལ་གྱི་བསླབ་བྱ་ནོར་བུའི་གླིང་དུ་བགྲོད་པའི་ལམ་ཡིག ། སྡེ་ཁྲི་བློ་བཟང་དོན་གྲུབ་ཀྱི་རྣམ་ཐར། སྒོ་མང་མཁན་པོ་ཆོས་དར་གྱི་རྣམ་ཐར། ཕར་ཕྱིན་སྡོམ། མཛོད་སྡོམ། འདུལ་བ་སྡོམ། སྒྲ་དང་སྙན་ངག །སྨན་དང་རྩིས། ལྷ་རིས་ཐིག་ཚད་སོགས་སྒྱུ་རྩལ་སྐོར་གྱི་བསྟན་བཅོས་རྣམས་གཅིག་ཏུ་བསྡུས་ཏེ་པོ་ཏི་བཅུ་གཉིས་ཙམ་ཡོད།
ཕྱི་ལོ་ ༢༠༢༢ ཟླ་ ༦ ཚེས་ ༢༢ ལ་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས་བཏུས་བསྒྲིགས་བྱས།
དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་དམ་འདྲེན་བཀོད་བྱ་དགོས་ཚེ་[སེར་བྱེས་རིག་མཛོད་ཆེན་མོ་ལས་དྲངས་པ་ཡིན།]ཞེས་རྩོམ་ཁུངས་ཁ་གསལ་འགོད་དགོས།
རྒྱལ་རོང་མཁན་ཟུར་ངག་དབང་ཐེག་མཆོག་རིན་པོ་ཆེ་མཆོག
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་གི་རྒྱལ་རོང་མཁན་ཟུར་ངག་དབང་ཐེག་མཆོག་རིན་པོ་ཆེ་མཆོག་ནི། སྤྱི་ལོ་ ༡༩༢༨ ལོར་བོད་ཤར་ཕྱོགས་རྒྱལ་རོང་ཅོག་ཙེ་ས་ཁུལ་དུ་འབྲོག་ཁྱིམ་ཞིག་ཏུ་ཡབ་དོན་གྲུབ་དང་ཡུམ་ཚེ་རིང་ལྷ་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཡོད་པ་དང་།
དགུང་གྲངས་བཅུ་གཅིག་ཙམ་ནས་རབ་ཏུ་བྱུང་བའི་འདུན་པ་ཤུགས་ཆེར་བྱུང་ཡང་། ནོར་ཕྱུགས་ལྟ་སྐྱོང་སོགས་ཀྱི་ལས་ལ་མཁོ་བས། ཡབ་དང་གཅེན་མོས་རེ་ཞིག་མ་གནང་། དགུང་ལོ་བཅུ་དྲུག་བར་གཅེན་མོ་དང་ཁོ་མོའི་ཟླ་བོའི་ཁྱིམ་དུ་འབྲོག་ལས་ལ་གཞོལ་བར་མཛད། གཅེན་མོའི་ཟླ་བོ་ལས་ཆོས་སྤྱོད་སོགས་ཀྱང་སྦྱངས། སྐུ་མཆེད་རྒན་པ་བྱམས་པ་བདེ་ལེགས་སེ་རར་ཐོས་བསམ་གྱིས་མཚན་སྙན་རྒྱས་པར་ཡི་རངས་ཏེ། བོད་དབུས་གདན་ས་སེ་རར་བསྐྱོད་འདོད་བྱུང་བར་སྲིང་མོ་རྣམ་གཉིས་ཀྱིས་གནང་བ་སྩལ།
དགུང་ལོ་བཅུ་བདུན་པ་སྤྱི་ལོ་ ༡༩༤༥ ལོའི་བོད་ཟླ་ ༣ ཚེས་ ༡༣ ཉིན་གྱི་སྔ་དྲོར་རང་ཡུལ་རྒྱལ་མོ་རོང་ནས་བོད་དབུས་གདན་སར་ཟླ་བ་བཞིའི་རིང་འགྲུལ་བཞུད་གནང་སྟེ། བོད་ཟླ་ ༧ ཚེས་ ༡༢ ཉིན་གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་དུ་འབྱོར། དེར་རང་ཁོངས་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་དུ་སྒྲིག་ཞུགས་དང་རབ་བྱུང་དགེ་ཚུལ་སློང་གི་བསླབ་སྡོམ་རྣམས་ལེགས་པར་མནོས་ཏེ། ལོ་བཅོ་ལྔ་ཙམ་ལ་གཞུང་ཆེན་ཁག་ལ་ཐོས་བསམ་སློབ་གཉེར་གནང་། སྐབས་གཉིས་པའི་འཛིན་གྲྭར་ཕེབས་པ་ནས་སློབ་གཉེར་བ་གཞན་ལ་དཔེ་ཁྲིད་ཀྱང་གནང་།
