དྲ་ཐོག་འཇུག་དུས། 2023 ལོའི་ཟླ་བ། Dec ཚེས། 25 རེས་གཟའ། Mon

མཉམ་མེད་དྭགས་པོ་ལྷ་རྗེའི་རྣམ་ཐར།

དྲ་འཇུག་པ།
ཚད་གཞི།
(1 འོས་འཕེན། )

མཉམ་མེད་དྭགས་པོ་ལྷ་རྗེ་མཆོག་ནི། བོད་རབ་བྱུང་དང་པོའི་ས་མོ་ལུག་ཕྱི་ལོ་༡༠༧༩ ལོར་དྭགས་པོའི་ཕྱོགས་སུ་འཁྲུངས། སྐུ་ཆུང་དུས་ནས་ཡབ་ཀྱི་དྲུང་དུ་གསོ་བ་རིག་པར་སྦྱོང་བའི་དབུ་ཚུགས། རིམ་གྱིས་བོད་དང་རྒྱ་གར་བལ་བོ་རྒྱ་ནག་བཅས་ཀྱི་གསོ་རིག་སློབ་དཔོན་བཅུ་གསུམ་ཙམ་བསྟེན་ནས་གསོ་བ་རིག་པར་སྦྱངས་ཏེ་ཤིན་ཏུ་མཁས་པར་གྱུར། ཟངས་དཀར་ལོ་ཙཱ་བ་འཕགས་པ་ཤེས་རབ་སོགས་བླ་མ་མང་པོ་བསྟེན་ཏེ་གསང་སྔགས་གསར་རྙིང་དང་བཀའ་གདམས་པའི་ཆོས་སྐོར་ལའང་སྦྱངས་ཏེ་མཁྱེན་རྒྱ་ཧ་ཅང་ཆེ་བ་བྱུང་།
སྨན་དཔྱད་དང་། གསང་སྔགས་གསར་རྙིང་གི་ཆོ་ག་སོགས་ཀྱི་སྒོ་ནས་འགྲོ་དོན་རྒྱ་ཆེར་མཛད། ཁོང་སྨན་དཔྱད་ལ་ཧ་ཅང་མཁས་པས་དྭགས་པོ་ལྷ་རྗེ་ཞེས་པའི་མཚན་ཆགས། མཉམ་མེད་དྭགས་པོ་ལྷ་རྗེ་ས་ཕྱོགས་གང་དུ་བྱོན་པའི་ས་དེར་མི་ནད་དང་ཕྱུགས་ནད་མང་པོའི་རྒྱུན་ཆད་འགྲོ་བར་གྲགས་པ་དང་། དྭགས་སྨན་བཅོ་ལྔ་ཞེས་གྲགས་པ་དེའང་ཁོང་གིས་གསར་བཟོ་མཛད་པ་ཡིན།
དགུང་ལོ་བཅུ་དྲུག་ལ་ཕེབས་པའི་དུས་སུ་རབ་ཏུ་འབྱུང་བར་བཞེད་ཀྱང་ཡབ་ཡུམ་ཀྱིས་མ་གནང་བར་ཁྱིམ་ཐབ་བསུས་པས་སྲས་གཅིག་དང་སྲས་མོ་གཅིག་འཁྲུངས། དགུང་ལོ་ཉེར་ལྔའི་སྐབས་ཡུལ་དེར་འབྲུམ་ནག་གི་ནད་ཡམས་ཁྱབ་སྟེ་སྔ་ཕྱིར་སྲས་སྲས་མོ་གཉིས་ལས་གཅིག་འདས་ཏེ་ཕུང་པོ་དུར་འཇུག་གྲུབ་ཙམ་ན་ཡང་ཅིག་ཤོས་དེའང་གྲོངས།
དེ་ནས་ཡང་མི་རིང་བར་ཆུང་མ་དེའང་ནད་ཀྱིས་མནར་ཏེ་སྨན་དང་རིམ་གྲོ་སོགས་ཀྱིས་བཅོས་ཐབས་ཅི་ཙམ་མཛད་ཀྱང་མཐར་ཡིད་སྐྱོ་བའི་གཏམ་མང་པོ་དང་བཅས་ཚེ་ལས་འདས། དེ་ལྟར་སྡུག་བསྔལ་ཚད་མེད་པས་མནར་བས་འཁོར་བ་མཐའ་དག་ལ་་སྙིང་པོ་མེད་པར་གཟིགས་ཤིང་ཚེ་བློས་བཏང་གིས་ཆོས་རྣམ་དག་ཅིག་བསྒྲུབ་རྒྱུའི་ཐུགས་དམ་བཅས། བཀའ་གདམས་པའི་དགེ་བའི་བཤེས་གཉེན་མར་ཡུལ་བ་དགེ་བཤེས་བློ་ལྡན་ཤེས་རབ་མཇལ་ཏེ་དགུང་གྲངས་ཉེར་དྲུག་སྟེང་རབ་བྱུང་དང་བསྙེན་རྫོགས་དུས་གཅིག་ཏུ་བསྒྲུབས་ནས་མཚན་ལ་དགེ་སློང་བསོད་ནམས་རིན་ཆེན་དུ་གསོལ། སྙུག་རུམ་པ་བརྩོན་འགྲུས་རྒྱལ་མཚན། ལྕགས་རི་གོང་ཁ་བ་བྱང་ཆུབ་དཔལ། དགེ་བཤེས་རྒྱ་ཡོན་བདག་སོགས་བཀའ་གདམས་པའི་དགེ་བའི་བཤེས་གཉེན་མང་པོའི་དྲུང་ནས་མཉམ་མེད་ཇོ་བོ་ཆེན་པོ་ནས་བརྒྱུད་པའི་བཀའ་གདམས་པའི་ཆོས་སྐོར་ལ་གསན་སྦྱོང་རྒྱ་ཆེར་མཛད།
དེ་ནས་སླར་རང་ཡུལ་དུ་འཁོར་ཏེ་སྒྲུབ་ཁང་བརྩིགས་ནས་སྒོམ་སྒྲུབ་མཛད། སློང་མོ་བ་འགས་མི་ལ་རས་པའི་བསྔགས་པ་བརྗོད་པ་ཞིག་གོ་བས་མི་ལ་རས་པའི་མཚན་ཐོས་པ་ཙམ་གྱིས་ལུས་ཀྱི་བ་སྤུ་ལྡང་ཞིང་མིག་ནས་མཆི་མ་འཁྲུག་པའི་དགའ་དད་དཔག་ཏུ་མེད་པ་སྐྱེས་ཏེ་ཤིན་ཏུ་མཇལ་སྙིང་འདོད་པ་ཞིག་བྱུང་།
རང་ཡུལ་གྱི་ཞིང་སོགས་གསེར་དུ་བསྒྱུར་ནས་མི་ལ་རས་པ་གང་དུ་བཞུགས་མིན་རྩད་གཅོད་ཀྱིན་ཕྱིན་པས་ལམ་བར་དུ་ཟས་སྐོམ་མ་རྙེད་པ་དང་ནད་ཀྱིས་མནར་བ་སོགས་དཀའ་བ་མང་དུ་སྤྱད་དགོས་པ་བྱུང་། མཐར་དགུང་ལོ་སོ་གཅིག་སྟེང་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་རྗེ་བཙུན་མི་ལ་རས་པ་མཇལ་ཞིང་དེ་ནས་བཟུང་ལོ་བཅུ་གཉིས་ཙམ་ལ་ཉིན་མཚན་ཀུན་ཏུ་འབྲལ་བ་མེད་པར་རྗེ་བཙུན་གྱི་ཕྱག་ཕྱིར་འབྲངས་ནས་བླ་མའི་ཐུགས་ལ་བཞུགས་པའི་ཟབ་ཆོས་མ་ལུས་པ་བུམ་པ་གང་བྱོའི་ཚུལ་ཞུས། དཀའ་སྤྱད་སྙིང་རུས་ཆེན་པོས་བསྒོམས་ཏེ་ཉམས་རྟོགས་ཅི་བྱུང་བླ་མ་ལ་ཞུ་བཞིན་སྒོམ་བཞིན་སྒྲུབ་པ་མཐར་ཕྱིན་པ་མཛད་པས་རིང་པོར་མ་ཐོགས་པར་ཉམས་རྟོགས་ཁྱད་པར་ཅན་དུ་མས་ཐུགས་རྒྱུད་གང་བ་བྱུང་སྟེ་རྗེ་བཙུན་མི་ལའི་ཐུགས་སྲས་གཙོ་བོ་ཞིག་ཏུ་གྱུར།
