- མདུན་ངོས།
- ཚོམས།
ཚོམས། (75)
སློབ་དཔོན་ཡོན་ཏན་འོད་ནི།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།དེ་ཡང་རྒྱ་ཆེར་འགྲེལ་ལས། འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་འདུལ་བ་འཛིན་པ་ཆེན་པོ། བྲམ་ཟེའི་སློབ་དཔོན་བཙུན་པ་ཡོན་ཏན་འོད། བདག་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོའི་ཕ་རོལ་ཏུ་སོན་པ། བདེ་བར་གཤེགས་པའི་ཆོས་འདུལ་བ་བདུད་རྩིའི་ཉིང་ཁུས་ཤེས་རབ་ཀྱི་དབང་པོ་རྒྱས་པ་དེ་བཞིན་གཤེགས་པའི་བཀའ་དམ་པ་ནན་ཏན་སྙིང་པོར་བསྒྲུབ་པ། ཞེས་ཆེ་བརྗོད་འབྱུང་བའི་སློབ་དཔོན་དེ་ཉིད་ནི། ཡུལ་བཅོམ་བརླག་ཏུ་བྲམ་ཟེའི་རིགས་སུ་འཁྲུངས།
ཆུང་དུས་མུ་སྟེགས་ཀྱི་གྲུབ་མཐའ་དང་རིག་གནས་རྣམས་ལ་མཁས་པར་སྦྱངས། ཕྱིས་སུ་ཡུལ་དེར་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ནས་མཁས་མཆོག་དབྱིག་གཉེན་གྱི་དྲུང་དུ་ཕེབས་ཏེ་སྡེ་སྣོད་གསུམ་ལ་སྦྱངས་ཤིང་ཐེག་པ་ཆེན་པོའི་ལམ་གྱི་རིམ་པ་གསན་ནས་ཐེག་ཆེན་གྱི་མདོ་སྡེ་མཐའ་དག་ལ་སྦྱངས། ཉན་ཐོས་སྡེ་པ་བཅོ་བརྒྱད་པོ་སོ་སོའི་ལུགས་མ་འདྲེས་པར་མཁྱེན་ཅིང་འདུལ་བ་འབུམ་སྡེ་ཐུགས་ལ་བཟུང་སྟེ་རྒྱུན་དུ་ཁ་ཏོན་དུ་མཛད། དེ་ལྟར་ཀློག་པ་ཐོས་བསམ་དང་སྤོང་བ་བསམ་གཏན་ལ་བརྩོན་པར་མཛད་པས་རང་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོ་ལྟ་བུའི་ཕ་རོལ་ཏུ་སོན་ཞིང་གཟུངས་དང༌། སྤོབས་པ་དང༌། མངོན་པར་ཤེས་པ་སོགས་ཐུགས་ལ་འཁྲུངས་པར་བཤད།
ཡུལ་བཅོམ་བརླག་གི་གཙུག་ལག་ཁང་ཨ་གྲ་པུ་རི་ཞེས་བྱ་བར་བཞུགས་ཏེ། ལྷན་ཅིག་གནས་པའི་སློབ་མ་དགེ་སློང་སྟོང་ཕྲག་ལྔ་རེ་ཙམ་ཡོད་ཅིང་། ཐམས་ཅད་ཀྱང་བསྡམ་བྱའི་ཉེས་བྱས་ཕྲ་མོ་ཚུན་ཆད་སོ་སོའི་ཕྱིར་བཅོས་ཀྱིས་འཕྲལ་འཕྲལ་དུ་བཅོས་པས་ཚུལ་ཁྲིམས་རྣམ་པར་དག་པ་ནི་སྔོན་དགྲ་བཅོམ་པ་རྣམས་ཀྱིས་བསྟན་པ་སྐྱོང་བའི་དུས་བཞིན་ཡོད་པར་མཁས་པ་རྣམས་ལ་གྲགས་སོ། །མདོ་སྡེ་འཛིན་པ་དང༌། མ་མོ་འཛིན་པའང་མང་དུ་ཡོད་ཅིང༌། འདུལ་བ་འབུམ་སྡེ་ཐོན་པའང་ལྔ་བརྒྱ་ཙམ་མོ་ཞེས་ཀྱང་གྲགས།
ཚུལ་ཁྲིམས་རྣམ་པར་དག་པའི་སྟོབས་ཀྱིས་རྒྱལ་པོ་ཤྲཱི་ཧརྴའི་བློན་པོ་མ་ཏངྒ་རཱ་ཛ་ཞེས་བྱ་བ་ལན་ཅིག་རྒྱལ་པོའི་ཆད་པས་མིག་ཕྱུང་བ་ཡང་སློབ་དཔོན་གྱི་སྨོན་ལམ་གྱི་སྟོབས་ཀྱིས་སོར་ཆུད། རྒྱལ་པོའི་བླ་མར་གྱུར་པས་ཉིན་རེ་བཞིན་ཡོ་བྱད་དཔག་ཏུ་མེད་པའི་འདུ་བ་བྱུང་ན་ཡང་དེ་མ་ཐག་ཐམས་ཅད་དགེ་བར་བསྒྱུར་ཏེ། རང་ཉིད་སྦྱངས་པའི་ཡོན་ཏན་ལས་ཉམས་པ་མི་མངའ་བ་ཞིག་གོ །
ཇོ་ནང་ཀུན་མཁྱེན་གྱི་རྒྱ་གར་ཆོས་འབྱུང་དུ། སློབ་དཔོན་ཆེན་པོ་དབྱིག་གཉེན་གྱི་སྐུ་ཚེའི་སྨད་ཙམ་གྱི་དུས་ན། རྒྱལ་པོ་ཟབ་མོའི་ཕྱོགས་འདས་པའི་འོག་ཏུ་ནུབ་ཕྱོགས་མ་རུའི་ཡུལ་དུ་སྐྱེས་པ་རྒྱལ་པོ་ཤྲཱི་ཧརྴ་ཞེས་བྱ་བ་ལས་ཀྱི་སྟོབས་ཤིན་ཏུ་ཆེ་བ་བྱུང་སྟེ་ནུབ་ཕྱོགས་ཀྱི་རྒྱལ་ཁམས་ཐམས་ཅད་ལ་དབང་བསྒྱུར། ཕྱིས་སངས་རྒྱས་ཀྱི་བསྟན་པ་ལ་དད་པ་ཐོབ་སྟེ་སློབ་དཔོན་ཡོན་ཏན་འོད་བླ་མར་བཀུར་བ་ཞིག་བྱུང༌། ཞེས་དང་། དེའི་ཚེ་ཤར་ཕྱོགས་སུ་སློབ་དཔོན་བློ་གྲོས་བརྟན་པ་དང༌། ཕྱོགས་ཀྱི་གླང་པོས་འགྲོ་དོན་མཛད། ནུབ་ཕྱོགས་སུ་འཕགས་པ་ཐོགས་མེད་ཀྱི་སློབ་མ་སངས་རྒྱས་འབངས་ཀྱི་སྐུ་ཚེའི་སྨད་ཀྱི་འགྲོ་དོན་དང༌། ཡོན་ཏན་འོད་ཀྱི་འགྲོ་དོན་དར་བའི་དུས་སོ། །ཞེས་དང་། ཆོས་ཀྱི་བཤེས་གཉེན་གྱི་ལོ་རྒྱུས་ཅུང་ཟད་ཙམ་ནི་གཞན་དུ་ཤེས་ལ། ཆོས་བཤེས་འདི་དང༌། འགྲེལ་ཆུང་དོན་གསལ་གྱི་འགྲེལ་བཤད་མཛད་མཁན་གྱི་ཆོས་བཤེས་གཅིག་པར་སྨྲ་ཞིང༌། དེ་ཉིད་ཡོན་ཏན་འོད་ཀྱི་དངོས་སློབ་ཏུ་འདོད་པ་ནི་འཁྱམས་པ་ལས་ཀྱང་ཆེས་འཁྱམས་པ་སྟེ། དེ་འདྲའི་ལུགས་ལྟར་ན། འཕགས་པ་རྣམ་གྲོལ་སྡེ་དང་སེང་གེ་བཟང་པོ་དུས་མཉམ་པར་བྱེད་དགོས་སོ། །ཞེས་དང་། ཡོན་ཏན་འོད་ཀྱི་སྐུ་ཚེའི་གཞུག་ཙམ་ན་རྒྱལ་པོ་ཤྲཱི་ཧརྴའི་བུ་རྒྱལ་པོ་ངང་ཚུལ་ཞེས་བྱ་བ་རྒྱལ་སར་ཐོན། ཤར་དུ་རྒྱལ་པོ་ལི་ཙ་བཱིའི་རིགས་ལས་བྱུང་བ་སེང་གེ་ཞེས་བྱ་བ་མངའ་ཐང་ཆེན་པོ་ཞིག་བྱུང༌། དེའི་དུས་སློབ་དཔོན་ཙནྡྲ་གོ་མཱི་འཁྲུངས། ཞེས་དང་། འདི་སྐབས་ལེགས་ལྡན་དང༌། འཕགས་པ་གྲོལ་སྡེའི་སྐུ་ཚེའི་སྨད་ཀྱི་དུས་ཡིན། སློབ་དཔོན་ཉི་མ་སྦས་པ་དང༌། གྲོལ་སྡེའི་སློབ་མ་མཆོག་སྡེ་དང༌། སངས་རྒྱས་བསྐྱངས་ཀྱི་སློབ་མ་ཀ་མ་ལ་བུདྡྷིའི་སྐུ་ཚེའི་སྨད་དང༌། ཡོན་ཏན་འོད་ཀྱི་སློབ་མ་འཕགས་པ་ཟླ་བའི་ནོར་བུ་དང༌། ན་ལེནྡྲའི་མཁན་པོ་རྒྱལ་བའི་ལྷ་རྣམས་དུས་མཚུངས་སུ་བྱུང་ཞིང༌། ལྷོ་ཕྱོགས་སུ་སློབ་དཔོན་ཟླ་བ་གྲགས་པའང་བྱོན། སློབ་དཔོན་ཆོས་སྐྱོང་དང༌། སློབ་དཔོན་ཞི་བ་ལྷ་དང༌། གྲུབ་ཐོབ་བི་རཱུ་པའི་སྐུ་ཚེའི་སྟོད་ཀྱི་དུས་ཙམ་མོ། །ཞེས་ཀྱང་འབྱུང་ངོ་། །