སྤྱི་ལོ་ ༡༩༥༩ ལོར་སློབ་གཉེར་མཐར་ཕྱིན་ཏེ་དགེ་བཤེས་ཀྱི་མཚན་རྟགས་བཞེས་ལ་ཉེ་སྐབས། བོད་ཡུལ་ཡོངས་རྫོགས་སུ་བསྟན་པ་ཉམས་སྨས་པར་གྱུར་པས་དགེ་བཤེས་དམ་འཇོག་ཕྱིར་འགྱངས་བྱེད་དགོས་བྱུང་ཡོད་པ་དང་། ༧ སྟོན་པ་འཇིག་རྟེན་དབང་ཕྱུག་འཕགས་ཡུལ་དུ་ཕེབས་པའི་རྗེས་སུ་འཕགས་ཡུལ་དུ་ཕེབས་ཡོད་ནའང་། ལམ་བར་ནས་སླར་ཡང་བོད་དུ་ཆོས་བྱེད་ཆོག་པའི་གནས་ཚུལ་གསན་འཕྲལ་ལྷ་སར་ཕྱིར་ལོག་མཛད།
སྤྱི་ལོ་ ༡༩༥༩ ནས་ ༡༩༦༢ བར་ལོ་ཤས་རིང་རྒྱ་གཞུང་གི་བཅོས་བསྒྱུར་ལས་འགུལ་ཁྲོད་སྐུ་ངལ་བསྐྱོན་དགོས་བྱུང་ཡོད་ན་ཡང་། སྤྱི་ལོ་ ༡༩༦༢ ལོར་སླར་ཡང་སྐུ་རྐྱང་འབྲུག་ཡུལ་བརྒྱུད་འཕགས་ཡུལ་དུ་ཕེབས།
ཐོག་མར་བྱ་བྲལ་དུ་ཕེབས་འདུན་མཛད་ཀྱང་། ༧རྒྱལ་བའི་༧ཡོངས་འཛིན་རྣམ་གཉིས་ཀྱིས་བཀས་བསྐུལ་བ་ དང་། གྲྭ་ཚང་གིས་གསོལ་འདེབས་ནན་ཞུས་ངོར། སྦག་སར་གདན་གསུམ་རིས་མེད་ཆོས་གྲྭ་ཐར་འདོད་ཐོས་བསམ་གླིང་གསར་འཛུགས་བྱུང་ཡོད་པར་སེར་སྨད་གྲྭ་ཚང་དུ་བཞུགས་ཏེ། ཉིན་རེར་སློབ་གཉེར་བ་རྣམས་ལ་གཞུང་ཆེན་དཔེ་ཁྲིད་བསྐྱངས། སྤྱི་ལོ་ ༡༩༦༦ ལོར་སྦག་སར་འདུས་པ་རྒྱ་མཚོའི་དབུས་སུ་དགེ་བཤེས་དམ་འཇོག་སྐབས་ལྷ་རམས་ཨང་དང་པོའི་མཚན་རྟགས་བཞེས། ལོ་དེར་ ༧ སྟོན་པ་འཇིག་རྟེན་དབང་ཕྱུག་གིས་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་གི་མཁན་པོར་བསྐོ་བཞག་གནང་།
མཁན་པོའི་མཛད་འགན་བཞེས་རིང་གདན་གསུམ་མཚན་ཐོར་མི་འགྲོ་བར་གནས་ཐུབ་པའི་གྲོས་འཆར་ཐག་གཅོད་སོགས་ལ་ཐུགས་འགན་ཆེར་བཞེས་དང་། སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་གི་ཐུན་མོང་མིན་པའི་བློ་འཛིན་རྒྱུགས་ལེན་དང་། རྒྱུགས་ཚད་གཟེངས་རྟགས་འབུལ་སྲོལ་དང་། ཚོགས་ལངས་ལམ་སྲོལ་སོགས་སྤྱི་ལོ་ ༡༩༥༩ ཚུན་ནས་ཉམས་པ་རྣམས་སླར་གསོ་མཛད།
༡༩༧༠ ལོའི་ལོ་མཇུག་ནས་གདན་གསུམ་རྒྱ་གར་ལྷོ་ཕྱོགས་སུ་གནས་སྤོ་གནང་སྐབས། གདན་ས་སེ་ར་སྤྱི་དང་། སེར་སྨད་གྲྭ་ཚང་གནས་སྤོའི་ཐུགས་འགན་བཞེས་ཤིང་། ལྷོ་ཕྱོགས་སུ་འབྱོར་རྗེས་གདན་ས་སླར་ཡང་གསར་འཛུགས་ཀྱི་ལས་གཞི་རྣམས་ལ་ཐུགས་འགན་བཞེས།