རྗེ་བཙུན་མི་ལ་རས་པའི་བཀའ་ལུང་ལྟར་དགུང་ལོ་བཞི་བཅུ་ཞེ་གསུམ་སྟེང་དབུས་ཕྱོགས་སུ་ཕེབས་ཏེ་སྔར་གྱི་བཀའ་གདམས་པའི་བླ་མ་རྣམས་དང་མཇལ་ཞིང་སྔར་མ་ཞུས་པའི་ཆོས་མང་པོ་ཞུས་ཤིང་ཆོས་ཀྱི་བགྲོ་གླེང་མང་དུ་མཛད། དེ་ནས་གཉལ་སེ་བ་ལུང་དུ་བྱོན་ནས་ལོ་དྲུག་ཙམ་སྒོམ་སྒྲུབ་མཛད། དེ་ནས་གནས་ངེས་མེད་དུ་སྒོམ་སྒྲུབ་མཛད་ཀྱིན་སློབ་མ་མང་དུ་བསྐྱངས། བླ་མ་རྗེ་བཙུན་མི་ལའི་ལུང་བསྟན་ལྟར་སྐུ་ཚེའི་སྨད་དུ་དྭགས་ལྷ་སྒམ་པོར་བྱོན་ནས་དགོན་པ་བཏབ་ཅིང་འགྲོ་དོན་རྒྱ་ཆེར་མཛད་པས་སྒམ་པོ་ཚུལ་ཁྲིམས་སྙིང་པོ། ཁམས་སྟོན་ཕག་མོ་གྲུ་པ། ཀརྨ་པ་དུས་གསུམ་མཁྱེན་པ། འབའ་རོམ་པ་དར་མ་དབང་ཕྱུག །ཞང་འགྲོ་བའི་མགོན་པོ་སོགས་སློབ་མ་མཁས་པ་མང་པོ་བྱུང་། མཉམ་མེད་དྭགས་པོ་བཀའ་བརྒྱུད་ཅེས་མཚན་སྙན་ས་སྟེང་ལ་ཁྱབ་པའི་ཆོས་བརྒྱུད་འདི་ཡང་དུས་དེ་ནས་དབུ་ཚུགས། དུས་དེང་སང་གི་བར་དུ་བོད་དང་སོག་པོ། རྒྱ་བལ་འབྲུག་གསུམ་ཕྱི་རྒྱལ་ཡུལ་ལུང་སྣ་ཚོགས་སུ་དར་ཞིང་རྒྱས་པ་འདི་ཡང་མཉམ་མེད་དྭགས་པོ་ལྷ་རྗེའི་མཛད་རྗེས་ཡིན། མཐར་དགུང་གྲངས་བདུན་ཅུ་དོན་ལྔ་བཞེས་པ་རབ་བྱུང་གསུམ་པའི་ཆུ་མོ་བྱ་ཕྱི་ལོ་༡༡༥༣ ཟླ་བ་དྲུག་པའི་ཚེས་བཅོ་ལྔ་ལ་མྱ་ངན་ལས་འདའ་བའི་ཚུལ་བསྟན།
སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས། ༢༠༢༣ ཟླ་ ༡༢ ཚེས་ ༡༦ ལ། [དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་བྱ་དགོས་ཚེ་རྩོམ་ཁུངས་དང་སྦྲེལ་སྣེ་མཉམ་སྦྱར་བྱེད་དགོས།]

ཤོག་ངོས་འདི་ལ་ཐེངས་ 435 གཟིགས་འདུག མཐའ་མའི་བསྐྱར་བཅོས། 2024 ལོའི་ཟླ་བ། Jul ཚེས། 29 རེས་གཟའ། Mon
རིག་མཛོད་རྩོམ་སྒྲིག་པ།

དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག་སྟབས་བདེའི་རང་བཞིན་ཅན་གྱི་གློག་ཀླད་དང་ལག་ཐོག་ཁ་པར་ཆེ་ཆུང་(Laptop, iPad, iPod iPhone & Android) གང་ཡིན་ཐོག་ཏུ་རང་རང་གི་ཐུགས་འདོད་ལྟར་ཕབ་ལེན་དང་གསན་གཟིགས་གནང་རོགས། 

དྲ་ཚིགས།: www.serajeyrigzodchenmo.org  ཡིག་འབྲེལ་དྲ་བྱང་། serajeyrigzodchenmo@gmail.com