རྒྱའི་བཙུན་པ་ཐང་སན་གྱི་ལམ་ཡིག་ཏུ། པ་བྷ་ཏའི་གྲོང་ཁྱེར་གྱི་མཐའ་ལོགས་སུ་གཙུག་ལག་ཁང་ཆེན་པོ་ཞིག་ཡོད་པ་ནི། ཚད་མ་མཁན་པོ་ཛི་ན་སུ་ཏྲ་སྟེ་རྒྱལ་བའི་བུ་ཞེས་བྱ་བས་ས་སྡེའི་འགྲེལ་པ་མཛད་པའི་གནས་དང་། ཚད་མ་མཁས་པ་བཟང་འོད་དང་ཡོན་ཏན་འོད་རབ་ཏུ་བྱུང་བའི་གནས་སོ། །ཞེས་འབྱུང་ཞིང་། ལམ་ཡིག་དེར་ལོ་རྒྱུས་གཞན་ཞིག་འབྱུང་བ་ནི། གྲོང་ཁྱེར་དེའི་ལྷོ་ཕྱོགས་སུ་རྒྱང་གྲགས་བཞི་ལྔ་ཙམ་གྱི་སར་གཙུག་ལག་ཁང་ཆུང་ངུ་ཞིག་ཡོད་པར་དགེ་འདུན་ལྔ་བཅུ་ལྷག་ཙམ་གནས་སོ། །འདི་ནི་སྔོན་སློབ་དཔོན་གུ་ན་པྲ་བྷ་སྟེ་ཡོན་ཏན་འོད་ཅེས་བྱ་བས་ཡང་དག་པའི་རྣམ་དབྱེ་ཟེར་བའི་བསྟན་བཅོས་པོ་ཏི་བརྒྱ་ལྷག་མཛད་པའི་གནས་སོ། །སློབ་དཔོན་དེ་ནི་ཆུང་ངུ་ནས་རིག་པ་གསལ་ཞིང་དབང་པོ་རྣོ་བ་ཞིག་སྟེ། སྐུ་ན་སྨིན་པ་དང་བསླབ་སྦྱང་ལ་རྩལ་ཐོན་པ་ཞིག་ཡིན་ཀྱང་། རྣམ་དཔྱོད་ཚད་དུ་མ་འཁྱོལ་བས་ལྷག་མཐོག་གི་སྐོར་ལ་ཐེ་ཚོམ་ཟ་སྟེ་སླར་ཐེག་དམན་དུ་ལོག་པ། དེས་ཐེག་ཆེན་སུན་འབྱིན་པའི་བསྟན་བཅོས་གླེགས་བམ་བཅུ་ཕྲག་དུ་མ་དང་། འཇིག་རྟེན་པའི་ལུགས་ཀྱི་བསྟན་བཅོས་ཀྱང་བཅུ་ཕྲག་དུ་མ་མཛད་ཀྱང་མ་ཚིམས་པར་ཐེ་ཚོམ་ཟོས་པས། དེ་དུས་དེ་བ་སེ་ན་སྟེ་ལྷའི་སྡེ་ཞེས་བྱ་བའི་སློབ་དཔོན་གྱིས་རྗེ་བཙུན་བྱམས་པ་བསྒྲུབས་པས་འགྲུབ་སྟེ། དགའ་ལྡན་དུ་འགྲོ་འོང་བྱེད་པ། དགོས་པ་ཞིག་ལ་ཡོན་ཏན་འོད་གྲོགས་སུ་སྦྲན་ཏེ་ལྷན་དུ་དགའ་ལྡན་དུ་ཕྱིན་ཏེ་ཡོན་ཏན་འོད་བྱམས་མགོན་ལ་ཕྱག་མ་འཚལ་བར་འདུད་ཙམ་བྱས་པས། ལྷའི་སྡེས་སྨྲས་པ། མ་ཕམ་པ་འདི་ནི་སྟོན་པའི་རྗེས་སུ་རྒྱལ་ཚབ་མཛད་པས་ཕྱག་འཚལ་བར་འོས་ཤིང་འདུད་ཙམ་མི་འོས་ཞེས་སྨྲས་པ་ལ། ཚུར་ལན་དུ་སྨྲས་པ། བཞིན་བཟང་འཁྲུལ་ལམ། ཁོ་བོ་རབ་ཏུ་བྱུང་བ་ཆོས་གོས་གསུམ་ལྡན་ལགས་ཏེ། མ་ཕམ་པ་འདོད་ལྷའི་ཆ་ལུགས་ཅན་ལ་ཕྱག་ཇི་ལྟར་འཚལ་ཟེར་བས། ལྷའི་སྡེས་དེའི་ང་རྒྱལ་ཞེ་ལོག་དེ་ལྟར་ལན་གསུམ་བསྐྱར་ཏེ་དགའ་ལྡན་དུ་འགྲོ་འོང་བྱས་ཐེ་ཚོམ་སེལ་མ་ནུས་པས་ཚེ་དེ་ལ་གྲོལ་བ་མ་ཐོབ་ཟེར་རོ། །ཞེས་པ་འདི་ཁ་ཤས་ཀྱིས་སློབ་དཔོན་འདིའི་ལོ་རྒྱུས་ལ་བཤད་ཀྱང་དཔྱད་དོ། །
ཡང་ལམ་ཡིག་དེར་སྟོན་པ་ཀུ་ཤའི་གྲོང་ཁྱེར་དུ་གཤེགས་ཁར་འཛེགས་ཏེ་ཡུལ་མ་ག་དྷ་ལ་ཕྱི་སྤྱན་གཟིགས་པའི་གནས་རི་དེའི་གཡས་ལོགས་ན་ཡོན་ཏན་འོད་རང་གིས་བཞེངས་པའི་གཙུག་ལག་ཁང་ཡོད་པར་ཡང་བཤད་དོ། །
གཞན་ཡང་སློབ་དཔོན་འདིས་འདུལ་བའི་ལས་བརྒྱ་རྩ་གཅིག་གི་ཆོ་ག་ཀརྨ་ཤ་ཏམ་དུ་གྲགས་པ་མཛད་དེ། ད་ལྟ་རྒྱལ་བའི་བསྟན་པ་ལ་ཞུགས་ནས་དགེ་བསྙེན་དང༌། བར་མ་རབ་བྱུང་དང༌། ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་དང༌། བསླབ་གཞི་ཡོངས་སུ་རྫོགས་པ་དགེ་སློང་གི་སྡོམ་པ་ལེན་པའི་ཆོ་ག་དང་གཞི་གསུམ་གྱི་ཆོ་ག་སོགས་འདུལ་བའི་ལས་ཀྱི་ཆོ་ག་རྣམས་བདག་ཉིད་ཆེན་པོ་འདི་ཁོ་ནའི་བཀའ་དྲིན་ལས་བྱུང་བས་བསྟན་པ་འདི་ལ་བཀའ་དྲིན་མཚུངས་པ་མེད་པ་ཞིག་གོ །སྐབས་དེར་སློབ་དཔོན་ཡོན་ཏན་འོད་ཀྱི་སྦྱིན་བདག །རྒྱལ་པོ་ཤྲཱི་ཧར་ཤས་ཆོས་ཀྱི་གྲགས་པ་ལ་ད་ལྟ་སུ་མཁས་དྲིས་པས། མཁས་པར་རྒྱལ་པོས་བྱས་པ་ཡི། །བཙུན་པ་ཡོན་ཏན་འོད་ཀྱང་སྟེ། །ཅེས་སོགས་ཀྱང་གསུངས་སྐད་དོ། །བུ་སྟོན་ཆོས་འབྱུང་དུ། སློབ་དཔོན་དེ་ཁ་ཅིག་ཉེར་སྦས་ཀྱི་སློབ་མར་འདོད། ཁ་ཅིག་ལེགས་མཐོང་གི་སློབ་མར་འདོད་དེ། དུས་མི་གཅིག་པས་ནོར་བར་རིག་པར་བྱའོ། །སྟོད་འདུལ་བ་དག་ལེགས་མཐོང་གིས་ཕྱིར་མི་འོང་ལ། དེས་གློས་མི་འབེབས་ལ། དེས་ཡོན་ཏན་འོད་ལ་བཤད་ཟེར་ཏེ། བརྟག་དགོས་སོ། །ཞེས་ཀྱང་འབྱུང་།