༡༩༦༦ ནས་ ༡༩༧༦ བར་ཏེ་ལོ་ངོ་བཅུ་གཅིག་རིང་མཁན་པོའི་མཛད་འགན་བསྐྱངས་པ་དང་། ༡༩༨༣ ལོ་ནས་དབུ་བརྩམས་ཏེ་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་བསྙེན་ཆེན་གནང་། དེ་རྗེས་ཉིན་རེར་སློབ་གཉེར་བ་རྣམས་ལ་དཔེ་ཁྲིད་ཚོགས་ཐེངས་བཅུ་རེ་གནང་བ་དང་། སྐབས་སོ་སོར་གདན་སར་བྱང་ཆུབ་ལམ་རིམ་གྱི་ཁྲིད་དང་། འདུལ་བའི་བསླབ་བྱའི་ཁྲིད་རྒྱུན་སོགས་ཀྱང་གནང་།
༡༩༩༡ ནས་ལོ་སྔ་ཕྱིར་ཕ་ཡུལ་རྒྱལ་རོང་ནས་དགོན་སྡེ་རྣམས་དང་ཡུལ་མི་རྣམས་ཀྱིས་ཡང་ཡང་ཞུ་ངོར། རང་ཡུལ་དུ་ཕེབས་ཏེ་དགོན་སྡེ་རྣམས་སུ་གཞུང་ཆེན་མོའི་ཁྲིད་དང་ལུང་། དབང་སོགས་གནང་།
༡༩༩༨ ལོར་གྲྭ་ཚང་གིས་ཐུགས་རེ་ལྟར། ཐའི་ཝེན། སིངྒ་པུར། ཨོསི་ཊོ་ལི་ཨ་སོགས་ཡུལ་གྲུ་རྣམས་སུ་ཕྱོགས་བསྐྱོད་དང་། གྲྭ་ཚང་གི་འདུ་ཁང་ཆེན་མོ་གསར་རྒྱག་དང་། སློབ་གཉེར་བའི་འཚོ་རྟེན། དཔེ་མཛོད་དང་སློབ་གྲྭའི་མཐུན་རྐྱེན་སོགས་ལ་སྨན་པར་མཛད།
༡༩༩༩ ལོར་གྲྭ་ཚང་རང་གི་ཐུན་མོང་མ་ཡིན་པའི་མཛོད་འདུལ་གྱི་རྩོད་པ་སོགས་སླར་གསོ་གནང་བ་དང་།
སྤྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༨ ཉིན་གྱི་མཚན་མོའི་ཆུ་ཚོད་ ༡།༡༥ ཙམ་ལ་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་མཛད།
༢༠༡༩.༡༠.༣༠.ལ་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས་བཏུས་བསྒྲིགས་བྱས།
དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་དམ་འདྲེན་བཀོད་བྱ་དགོས་ཚེ་[སེར་བྱེས་རིག་མཛོད་ཆེན་མོ་ལས་དྲངས་པ་ཡིན།]ཞེས་རྩོམ་ཁུངས་ཁ་གསལ་འགོད་དགོས།
བྱང་རྩེ་ཆོས་རྗེ་༧སྒོ་སོག་རིན་པོ་ཆེ་མཆོག
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།༧བྱང་རྩེ་ཆོས་རྗེ་སྒོ་སོག་རིན་པོ་ཆེ་ངག་དབང་གསུང་རབ་བསྟན་འཛིན་དགེ་ལེགས་མཆོག་ནི། སྤྱི་ལོ་ ༡༩༤༨ ལོར་བོད་ཤར་ཕྱོགས་ལི་ཐང་མོ་ཧ་ཞེས་པར་སྐུ་འཁྲུངས་པ་དང་། ཡོངས་འཛིན་རྒྱལ་ཚབ་སྟག་བྲག་རིན་པོ་ཆེ་མཆོག་གིས་སྒོ་སོག་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་གནང་འདུག །
༡༩༥༩ ལོར་བྱེས་སུ་ཕེབས་ཏེ་སྦག་ས་ཆོས་སྒར་དང་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་གཉིས་སུ་གཞུང་ཆེན་ཁག་ལ་སློབ་གཉེར་གནང་སྟེ། དགུང་གྲངས་ ༣༦ གི་སྐབས་ལྷ་རམས་པའི་མཚན་རྟགས་བཞེས་འདུག །
དེ་རྗེས་རྒྱུད་སྨད་གྲྭ་ཚང་དུ་ཆོས་ཞུགས་གནང་སྟེ་སྔགས་ལ་ཐོས་བསམ་སློབ་གཉེར་གནང་ཞིང་སྔགས་རམས་པའི་མཚན་རྟགས་བཞེས་ཡོད་པ་དང་། རྒྱུད་སྨད་གྲྭ་ཚང་གི་མཁན་པོའི་མཛད་འཁུར་དང་། སྤྱི་ལོ་ ༡༩༩༢ ལོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་གི་མཁན་པོར་བསྐོ་གཞག་མཛད་པ་ལྟར་མཁན་པོའི་མཛད་འགན་བཞེས་ཡོད་འདུག །
གཞན་ཨ་རི་དང་འཇར་མན་ནི་སོགས་ཕྱིའི་རྒྱལ་ཁབ་དུ་མར་གདན་ཞུས་ལྟར་ཕེབས་ཏེ་དད་ལྡན་རྣམས་ལ་ནང་ཆོས་ཀྱི་ཟབ་ཁྲིད་གནང་མུས་སུ་ཡོད་འདུག་ལ། ༢༠༡༧ལོའི་ཟླ་༨ཚེས་༡ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བྱང་རྩེ་ཆོས་རྗེའི་མཚན་གནས་ཀྱི་ཕྱག་རྟགས་ཕེབས་པ་ལྟར་ཟླ་བ་དེའི་ཚེས་ ༢༧ ཉིན་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་ཚོགས་ཆེན་དང་བྱང་རྩེ་གྲྭ་ཚང་གཉིས་སུ་ཁྲི་འདོན་མཛད་སྒོ་འཚོགས་ཡོད་པ་དང་། མཛད་སྒོའི་སྐུ་མགྲོན་དུ་གདན་ས་ཁག་གི་མཁན་ལས་ཟུར་དང་ལས་སྣེ། གཞན་སྐུ་མགྲོན་གང་མང་ཕེབས་ཡོད་འདུག །
མཛད་སྒོའི་ཉིན་༧བྱང་རྩེ་ཆོས་རྗེ་རིན་པོ་ཆེ་མཆོག་གིས་རྟེན་འབྲེལ་མཚོན་ཕྱིར་དུ་བྱང་ཆུབ་ལམ་རིམ་གྱི་ཆོས་འབྲེལ་ཞིག་ཀྱང་གནང་ཡོད་འདུག་ཅིང་། ༢༠༡༧ལོའི་ཟླ་༨ཚེས་༣༠ཉིན་མཁན་བླ་དགེ་འདུན་མང་གིས་ཕེབས་བསུའི་ཁྲོད་༧བྱང་རྩེ་ཆོས་རྗེ་རིན་པོ་ཆེ་མཆོག་འདི་ག་སེ་ར་ཆོས་སྒར་དུ་ཕེབས་ཡོད་པ་དང་། ཐོག་མར་སེ་ར་ཐེག་པ་ཆེན་པོའི་གླིང་བླ་སྤྱིར་རྟེན་འབྲེལ་མཛད་སྒོ་འཚོགས་རྗེས་གྲྭ་ཚང་གཉིས་ལ་དགེ་འདུན་མང་གིས་ཕེབས་བསུ་དང་མཛད་སྒོ་འཚོགས་འདུག
༢༠༡༩.༠༨.༡༤.ལ་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས་བཏུས་བསྒྲིགས་བྱས།
དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་དམ་འདྲེན་བཀོད་བྱ་དགོས་ཚེ་[སེར་བྱེས་རིག་མཛོད་ཆེན་མོ་ལས་དྲངས་པ་ཡིན།]ཞེས་རྩོམ་ཁུངས་ཁ་གསལ་འགོད་དགོས།