མཐར་སློབ་དཔོན་རང་ཉིད་ཀྱི་འཁྲུངས་ཡུལ་དུ་མྱ་ངན་ལས་འདས་ཤིང་། དགུང་ལོ་བཞི་བརྒྱ་བཞུགས་པར་གྲགས་སོ། །སློབ་དཔོན་འདིས་མཛད་པའི་བསྟན་བཅོས་མང་དུ་ཡོད་པར་བཤད་ཀྱང་བོད་འགྱུར་གྱི་ནང་ནས་གྲགས་ཆེ་བ་ནི་བྱང་སའི་སྦྱིན་པའི་རིམ་པར་ཕྱེ་བ་དགུ་པ་ཡན་གྱི་འགྲེལ་པ་དང་། བྱང་སའི་ཚུལ་ཁྲིམས་ལེའུའི་འགྲེལ་པ་འདི་གཉིས་ནག་ཚོ་ལོ་ཙཱ་བ་དང་། ཞང་ཡེ་ཤེས་སྡེ་གཉིས་སོ་སོས་བསྒྱུར་བ་བསྟན་འགྱུར་མདོ་ཕྱོགས་པོད་[ཡི]པར་ཡོད། འདུལ་མདོ་རྩ་བ་བམ་པོ་དགུ་པ་དང་། འདུལ་བའི་ལག་ལེན་ལས་བརྒྱ་རྩ་གཅིག་གི་ཆོ་ག་ཀརྨ་ཤ་ཏམ་དུ་གྲགས་པ་ཤླཽ་ཀ་སུམ་སྟོང་དྲུག་བརྒྱ་བམ་པོ་བཅུ་གཉིས་པ་བཅས་དུས་རབས་བརྒྱད་པའི་མཇུག་ཏུ་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་ཅོག་རོ་ཀླུའི་རྒྱལ་མཚན་གྱིས་བསྒྱུར་བ་དང་། འདུལ་བའི་མདོའི་འགྲེལ་པ་ཉིད་ཀྱི་རྣམ་བཤད་ག་རོང་ཚུལ་ཁྲིམས་འབྱུང་གནས་ཀྱིས་བསྒྱུར་བ་དག །བསྟན་འགྱུར་མདོ་ཕྱོགས་པོད་[ཟུ][འུ][ཡུ]གསུམ་དུ་ཡོད། ༼ཁ་ཅིག་ལས་བརྒྱ་རྩ་གཅིག་དུལ་བ་ལྷས་བྱས་པར་འདོད་དོ།།༽ འདུལ་བའི་མདོའི་འགྲེལ་ཆུང་སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པར་གྲགས་པ་དེ་ཐེ་ཚོམ་གྱི་གཞི་ཡིན་ཞེས་བུ་སྟོན་ཆོས་འབྱུང་དུ་གསལ།
སློབ་དཔོན་གྱི་སྦྱིན་བདག་རྒྱལ་པོ་ཧརྴའི་སྐོར་ལ། ཇོ་ནང་ཀུན་མཁྱེན་གྱི་རྒྱ་གར་ཆོས་འབྱུང་ལས་ཅུང་ཟད་འབྱུང་ལ། དགེ་ཆོས་ཀྱི་གཏམ་རྒྱུད་གསེར་ཐང་དུ། ཧརྴའི་ཁྲི་ལོ་ཉེར་ལྔ་པ་ལ་དགོངས་འགྲེལ་འགྲེལ་ཆེན་རྩོམ་པ་པོ་རྒྱའི་བཙུན་པ་ཝེན་ཚག་རྒྱ་གར་དུ་བྱོན་པ་དང་རྒྱལ་པོ་འདིས་སྤྱན་དྲངས་པར་བཤད་ལ། རྒྱལ་པོ་ཧརྴའི་ཁྲི་ལོ་ཉེར་གཉིས་པའི་སྐབས་རྒྱལ་པོ་སྲོང་བཙན་སྒམ་པོ་འཁྲུངས་པ་དང་། རྒྱལ་པོ་འདི་སྲོང་བཙན་དང་དུས་མཉམ་པར་བཤད་ཅིང་། དེར་རྒྱ་རྒྱལ་ཐང་ཐེ་ཙུང་གིས་འབུལ་རྟེན་བཅས་ཕོ་ཉ་མངགས་ཀྱང་ཧརྴ་ཁྲི་བཟུང་སྟེ་ལོ་བཞི་བཅུ་སོང་ཙམ་ལ་གྲོངས་ཟིན་ཞིང་། ཧརྴའི་ཤུལ་འཛིན་མེད་པའི་རྐྱེན་གྱིས་བློན་པོ་སྲིད་སྒྲུབ་བྱ་བ་ཞིག་གིས་རྒྱལ་སྲིད་བཟུང་བར་བཤད་ནའང་། ཇོ་ནང་ཀུན་མཁྱེན་གྱི་ཆོས་འབྱུང་དུ་རྒྱལ་པོ་ཤྲཱི་ཧརྴའི་བུ་རྒྱལ་པོ་ངང་ཚུལ་ཞེས་བྱ་བ་རྒྱལ་སར་ཐོན། ཞེས་འབྱུང་ན་དཔྱད་དོ། །རྒྱ་རྒྱལ་གྱི་ཕོ་ཉ་རྣམས་བཅོམ་པ་དང་དེ་དག་གིས་བོད་རྒྱལ་ལ་སྐྱབས་བཅོལ་བ་ལས་སྲོང་བཙན་སྒམ་པོས་རྒྱ་གར་དུ་དམག་བརྒྱབ་པ་སོགས་ཀྱི་ལོ་རྒྱུས་ཀྱང་སྣང་ངོ་། །རྒྱལ་པོ་འདིའི་སྐོར་གཏམ་རྒྱུད་གསེར་ཐང་དུ་མང་དུ་འབྱུང་ངོ་། །
སློབ་དཔོན་འདིའི་འཁྲུངས་འདས་ཀྱི་ལོ་ཚིགས་གསལ་པོ་ཞིག་མ་རྙེད་མོད། འདིས་སློབ་དཔོན་དབྱིག་གཉེན་གྱི་ཞབས་ལ་གཏུགས་ཤིང་དབྱིག་གཉེན་དུས་རབས་ལྔ་པ་ཙམ་ན་བྱུང་བར་བཤད་པ་དང་། ལོ་རྒྱུས་རྣམས་སུ་སློབ་དཔོན་འདིའི་སྦྱིན་བདག་རྒྱལ་པོ་ཤྲཱི་ཧར་ཤ་ཕྱི་ལོ་ལྔ་བརྒྱ་དགུ་བཅུར་འཁྲུངས་ཤིང་དྲུག་བརྒྱ་དྲུག་ལོར་སྲིད་བཟུང་བ་དང་། དྲུག་བརྒྱ་ཞེ་བརྒྱད་ལོར་འདས་པར་བཤད་པ་དང་། སློབ་དཔོན་གྱི་སྐུ་ཚེའི་གཞུག་ཙམ་ན་རྒྱལ་པོ་ཤྲཱི་ཧརྴའི་བུ་རྒྱལ་པོ་ངང་ཚུལ་ཞེས་བྱ་བ་རྒྱལ་སར་ཐོན་པར་བཤད་པ་ལྟར་ན། དུས་རབས་དྲུག་བདུན་ནང་ལ་བྱོན་པར་གསལ་ལོ། །
དཔེ་ཆ་མང་པོའི་ནང་དུ་མཆོག་གཉིས་ཀྱི་ཡ་གྱལ་སློབ་དཔོན་ཤཱཀྱ་འོད་སློབ་དཔོན་ཡོན་ཏན་འོད་ཀྱི་སློབ་མར་བཤད་ཀྱང་། བུ་སྟོན་ཆོས་འབྱུང་དུ། དེའི་སློབ་མ་ཤཱཀྱ་འོད་ཡིན་ཟེར་བ། མི་བདེན་ཏེ། འོད་ལྡན་ལས། བདག་གི་མཁན་པོ་མ་ག་དྷར་གནས་རྒྱན་དུ་གྱུར་པ་གྲགས་ཐོབ་པ། །བསོད་ནམས་གྲགས་པ་ལས་ནི་བདག་གིས་མཉན་ནས་རང་གི་འདུལ་བའི་ཆོ་ག་ཡི། །རྣམ་པར་བཤད་འདི་གསུམ་རིག་རྣམས་ཀྱིས་བཤད་པའི་ཕྱོགས་ཀྱི་གཞི་མཛད་བསྟན་པ་ཡིན། །ཞེས་པ་དང་། གཞན་ཡང་། བླ་མ་དག་ནི་རིང་ན་བཞུགས་པ་གྲགས་པས་རྣམ་པར་ཁྱབ་པ་ཞི་བའི་འོད་ཀྱིས་བདག །དྲན་པས་དགོངས་པ་མཛད་པར་གྱུར་ཅིག་སྙམ་ནས་བདག་གིས་འགྲེལ་པ་དོན་གསལ་བྱས་པ་ཡིན། །ཞེས་བསོད་ནམས་གྲགས་དང་། ཞི་བ་འོད་ཀྱི་སློབ་མར་བཤད་དོ། །དེའི་སློབ་མ་ཤཱཀྱ་བཤེས་གཉེན་ཡིན་པར་སུམ་བརྒྱ་པར་བཤད་དོ། །ཤཱཀྱ་འོད་ཀྱིས་སུམ་བརྒྱ་པ་དང་དེའི་འགྲེལ་པ་འོད་ལྡན་མཛད་དོ། །འདུལ་བའི་མདོ་ལ་ཆོས་ཀྱི་བཤེས་གཉེན་གྱིས་རྒྱ་ཆེར་འགྲེལ་མཛད་ཅིང་། དེ་ཡོན་ཏན་འོད་ཀྱི་སློབ་མར་ཁ་ཅིག་འདོད་དོ། །ཞེས་འབྱུང་ངོ་། །ཡང་ཁ་ཤས་ཀྱིས་སློབ་དཔོན་དབྱིག་གཉེན་གྱི་སློབ་མ་འདུལ་བ་རང་ལས་མཁས་པ་ལ་སློབ་དཔོན་ཤཱཀྱ་འོད་བགྲངས་པའང་ཡོད་དོ། །ཡོན་ཏན་འོད་ཀྱི་སློབ་མ་ལ་མངོན་པ་བ་ཡོན་ཏན་བློ་གྲོས་ཞེས་པ་ཞིག་ཀྱང་བྱུང་ངོ་། །
༢༠༡༧.༡༡.༡༧ སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས་བཏུས་བསྒྲིགས་བྱས།
དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་བྱ་དགོས་ཚེ་རྩོམ་ཁུངས་ཁ་གསལ་འགོད་དགོས།
དེ་ལས་མང་བ།...
རོང་སྟོན་པཎ་ཆེན་ཤཱཀྱ་རྒྱལ་མཚན།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།རོང་སྟོན་ཤཱཀྱ་རྒྱལ་མཚན། དཔལ་ས་སྐྱའི་བསྟན་འཛིན་ཀུན་མཁྱེན་གཡང་རོང་གཉིས་ཞེས་པའི་ནང་ཚན་ཡིན་ཞིང་། ཤར་རྒྱལ་མོ་རོང་དུ་རུས་ཆེན་རྒའི་རིགས་སུ་ཡབ་བོན་པོ་གེ་གོད་རྒྱལ་པོ་དང་། ཡུམ་རྒྱ་གར་སྨན་ཞེས་བྱ་བའི་སྲས་སུ་རབ་བྱུང་དྲུག་པའི་མེ་ལུག་ ༡༣༦༧ ལོར་སྐུ་འཁྲུངས། ཡབ་ཀྱི་ཆོས་ལུགས་ལ་སྦྱངས་ཤིང་དྲང་སྲོང་གི་བརྟུལ་ཞུགས་ལེན་དུ་བཅུག་སྟེ། མཚན་ཤེས་རབ་འོད་ཟེར་ཞེས་བཏགས་ཤིང་། ལུགས་དེ་ལ་བརྟེན་པའི་མཛད་པའང་དུ་མ་བསྐྱངས།
དགུང་ལོ་བཅོ་བརྒྱད་པ་ལ་དབུས་གཙང་དུ་བྱོན་ཏེ་གསང་ཕུ་ནེའུ་ཐོག་གི་ཆོས་གྲྭར་སྒྲིག་ཞུགས་གནང་ཞིང་། གླིང་སྟོད་ཀྱི་གདན་ས་བ་རིན་ཆེན་རྣམ་རྒྱལ་གྱི་དྲུང་ནས་བྱང་ས་ནས་གསུངས་པའི་ཆོ་གས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཡང་དག་པར་བཟུང་བ་དང་། རྔོག་ལོ་ནས་བརྒྱུད་པའི་རྒྱ་ཆེན་སྤྱོད་པའི་ཕྱོགས་ཀྱི་ཆོས་མང་པོ་གསན། ཀོང་སྟོན་བློ་གྲོས་དབང་ཕྱུག་གི་དྲུང་དུ། མངོན་པར་རྟོགས་པའི་རྒྱན་འགྲེལ་པ་དང་བཅས་པ་དང་། ཚད་མ་རྣམ་ངེས། རིགས་ཐིག་ལ་སོགས་རྔོག་ལོ་ནས་བརྒྱུད་པའི་ཕར་ཚད་བསྡུས་གསུམ་དང་། དབུ་མ་རང་རྒྱུད་ཀྱི་བཤད་སྲོལ་རྔོག་ལོ་ནས་བརྒྱུད་པ་མང་དུ་གསན།
དགུང་ལོ་ཉེར་གཉིས་པ་ལ་ཚད་མ་རྣམ་ངེས་ཀྱི་ཊཱི་ཀ་མཛད་ཅིང་། རྔོག་ལོ་ཆེན་པོའི་གདན་སར་སློབ་དཔོན་བློ་གྲོས་ཆོས་སྐྱོང་ལ་སོགས་པ་ཤེས་རབ་ཅན་ལྔ་ལ་ཚད་མ་རྣམ་ངེས་གསུངས་པ་ནས་བརྩམས་ཏེ་མྱ་ངན་ལས་འདས་པའི་བར་ཉིན་རེ་ལ་ཐ་ན་སློབ་མ་གཅིག་ཙམ་ལ་ཡང་གཙུག་ལག་གི་ཚིགས་སུ་བཅད་པ་གཅིག་ཡན་ཆད་ཀྱི་ཆོས་སྦྱིན་མཛད་པར་དམ་བཅས་ཏེ། ལོ་དྲུག་ཅུ་རེ་གཉིས་ཀྱི་བར་དུ་དམ་པའི་ཆོས་ཀྱི་ཉན་བཤད་རྒྱུན་མ་ཆད་པར་མཛད་པས། སློབ་དཔོན་རོང་སྟོན་ཞེས་གྲགས། སྐབས་དེར་འཕན་ཡུལ་མཐོང་སྨོན་གྱི་གཙུག་ལག་ཁང་དུ། གྲོ་སའི་མཁན་པོ་ཆེན་པོ། མཁས་བཙུན་ཀུན་དགའ་རྒྱལ་པོས་རབ་ཏུ་བྱུང་བ་དང་། བསྙེན་པར་རྫོགས་པའི་མཁན་པོ་མཛད། དམར་སྟོན་པས་ལས་ཀྱི་སློབ་དཔོན་མཛད། དད་པའི་དགེ་འདུན་བཅུའི་དབུས་སུ་བསྙེན་པར་རྫོགས་པ་མཛད། མཚན་ཤཱཀྱ་རྒྱལ་མཚན་དཔལ་བཟང་པོར་གསོལ།
སྐྱོར་མོ་ལུང་གི་མཁན་ཆེན་དཀའ་བཞི་པ་དང་། འཕན་ཡུལ་གྲོ་སའི་མཁན་པོ་དམར་སྟོན་པའི་དྲུང་ནས་བྱ་འདུལ་བ་འཛིན་པའི་བཤད་སྲོལ་ལྟར་དང་། འདུལ་འཛིན་ཐོག་མ་ཀ་ཆེན་པའི་བཤད་སྲོལ་བཞིན་འདུལ་བ་མདོ་ལུང་རྒྱ་ཆེར་འགྲེལ་དང་། མངོན་པ་མཛོད་མཆིམས་ལུགས་ཀྱི་བཤད་སྲོལ་ནེའུ་པཎ་ཆེན་ལས་བརྒྱུད་པ། ཐང་ཟག་པ་སྤྲུལ་སྐུ་གཞོན་ནུ་རྒྱལ་མཚན་གྱི་དྲུང་ནས་རྩ་འཇུག་བཞི་གསུམ་འགྲེལ་པ་དང་བཅས་པའི་བཤད་པ་པ་ཚབ་ལོ་ཙཱ་བའི་བཤད་སྲོལ། ལོ་བ་ཤཱཀྱ་རིན་ཆེན་གྱི་དྲུང་དུ་མངོན་པ་ཀུན་བཏུས་ཀྱི་བཤད་པ་བཅས་ལ་སྦྱངས།
དགུང་ལོ་ཉེར་བདུན་པ་ལ་མཁན་ཆེན་གཡག་སྡེ་པ་དང་མཇལ་ཏེ་དགོངས་འགྲེལ་གྱི་བསྟན་བཅོས་དུ་མ་དང་། ཚད་མ་མདོ་ལ་སོགས་པ་ས་ལུགས་ཀྱི་བཤད་སྲོལ་རྣམས་གསན། ཐེག་ཆེན་ཆོས་ཀྱི་རྒྱལ་པོའི་དྲུང་དུ་རྩ་རྒྱུད་བརྟག་གཉིས། གསུང་ངག་རིན་པོ་ཆེ་ལམ་འབྲས་སོགས་གསན། གཞན་ཡང་ཡར་ལུང་པ་སེང་གེ་རྒྱལ་མཚན་དང་། ལོ་ཆེན་སྐྱབས་མཆོག་དཔལ་བཟང་། ལོ་ཆེན་གྲགས་པ་རྒྱལ་མཚན། ཀུན་མཁྱེན་ཤེས་རབ་འོད་ཟེར། འཇམ་དབྱངས་ཁ་ཆེ། ཀརྨ་པ་དཀོན་མཆོག་གཞོན་ནུ། ཐང་པོ་ཆེ་པ་ཉི་མ་རྒྱལ་མཚན། སྣར་ཐང་མཁན་པོ་གྲུབ་པ་ཤེས་རབ་སོགས་རིས་མེད་ཀྱི་བླ་མ་མང་པོའི་དྲུང་ནས་མདོ་སྔགས་རིག་གནས་སོགས་ཀྱི་ལུང་ཁྲིད་དབང་བཀའ་མན་ངག་གི་རྒྱུན་མང་པོ་གསན།
གོང་མ་གྲགས་པ་རྒྱལ་མཚན་སོགས་ཀྱིས་བདག་རྐྱེན་མཛད་པ་ལ་བརྟེན་ནས་སྙེ་ཕུ་ཤུག་གསེབ་སོགས་དབེན་གནས་དང་གནས་ཆེན་རྣམས་སུ་བཞུགས་ཤིང་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་བསྟན་བཅོས་མང་དུ་མཛད།
དགུང་ལོ་ལྔ་བཅུ་ཙམ་ལ་སྟོད་དིང་རི་དང་མུས་སོགས་སུ་སྔགས་ཀྱི་ཟབ་དོན་བཞེས་པ་དང་། མདོ་ཕྱོགས་ཀྱི་འཕྲིན་ལས་སྤེལ་བ་ཁོ་ན་མཛད།
དགུང་ལོ་བདུན་ཅུ་པ་མེ་ཕོ་འབྲུག་གི་ལོ་ལ་ཤྲཱི་ནཱ་ལེནྡྲའི་གཙུག་ལག་ཁང་གི་འགྲམ་བཏིངས་ནས་ནཱ་ལེནྡྲའི་དགོན་པ་བཏབ་མ་ཐག་ཏུ་དགེ་འདུན་སྟོང་ཕྲག་ཕྱེད་དང་གཉིས་ཙམ་ཚོགས་པར་གྱུར་ཏེ། བཤད་ཉན་གྱི་སྒྲིག་སོགས་ས་རྔོག་གཉིས་ཀའི་ལུགས་དང་མཐུན་པར་མཛད་ཅིང་གདན་ས་དེ་ཉིད་དུ་ལོ་བཅུ་བཞིའི་བར་དུ་འཕྲིན་ལས་བསྐྱངས།༼ཁ་ཤས་སུ། རེ་དགུ་པ་ ༡༤༣༥ ལོ་ཞེས་དང་། དུང་དཀར་ཚིག་མཛོད་དུ། དགུང་ལོ་བདུན་ཅུར་ཕེབས་པ་རབ་བྱུང་བདུན་པའི་མེ་འབྲུག་༡༤༣༦ ལོར་ཞེས་དང་། དེབ་སྔོན་དུ། ཤིང་མོ་ཡོས་ཀྱི་ལོ། ཞེས་འབྱུང་། པཎ་ཆེན་ཤཱཀྱ་མཆོག་ལྡན་གྱིས་མཛད་པའི་རྣམ་ཐར་དུ། དགུང་ལོ་བདུན་ཅུ་པ་བསྟན་བཅོས་པ་ལྟར་ན་མེ་ཕོ་འབྲུག་གི་ལོ་ཞེས་དང་། ས་སྐྱའི་དགེ་སློང་ནམ་མཁའ་དཔལ་བཟང་གིས་མཛད་པའིརྣམ་ཐར་དུ། ཡོས་ལོའི་མཇུག་དེ་ཉིད་ལ་གཟིམ་ཁང་གི་རྨང་བཏིང་། ཡོས་ལོའི་ནང་དེ་ཉིད་དུ་གཟིམ་ཁང་དང་། རྒྱལ་རོང་པ་པར་སྒོལ་བའི་སྤྱི་ཁང་གི་ཐད་འདིར་ཁང་ཆུང་གཅིག །རོང་པ་ཚ་འཕྲང་པའི་སྤྱི་ཁང་གི་ཐད་འདིར་ཁང་ཆུང་གཅིག་དང་གསུམ་གྱི་ཐོག་ཕུབ། གཞན་རྨང་མང་དུ་བཏིང་སོགས་དང་། འབྲུག་ལོ་ཟླ་བ་བཅུ་པའི་མགོ་ལ་གཟིམ་ཁང་ཀ་བརྒྱད་མའི་ཉིས་ཐོག་ལེགས་པར་གྲུབ། གཞན་ཡང་མང་དུ་གྲུབ། ཚེས་གསུམ་མཆོད་པ་ཞིག་དང་བསྟུན་ནས་གཟིམ་ཁང་ནས་མང་ཇ་དང་ཚ་ར་གཟབ་པ་ཞིག་གནང་། ཆོས་རྗེ་ས་སྐྱ་པཎྜི་ཏའི་སྐུ་ཞིག་དང་། དཔལ་གུར་གྱི་མགོན་པོའི་སྐུ་ཞིག་དང་གཉིས་ནང་སོ་ནས་བཞེངས་པ་ལ་རབ་གནས་མཛད། ཅེས་དང་། ཀུན་དགའ་ར་བ་ལ་སོགས་བརྩིགས་པའི་ཚུལ་ནི། ལོ་ནས་ཕེབས་པའི་མོད་དེ་ཉིད་ལ་བླ་མ་ཐུགས་རྗེ་ཆེ་བ་དང་གྲྭ་བུ་སློབ་རྒྱ་ཆེ་བའི་སྟོབས་ཀྱིས་ཆུང་ན་མི་ཤོང་དགོངས་ནས་ཀ་བ་བརྒྱ་ཉི་ཤུ་ཙམ་གྱི་རྨང་བཏིང་། བྱང་ཕྱོགས་ཉན་པོ་བས་བརྩིགས་སོགས་དང་། ལྷོ་ཕྱོགས་ཞོལ་ཆར་རྗེ་བས་བརྩིགས། གཙང་ཁང་བར་སྐོར་དང་བཅས་པ་རྒྱལ་མོ་རོང་པ་དགེ་བཤེས་ཤེས་རིན་ཞེས་བྱ་བ་བླ་མ་ལ་དད་པ་ཆེ་ཞིང་། སྤྱི་སེམས་ཆེ་བ་ཞིག་ཡོད་པ་དེས་དོ་དམ་བྱས་བླ་བྲང་ནས་ཞལ་བཞུགས་ཐོག་ཏུ་ལེགས་པར་གྲུབ་སོགས་ལས་ཡོས་ལོའི་ལོ་མཇུག་དང་འབྲུག་ལོར་གྲུབ་པ་གསལ་བ་ལྟར་ཚིག་མཛོད་ཀྱི་ལོ་ཚིགས་གྲུབ་ལོ་ནས་ཡིན་པར་ཤེས་སོ། །༽
དགུང་ལོ་བརྒྱད་ཅུ་གྱ་གསུམ་བཞེས་པའི་ཚེ་ཡང་གཞུང་ཆེན་པོ་དག་ཀྱང་ཐུགས་ནས་ཐོགས་པ་མེད་པར་གསུང་ཐུབ། དབུས་གཙང་གི་གྲྭ་ས་ཆེན་པོ་རྣམས་སུ་གཞུང་པོ་ཏི་བཅུ་ལ་གྲྭ་སྐོར་མཛད་པས་རྩོད་པའི་ཁྱུ་མཆོག་ཏུ་གྲགས་ཤིང་། རོང་སྟོན་སྨྲ་བའི་སེངྒེ་ཞེས་པའི་མཚན་སྙན་གསོལ། ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པར་མཛད་པ་སྟོང་ཕྲག་ཙམ་བྱུང་།
མཁན་ཆེན་སངས་རྒྱས་དཔལ་བའི་མཛད་སྲོལ་གཙོ་བོར་བཟུང་ནས་མངོན་པར་རྟོགས་པའི་རྒྱན་འགྲེལ་པ་དང་བཅས་པ་རྒྱུན་མི་ཆད་པར་གསུངས་ཤིང་། དེའི་མན་ངག་ཞི་བྱེད་བརྒྱུད་པ་ཕྱི་མ་ལ་གཙོ་བོར་མཛད།
གསུང་ལས་སྐྱེས་པའི་སློབ་མའི་གཙོ་བོ་ནི། སྔ་ཚར་གྱི་བུ་ཆེན་བསྟན་པ་འདེགས་པའི་ཀ་ཆེན་བཞི། བར་ཚར་གྱི་བུ་ཆེན་གངས་ཅན་མཛེས་པའི་རྒྱན་བརྒྱད་དང་མཆོག་གཉིས། གསུང་ཐུགས་ཀྱི་མཛད་སྤྱོད་མཚུངས་པའི་བུ་ཆེན་གསུམ། ཕྱི་ཚར་གྱི་བུ་ཆེན་བསྟན་པའི་གསལ་བྱེད་བཅུ་དྲུག །ཡང་ཚར་གྱི་བུ་ཆེན་གྲགས་པ་ཅན་བཞི་ལ་སོགས་པས་གཙོས་སྡེ་སྣོད་འཛིན་པ་སྟོང་ཕྲག་འགའ་བསྐྱངས། གདན་ས་འཛིན་པའི་སློབ་མ་གཙོ་བོ་ནི་ཆོས་རྗེ་བཀྲ་ཤིས་རྣམ་རྒྱལ་ཡིན།
དགུང་ལོ་བརྒྱད་ཅུ་གྱ་གསུམ་ལ་ཕེབས་པ་རབ་བྱུང་བརྒྱད་པའི་ས་སྦྲུལ་ ༡༤༤༩ ལོར་ཞི་བར་གཤེགས་སོ། །
རྗེ་འདིའི་རྣམ་ཐར་གྱི་སྐོར་ལ། རྗེ་དེ་ཉིད་ཀྱི་དངོས་སློབ་པཎ་ཆེན་ཤཱཀྱ་མཆོག་ལྡན་གྱིས་མཛད་པ་འཕྲུལ་དཔར་མ་དཔེ་འབྲིང་ཤོག་གྲངས་ང་བཞི་ཅན་ཞིག་དང་། རྗེ་དེ་ཉིད་ཀྱི་དངོས་སློབ་ས་སྐྱའི་དགེ་སློང་ནམ་མཁའ་དཔལ་བཟང་གིས་མཛད་པ་འཕྲུལ་དཔར་མ་དཔེ་རིང་ཤོག་གྲངས་བཅུ་གསུམ་ཅན་ཞིག །གཞན་དེབ་སྔོན་གྱི་ནཱ་ལེནྡྲའི་སྐབས་ཞེས་པའི་ཚན་པར་དམ་པ་འདིའི་རྣམ་ཐར་ཉིང་བསྡུས་ཤིག་བཅས་ཡོད།
གསུང་རྩོམ་ལ། འབུམ་གྱི་འགྲེལ་པ་རྒྱས་བསྡུས་གཉིས། བཤེས་སྤྲིངས་འགྲེལ་པ། མདོ་སྡུད་པའི་འགྲེལ་པ། བརྒྱད་སྟོང་དོན་བསྡུས་ཀྱི་འགྲེལ་པ། ཕར་ཕྱིན་མངོན་རྟོགས་རྒྱན་གྱི་འགྲེལ་པ། མདོ་སྡེ་རྒྱན་དང་། རྒྱུད་བླ་མ་དབུས་མཐའ་རྣམ་འབྱེད། ཆོས་ཉིད་རྣམ་འབྱེད་བཅས་ཀྱི་འགྲེལ་པ། དབུ་མ་འཇུག་པའི་འགྲེལ་པ། དབུ་མ་རྒྱན་གྱི་འགྲེལ་པ། དབུ་མ་བདེན་གཉིས་ཀྱི་འགྲེལ་པ། སྒོམ་རིམ་རྣམ་པ་གསུམ་གྱི་འགྲེལ་པ། མངོན་པ་མཛོད་ཀྱི་འགྲེལ་པ། འདུལ་བ་མེ་ཏོག་ཕྲེང་རྒྱུད་ཀྱི་རྣམ་བཤད། ཚད་མ་ཀུན་བཏུས་ཀྱི་འགྲེལ་པ། ཚད་མ་རྣམ་ངེས་ཀྱི་འགྲེལ་པ་རྟོག་གེའི་སྣང་བ་དང་། ཚད་མའི་སྤྱི་དོན་ཆེ་ཆུང་གཉིས། ཚད་མ་རིགས་གཏེར་གྱི་འགྲེལ་པ། གསང་བ་འདུས་པའི་རྩ་རྒྱུད་འགྲེལ་པ་སྒྲོན་གསལ་གྱི་རྣམ་བཤད་ལ་སོགས་པ་གཞུང་ཆེན་བཞི་བཅུ་ཞེ་གཅིག་གི་རྣམ་བཤད་ཀྱིས་གཙོས་ཆོས་ཚན་སུམ་བརྒྱ་ལྔ་བཅུའི་གྲངས་སུ་བརྩམས་པར་མཛད།
མཚན་གྱི་རྣམ་གྲངས། རོང་ཊཱིཀ་པ། རོང་སྟོན་ཤཱཀྱ་རྒྱལ་མཚན། རོང་སྟོན་ཤེས་བྱ་ཀུན་གཟིགས། རོང་སྟོན་ཤེས་བྱ་ཀུན་རིག །རོང་སྟོན་སྨྲ་བའི་སེངྒེ། རོང་སྟོན་ཤེས་བྱ་ཀུན་རིག་ཤཱཀྱ་རྒྱལ་མཚན། བཅས་སོ། །
༢༠༡༨.༠༡.༠༧ སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས་བཏུས་བསྒྲིགས་བྱས།
ཟུར་བལྟའི་དཔེ་ཁག
༡༽ པཎ་ཆེན་ཤཱཀྱ་མཆོག་ལྡན་གྱིས་མཛད་པའི་རྗེ་བཙུན་ཐམས་ཅད་མཁྱེན་པའི་བཤེས་གཉེན་ཤཱཀྱ་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་ཀྱི་རྣམ་པར་ཐར་པ་ངོ་མཚར་དད་པའི་རོལ་མཚོ་ཞེས་བྱ་བ།
༢༽ ས་སྐྱའི་དགེ་སློང་ནམ་མཁའ་དཔལ་བཟང་གིས་མཛད་པའི་བླ་མ་དམ་པ་རོང་སྟོན་ཆོས་རྗེའི་རྣམ་པར་ཐར་པ་ཕྲིན་ལས་རྒྱས་ཤིང་རྒྱུན་མི་འཆད་པའི་རྟེན་འབྲེལ་བཟང་པོ་ཞེས་བྱ་བ།
༣༽ དེབ་ཐེར་སྔོན་པོ།
༤༽ དུང་དཀར་ཚིག་མཛོད།
དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་བྱ་དགོས་ཚེ་རྩོམ་ཁུངས་ཁ་གསལ་འགོད་དགོས།
འཆད་ཉན་ཨེ་ཚུགས་གཟིགས།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།༈ རྗེ་རེད་མདའ་བས་སྙིམ་པའི་མེ་ཏོག་གི་འཆད་ཉན་ཨེ་ཚུགས་གཟིགས་གསུང་བའི་ཞུ་ལན་ས་སྐྱ་པ་ངག་དབང་གྲགས་པའི་ཞུ་ལན་དུ་གནང་བ། བཤེས་གཉེན་སྦ་བ་ལ་གནང་བ། བསྔོ་བའི་རིམ་པ་རྣམས་བཞུགས།
རྣམ་འགྲེལ་ལེའུ་གསུམ་པའི་དོགས་གནས།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།༡ གཞལ་བྱ་གཉིས་ཕྱིར་ཚད་མ་གཉིས། །ཞེས་པའི་དོན་དང༌། རྩ་བའི་རྟགས་དང་ཕྱོགས་ཆོས་སྒྲུབ་པའི་རྟགས་སོགས་ཀྱི་སྐོར་ལ། འགའ་ཞིག་གིས། ཤེས་བྱ་ཆོས་ཅན། ཚད་མ་ལ་མངོན་རྗེས་གཉིས་སུ་གྲངས་ངེས་ཏེ། གཞལ་བྱ་ལ་རང་མཚན་དང་སྤྱི་མཚན་གཉིས་སུ་ངེས་པའི་ཕྱིར། ཞེས་འགོད་པ་དང་རྣམ་འགྲེལ་ཐར་གསལ་ལྟར་ན་ཡང་དེ་འདྲ་བ་ཞིག་ཏུ་མངོན་ནོ། །དེ་ལ་རྟགས་དེའི་རྟགས་ཆོས་དོན་གསུམ་ཚད་མས་ངེས་པའི་ཚེ་ཚད་མ་ལ་མངོན་རྗེས་གཉིས་སུ་ངེས་པར་གྲུབ་ཟིན་པས་ཚད་མ-མངོན་རྗེས་གཉིས་སུ་སྒྲུབ་བྱེད་ཀྱི་རྟགས་མིན་པར་འདོད་དགོས་ལ། འདོད་ན། ཚད་མ་ལ་མངོན་རྗེས་གཉིས་སུ་སྒྲུབ་པའི་རྟགས་མེད་པར་འདོད་ན། ཕྱོགས་ཆོས་སྒྲུབ་པ་སོགས་ཀྱང་མི་འཐད་པའི་སྐྱོན་དུ་འགྱུར་བའི་ཕྱིར་རོ། །
དྲུག་པའི་ཚེས་བཞི།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ། བོད་ཟླ་༦པའི་ཚེས་༤ཉིན་ནི་དྲུག་པའི་ཚེས་བཞིའི་དུས་ཆེན་ནམ་ཆོས་འཁོར་དུས་ཆེན་ཡིན་ལ། སྔོན་སྟོན་པ་ཐུབ་པའི་དབང་པོས་དྲུག་པའི་ཚེས་བཞིའི་ཉིན་ཡུལ་ཝཱ་རཱ་ཎ་སཱིར། འཁོར་ལྔ་སྡེ་བཟང་པོར་བདེན་བཞིའི་ཆོས་འཁོར་ཐོག་མར་བསྐོར་བར་བརྟེན་ཉིན་དེ་དད་ལྡན་རྣམས་ཀྱིས་དུས་ཆེན་ཁྱད་པར་ཅན་ལ་ངོས་འཛིན་གནང་སྟེ་དེ་ཉིད་རྗེས་དྲན་དང་བསོད་ནམས་གསག་ཕྱིར་མཆོད་མཇལ་མཆོད་འབུལ་སོགས་བྱེད་པའི་སྲོལ་བྱུང་བ་ལ་ཆོས་འཁོར་དུས་ཆེན་དུ་གྲགས་ཤིང་། དུས་ཆེན་དེ་ཉིད་རྗེས་དྲན་གྱི་རྟེན་དུ་ཆོས་འཁོར་མཆོད་རྟེན་བཞེངས་པའི་སྲོལ་ཡང་བྱུང་བ་ཡིན་ནོ། །
དེ་ཡང་སྔོན་སྟོན་པ་ཐུབ་པའི་དབང་པོ་དགུང་ལོ་སོ་ལྔ་ལ་ཕེབས་པ་ཧོར་ཟླ་བཞི་པའི་ཚེས་བཅོ་ལྔའི་ཐོ་རེངས་མངོན་པར་རྫོགས་པར་སངས་རྒྱས་པའི་ཚུལ་བསྟན་ནས་ཞག་ཞེ་དགུའི་རིང་ཆོས་ཉན་པའི་སྣོད་བརྟག་པའི་ཆེད་དང༌། རང་ལ་ཐོབ་པའི་ཆོས་ཟབ་མོ་དེ་དག་གཞན་གྱིས་རྟོགས་དཀའ་བར་དགོངས་ཏེ་ཆོས་མི་གསུངས་པར་བཞུགས་ཏེ། ཇི་སྐད་དུ།
ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །
བདུད་རྩི་ལྟ་བུའི་ཆོས་ཤིག་ཁོ་བོས་རྙེད། །
སུ་ལ་བསྟན་ཀྱང་གོ་བར་མི་ནུས་པས། །
མི་སྨྲ་ནགས་ཀྱི་ཁྲོད་དུ་གནས་པར་བྱ། །
ཞེས་གསུངས་ཏེ་ཐུགས་ལས་ཆུང་ངུར་བཞུགས་པ་ན་ཕྱོགས་བཅུའི་ཞིང་ནས་ལྷ་གྲངས་ལས་འདས་པ་དག་གིས་ཆོས་སྟོན་པར་གསོལ་བ་བཏབ་ཅིང༌། ཁྱད་པར་དུ་ལྷ་ཚངས་པས་གསེར་གྱི་འཁོར་ལོ་དང་བརྒྱ་བྱིན་གྱིས་དུང་དཀར་གཡས་འཁྱིལ་ཕུལ་ཏེ་ཆོས་གསུང་བར་གསོལ་བ་བཏབ་པ་ལྟར་ཧོར་ཟླ་དྲུག་པའི་ཚེས་བཞིའི་ཉིན་དུས་ལ་བབས་པར་གཟིགས་ནས་ཞལ་གྱིས་བཞེས་ཏེ། ཡུལ་ཝཱ་རཱ་ཎ་སཱིའི་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སུ་གློ་བུར་དུ་བྱུང་བའི་ཁྲི་དང་པོ་གསུམ་ལ་བསྐོར་བ་མཛད་ཅིང༌། ཁྲི་བཞི་པ་ལ་སྐྱིལ་མོ་ཀྲུང་གིས་བཞུགས་ནས་ཐོག་མར་གདུལ་སླ་བ་དང༌། དུག་གསུམ་ཤས་ཆུང་བ། རྣམ་པར་ཤེས་པ་ལྐོག་ཏུ་མ་གྱུར་པའི་འཁོར་ལྔ་སྡེ་བཟང་པོ་སྟེ་ཀུན་ཤེས་ཀཽའུ་ཌིནྱ་དང་། རྟ་ཐུལ། རླངས་པ། མིང་ཆེན། བཟང་ལྡན་བཅས་དང་ལྷའི་འཁོར་དཔག་ཏུ་མེད་པ་ལ་བཀའ་དང་པོ་བདེན་བཞིའི་ཆོས་འཁོར་ཐོག་མར་བསྐོར་ལ་བརྟེན་ནས་སྟོན་པའི་བཀའ་དྲིན་དྲན་པའི་ཆེད་དུ། དུས་དེ་ནས་བཟུང་སྟེ་དད་ལྡན་དག་གིས་དུས་ཆེན་ཁྱད་འཕགས་ཅན་དེ་ཉིད་རྗེས་དྲན་གྱི་ཚུལ་དུ་ལོ་རེའི་དྲུག་པའི་ཚེས་བཞིའི་ཉིན་མཆོད་སྦྱིན་སོགས་ལ་བརྟེན་ནས་དགེ་བའི་སྟོབས་སྤེལ་བའི་ལུགས་སྲོལ་བྱུང་བ་ཡིན་ལ། སྟོན་པ་ཐུགས་རྗེ་ཅན་གྱི་བཀའ་དྲིན་རྗེས་སུ་དྲན་པའི་ཆེད་དུ་ནང་པ་སྤྱི་དང་ལྷག་པར་དུ་བོད་རིགས་དད་ལྡན་རྣམས་ཀྱིས་དུས་དྲན་དེ་ཉིད་ཁྱད་དུ་འཕགས་པའི་དུས་ཆེན་རྩ་ཆེན་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ཅིང་། དེ་སྔ་བོད་གཞུང་ནས་ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་ལ་མཆོད་སྤྲིན་སྣ་ལྔ་སྟོང་ཚར་རྒྱས་པ་དང་ཐུགས་སྨོན། ཕྱོགས་མཐའི་ལྷ་ཁང་ཁག་ལ་མཆོད་འབུལ་དང་སྙན་ཤལ་བཅས་འབུལ་གནང་མཛད་ཀྱི་ཡོད་ལ། ཉིན་དེར་བོད་གངས་ཅན་གྱི་ལྗོངས་སུ་སངས་རྒྱས་ཀྱི་བསྟན་པ་ཐོག་མར་དར་བར་མཛད་མཁན་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་བཀའ་དྲིན་དྲན་ཞིང་གུས་པ་ཆེན་པོས་ཆོས་རྒྱལ་སྲོང་བཙན་སྒམ་པོའི་ཁྲུང་བན་འཁྲུལ་པ་མེད་པ་དངུལ་རྒྱན་ཅན་༼ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐྱེམས་ཆང་བླུག་སྣོད། ལྷ་ལྡན་གཙུག་ལག་ཁང་དུ་བཞུགས་པའི་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་མདུན་བར་ཁང་དུ་ཡོད། ངག་རྒྱུན་ལ་དངུལ་དམ་རྟ་མགོ་ཅན་གྱི་ཁྲུང་བན་འདི་ཉིད་ཉིན་ཞིག་ཆོས་རྒྱལ་སྐུ་བད་རྒྱས་ཚུལ་བཞེས་ཏེ་ཁྲུང་བན་རྩེ་ཕོ་བྲང་ཡང་སྟེང་ནས་བསྐྱུར་བས་ཞོལ་གྱི་རྡོ་རིང་ཕྱི་མར་སྐྱོན་མེད་བབས་པ་དང་། འདི་ཉིད་གར་པའི་རི་ལ་གཏེར་དུ་སྦས་པ་ཕྱིས་སུ་རྗེ་ཙོང་ཁ་པས་གཏེར་ནས་བཞེས་ཏེ་ཆོས་རྒྱལ་གྱི་སྐུ་མདུན་ལ་བཤམས་པ་ཡིན་པར་བཤད་པ་དང་། གཏེར་ནས་བཏོན་པའི་ཁྲུང་བན་གྱི་རྗེས་ཤུལ་ད་ལྟའང་བྲག་གི་ངོས་ལ་གསལ་དོད་ཡོད་པ་རེད། ༽བླ་ཕྱག་བཀར་སྟེང་ནས་གདན་ཞུས་ཀྱིས་ལྷ་གཉེར་ལས་དྲུང་ནང་གཟན་ཡོངས་རྫོགས་དང་། དཔལ་གསོལ་མ་བཅས་ནས་ཕོ་མོའི་ཆས་གོས་གནའ་བོའི་སྲོལ་བཟང་ཉམས་པ་མེད་པ་གཟབ་གྱོན་གྱིས་སྤྲུལ་པའི་གཙུག་ལག་ཁང་གི་བར་ཁང་ཆོས་རྒྱལ་སྲོང་བཙན་སྒམ་པོ་ང་འདྲ་གསུང་འབྱོན་མའི་སྤྱན་སྔར་མཆོད་འབུལ་གཟབ་རྒྱས་དང་འབྲེལ་ཁྲུང་གླུ་རྒྱས་པ་ཕུལ། དེ་ནས་རྩེ་ཕོ་བྲང་དང་། ནོར་གླིང་དུ་བཅར་ཏེ་དྲུང་བཞེས་ཐོག་མཇལ་བཅར་གྲལ་འཁོད། གསོལ་ཇ་བཞེས་འབྲས་ཕེབས། ཆོས་རྒྱལ་ཁྲུང་བན་ནང་ནས་དྲུང་བཞེས་ཡོངས་རྫོགས་ལ་བྱིན་རླབས་ཁྲུང་ཕུད་རིམ་པ་བཞིན་ཕུལ་ཏེ་དགྱེས་བཞེས་ཕུད་གཏོར་གནང་བ་སོགས་མཛད་ཀྱི་ཡོད་པ་དང་། དད་ལྡན་མི་མང་རྣམས་ཀྱིས་བཟའ་ཆས་སོགས་འཁྱེར་ཏེ་ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་དང་། ར་མོ་ཆེ། རྩེ་འཕགས་མཆོག་ལོ་ཀེ་ཤྭ་ར། རྒྱུད་གྲྭ་སྟོད་སྨད། སེ་འབྲས་དགའ་གསུམ་སོགས་དགོན་ཁག་ལ་བསྙེན་བཀུར་མང་འགྱེད་འབུལ་ཞིང་། རྣམ་དཀར་གྱི་ལས་ལ་བརྩོན་པ་དང་། དེ་བཞིན་གཙུག་ལག་ཁང་གི་བར་ཁང་ཆོས་རྒྱལ་སྲོང་བཙན་ང་འདྲ་གསུང་འབྱོན་མའི་སྤྱན་སྔར་མཆོད་འབུལ་གཟབ་རྒྱས་དང་འབྲེལ་ཁྲུང་ཕུད་རྒྱས་པ་ཕུལ་གྱི་ཡོད་པ་དང་། ལྷ་སའི་ཉེ་འཁོར་ལྷ་ལུང་རི་ཁྲོད་དང་། ཕ་བོང་ཁ། ཆུ་བཟང་། ཕུར་ལྕོག །སེ་ར་དབུ་རྩེ། ཀེའུ་ཚང་ཤར་ནུབ། མི་ཆུང་རི། རི་རྒྱ་བསམ་གཏན་གླིང་། དགོན་གསར་རྩེ་ཤོད་ལ་སོགས་པའི་རི་ཁྲོད་ཁག་དང་དགོན་པ་ཁག་བཅས་ཚང་མར་གནས་མཇལ་དུ་རྐང་ཐང་ལ་བསྐྱོད་དེ་རི་སྐོར་བྱེད་པ་དང་རླུང་རྟ་སྒྲོག་པ། བསང་གསོལ་སོགས་བྱས་ནས་སངས་རྒྱས་ཀྱི་བསྟན་པ་དར་བ་དང་མཁའ་མཉམ་གྱི་འགྲོ་བ་ཡོངས་ལ་བདེ་སྐྱིད་ཡོང་བའི་གསོལ་འདེབས་སྨོན་ལམ་དང་། གཞོན་ནུ་མ་རྣམས་ཀྱིས་སེ་འབྲུའི་སྤ་ཕྲུག་དང་། ཕྲེང་བ་བཟོས་ཏེ་འདོགས་པ། ལྗོན་ཤིང་གི་འཁར་བ་འཁྱེར་བ། གམ། ཁམ་བུ་བཅས་ཀྱི་རྒྱན་ཆས་གྱོན་ཞིང་བྱིན་རླབས་ཀྱི་ཚུལ་དུ་ངོམས་བཞིན་སྒོར་གཞས་དང་རྣམ་ཐར་སོགས་གཏོང་བཞིན་མཆོད་མཇལ་ཚར་ནས་རང་རང་གི་ཁྱིམ་ལ་ཕྱིར་ལོག་སྐབས་ནང་མི་རྣམས་ནས་ལྷ་སའི་བྱང་རྒྱུད་གཤོངས་ཁ་གླིང་ཀ་དང། ཀརྨ་དགོན་གསར། གྲྭ་ཕྱི་གླིང་ཀ་སོགས་ཕན་ཚུན་གླིང་ཀར་གུར་དང་བྱ་གཡབ་སོགས་གྲ་སྒྲིག་ཐོག་གདན་ལྕོག་དང་ཁ་ཟས། ཇ་ཆང་ཕུན་སུམ་ཚོགས་པ་འཁྱེར་ཏེ་བསུ་བར་འགྲོ་བ་དང་ཆབས་ཅིག་གཤོང་ག་གླིང་ཁ་དང་གྲ་ཕྱི་གླིང་ཁ་སོགས་སུ་གུར་རམ་ཡོལ་བ་བཏང་སྟེ་སྤྲོ་སྐྱིད་ཀྱང་གཏོང་སྲོལ་ཡོད་པ་དང་། ཉིན་དེར་བོད་ས་ཡོངས་སུ་དད་ལྡན་ཚོས་སྟོན་པ་ཐུབ་པའི་དབང་པོའི་ངོ་མཚར་བའི་མཛད་རྗེས་འདི་ལ་རྗེས་དྲན་དང་བསོད་ནམས་བསག་ཕྱིར། ཉེ་འཁོར་གྱི་དགོན་པར་མཆོད་མཇལ་འགྲོ་བ་སོགས་ཀྱིས་རྣམ་དཀར་དགེ་བའི་ལས་ལ་བརྩོན་པ་ཡིན་ཞིང་།
འདི་ག་སེར་བྱེས་མཁས་སྙན་གྲྭ་ཚང་ནས་ཀྱང་ཉིན་དེར་སློབ་གཉེར་བ་རྣམས་ལ་སྔ་དྲོའི་ཆོས་རར་སྐྱབས་རྗེ་མཁན་རིན་པོ་ཆེས་ལམ་རིམ་གྱི་གསུང་ཆོས་གནང་རྗེས་འཛིན་གྲྭ་སོ་སོར་བརྩི་བཞག་དང་། ཉིན་དེར་སློབ་གཉེར་བ་རྣམས་འཛིན་གྲྭ་འོག་མ་ནས་གོང་མར་འཕར་བ་དང་། དགོང་དྲོའི་ཆོས་རའི་རྗེས་འཛིན་གྲྭ་སོ་སོའི་ཞབས་རིམ་ཡང་ཚོགས་སྲོལ་ཡོད་དོ། །
གཤམ་དུ་སྐབས་དེའི་ཆོས་འཁོར་བསྐོར་ཚུལ་དང་བདེན་པ་བཞིའི་སྐོར་གཞུང་གཞན་ལས་ཁོལ་དུ་ཕྱུང་སྟེ་ངོ་སྤྲོད་འདིའི་ཟུར་རྒྱན་གྱི་ཚུལ་དུ་སྦྱར་ཡོད་པས་འདོད་མོས་ཡོད་པ་དག་གིས་དེ་དག་ལ་གཟིགས་པར་འཚལ།
སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས་བཏུས་ཏེ་བསྒྲིགས། ༢༠༡༦།༠༨།༠༤ལ།
དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་བྱ་དགོས་ཚེ་རྩོམ་ཁུངས་ཁ་གསལ་འགོད་དགོས།
ཆོས་འཁོར་གྱི་སྐོར། 1 ཆོས་འཁོར་གྱི་སྐོར། 2 བདེན་བཞི་དང་པོ། བདེན་བཞི་གཉིས་པ། བདེན་བཞི་གསུམ་པ།
འཛམ་གླིང་སྤྱི་བསང་།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།འཛམ་གླིང་སྤྱི་བསང་སྟེ་དུས་སྟོན་འདི་ནི་གཙོ་བོ་བོད་དབུས་གཙང་ཁུལ་དུ་གཏོང་སྲོལ་ཡོད་ཅིང་། འདི་ཉིད་བྱུང་རིམ་ནི། སྔོན་མཁན་སློབ་ཆོས་གསུམ་༼མཁན་ཆེན་ཞི་བ་འཚོ། སློབ་དཔོན་པད་མ་འབྱུང་གནས། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན།༽གྱི་སྐུ་དུས་སུ། དཔལ་བསམ་ཡས་ལུགས་གསུམ་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་གསར་བཞེངས་ལེགས་གྲུབ་བྱུང་བ་དང་བསྟུན་ནས། སྐྱེ་བོ་མཆོག་དམན་ཡོངས་ཀྱིས་དགའ་སྟོན་རྒྱ་ཆེ་གཟབ་རྒྱས་གནང་བ་དང་། བསམ་ཡས་གཙུག་ལག་ཁང་བཞེངས་སྐབས་བྱ་བ་ལམ་ལྷོངས་མ་བྱུང་བས་སློབ་དཔོན་རིན་པོ་ཆེ་གུ་རུ་མཚོ་སྐྱེས་རྡོ་རྗེས་བོད་ཀྱི་ལྷ་སྲིན་གདུག་པ་ཅན་དམ་ལ་བཏགས་ནས་ལས་བསྐུལ་བས་བསམ་ཡས་ལེགས་བསྒྲུབས་ཟིན་པའི་གཏང་རག་ཏུ་ཧད་པོ་རིའི་རྩེར་འཛམ་བུ་གླིང་གི་དཀར་ཕྱོགས་སྐྱོང་བའི་ལྷ་ཀླུ་ཡུལ་ལྷ་གཞི་བདག་ཀུན་ལ་རྒྱགས་རྔན་ལྷ་བསང་གི་འདོན་ཆོས་བརྩམས་ཏེ་བསང་མཆོད་རྒྱ་ཆེར་གནང་བ་དེ་ལ་འཛམ་གླིང་སྤྱི་བསང་ཞེས་ཟེར་ལ། དེའི་ལམ་སྲོལ་ལམ་རྗེས་དྲན་གྱི་དུས་མཆོད་དེ་ད་ལྟའི་བར་དུ་རྒྱུན་འཛིན་བྱས་ཏེ་འོངས་ཤིང་། སྤྱིར་བཏང་ཟླ་ ༥ ཚེས་ ༡ ནས་ ༡༥ བར་སྤྱི་བསང་དུ་བརྩི་ཡང་། གཙོ་ཆེ་ཡོངས་གྲགས་ནི་ཚེས་ ༡༥ ཉིན་བྱེད་པ་ཡིན།
སྔོན་དུས་མུ་ནེ་བཙན་པོའི་སྐབས་སུ་བཙན་པོས་ཆོས་འཁོར་གསུམ(ལྷ་ས། ཁྲ་འབྲུག བསམ་ཡས)ལ་སྡེ་སྣོད་གསུམ་གྱི་མཆོད་རྒྱུན་བཙུགས་པའི་ཡ་གྱལ་ལྷ་ས་འདུལ་བའི་མཆོད་པ་ཞེས་གྲགས་པ་དེའི་ལམ་སྲོལ་འཛིན་པའི་རྗེས་དྲན་གྱི་ཟླ་བ་དེའི་ཚེས་བཅོ་ལྔའི་གོང་ཡར་ངོའི་ཚེས་ཆ་གང་བཟང་ཞིག་ལ་གཞུང་ཕྱོགས་ཀྱིས་དབྱར་གསོལ་ཞེས་གནས་ཆུང་ཆོས་རྒྱལ་ཆེན་པོ་དང༌། དགའ་གདོང་ཤིང་བྱ་ཅན་སོགས་གཞུང་བསྟེན་བསྟན་སྲུང་རྣམས་ལ་གཟབ་གསོལ་ལྷ་ཚེས་རྒྱས་པ་དང་འབྲེལ་རྩེའི་སྐུ་ཚབ་མཁན་ཆེ་དང༌། ཡིག་ཚང་ནས་སྦུག་དམ་ལུང་ཞུ། སྒྲོན་དར། བཀའ་བློན་གྱིས་གཙོས་ཤོད་སྐོར་ཡོངས་རྫོགས་ཕེབས་ཏེ་ཆོས་སྐྱོང་ཆེན་པོར་སྒྲོན་དར། ཞལ་ཇ་གསེར་ཕུད་སོགས་འབུལ་གནང་གིས་ཆོས་སྐྱོང་ཆེན་པོས་རྒྱལ་བསྟན་ཆབ་སྲིད་སྐོར་བཀའ་ལུང་སྩལ་ཏེ་གཞུང་ཞབས་རྣམས་ཕྱིར་ལོག །༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནོར་གླིང་དུ་དབྱར་གྱི་རྒྱལ་མོའི་ནམ་ཟླའི་སྤྲོ་བཞེས་སུ་ཕེབས་སྟོན་ནམ། དབྱར་གསོལ་རྗེས་འབྲེལ་དགའ་སྟོན་གྱི་སླད་ལས་ཁུངས་སོ་སོས་སྤྲོ་ཆུང་ཉིན་གསུམ་ནས་ལྔའི་བར་གཏོང་སྲོལ་ཡོད་པ་བཅས་ཀྱི་ཐོག་དུས་དེར་ལྷ་ས་ཁུལ་དུ་གནམ་གཤིས་དྲོ་ལ་རྩི་ཤིང་ལོ་འདབ་རྒྱས་པ། མེ་ཏོག་བཞད་ཅིང་ཆརརྒྱུན་གྱི་འགོ་ཚུགས་པ། ཁུ་བྱུག་གི་གྲེ་འགྱུར་རྣ་བར་འཇེབས་པ། ཞིང་ལས་བྲེལ་བ་འཇགས་ཐོག་ཟས་རིགས་སོས་པ་ཁྲོམ་རར་དོན་པ་སོགས་ཀྱི་སྐབས་ཡིན་པས་གྲོང་ཁུལ་ཁོར་ཡུག་གི་གླིང་ཁ་རྣམས་སུ་དབྱར་སྐྱིད་སྤྲོ་གསེང་ལ་རོལ་བའི་སྐྱེ་བོ་རྣམས་གུར་རམ་བྱ་གཡབ་ཕུབ་པའམ། རས་ཡོལ་གྱིས་བསྐོར་ནས་ཞིམ་མངར་བཟའ་བཏུང་ལ་རོལ་བཞིན་པར་སྙན་འཇེབས་ལྡན་པའི་རོལ་དབྱངས་ཀྱི་ཁྲོད་དུ་གཞས་དང་ཞབས་བྲོས་ཁེངས་པ་དང༌། ལ་ལས་གུར་ནང་ཞག་སྡོད་ཉིན་བཅུ་གྲངས་ཀྱང་བྱེད་ཀྱི་ཡོད། ལྷག་པར་ཚེས་བཅོ་ལྔ་ཉིན་ལྷ་སའི་སྐུ་རྟེན་ཡོད་རིགས་ལ་ཁུངས་སོ་སོ་ནས་སྐུ་གསོལ་ཞུ་བ་དང༌། ལྷ་ས་བ་རྣམས་ཀྱིས་རྒྱན་གོས་གཟབ་འཕྱོར་གང་ལེགས་སྤྲས་ཏེ་སོ་སོའི་འཁོས་འབྱོར་དང་བསྟུན་དཔལ་ལྷ་ལྕོག་དང༌། གཙང་པོའི་འགྲམ། གླིང་བསྐོར། རི་རྩེ་སོགས་སུ་བསྐྱོད་དེ་རྣམ་དཀར་མཆོད་འབུལ་དང་། ལྷ་སྲུང་སྤྱི་ལ་བསང་གསོལ་གཟབ་རྒྱས་བྱེད་པ་དང་འབྲེལ་ལྷ་སའི་ཉེ་འདབ་གླིང་ཁ་སོ་སོར་སྤྲོ་སྐྱིད་གླིང་ཁ་གཏོང་བ་བཅས་བྱེད་ཅིང༌། ད་དུང་གྲོང་ཁྱེར་གྱི་ཤར་ངོས་ཀརྨ་ཤག་གླིང་ཁར་གུར་ཕུབ་པའི་ནང་ཀརྨ་ཤག་ཆོས་སྐྱོང་དང་རགས་རྒྱབ་བཙན་ཁང་གི་ཆོས་སྐྱོང་གཉིས་ཁོག་ཞུགས་ལ་ལྷ་མི་བ(ལྷ་དེ་གཉིས་ལ་གསོལ་མཆོད་བྱེད་མཁན་གྱི་ཚོགས་པ)ཚོས་ཆང་ཕུད་བཏེགས་ཤིང༌། གླུ་གཞས་གཏོང་བ་སོགས་འདུ་འཛོམས་ཆེ་བ་དང༌། དེ་མིན་ད་དུང་གྲོང་ཁུལ་གྱི་བཙན་ཁང་ཚང་མར་སོ་སོའི་ལྷ་མི་བ་འཛོམས་ཐོག་ལྷ་ཕེབས་ཀྱི་ཡོད་པའི་ནང་དར་པོ་གླིང་བཙན་ཁང་དུ་དགྲ་ལྷ་སོགས་ལྷ་ཁག་བདུན་ཕེབས་ཏེ་འཆམ་ཡང་རྒྱག་གི་ཡོད།
མིང་གི་ཐོགས་སྟངས་ནི། འཛམ་བུ་གླིང་གི་དཀར་ཕྱོགས་སྐྱོང་བའི་ལྷ་ཀླུ་ཡུལ་ལྷ་གཞི་བདག་ཀུན་ལ་བསང་གི་བརྔན་པའི་དུས་བཟང་ཡིན་པས། འཛམ་གླིང་སྤྱི་བསང་ཞེས་སུ་གྲགས། རབ་བྱུང་དྲུག་པའི་ས་འབྲུག་སྤྱི་ལོ་༡༣༢༨ལོར་རྗེ་ཀརྨ་རབ་བྱུང་རྡོ་རྗེས་བོད་ཀྱི་བྱང་ཕྱོགས་སོག་ཆུ་ཁར་ལྕགས་ཟམ་འཛུགས་སྐབས། འཛམ་བུ་གླིང་གི་གཞི་བདག་རྣམས་ལ་འཕྲིན་བཅོལ་གྱི་ཆེད་དུ་བརྩམས་པའི་བསང་དཔེ་འཛམ་གླིང་སྤྱི་བསང་ཞེས་པ་ཞིག་ཀྱང་ཡོད་ལ། དེང་དུས་རེ་འགས་བོད་ཟླ་ལྔ་པར་ཡུལ་ལུང་སོ་སོར་ཡུལ་ལྷ་གསོལ་མཆོད་ཀྱི་སྐབས་སུ་བསང་མཆོད་ཀྱི་དཔེ་ཆ་འདི་འདོན་སྲོལ་བྱུང་བ་ལས་དུས་ཆེན་དེར་མིང་དེ་ལྟར་ཆགས་པར་བཤད་མཁན་ཡང་ཡོད།
ཡང་འཛམ་གླིང་གེ་སར་རྒྱལ་པོའམ་སེང་ཆེན་ནོར་བུ་དགྲ་འདུལ་གྱི་ལོ་རྒྱུས་སུའང་དུས་ཆེན་འདི་འབྲེལ་ལམ་དུས་ཆེན་འདི་དང་མིང་གཅིག་པའི་དུས་ཆེན་ཞིག་འབྱུང་བ་ནི། ཁྲ་མོ་གླིང་གི་འགག་མོའི་ལྷ་ཕྲུག་ཇོ་རུ་དེ་ཉིད་རྨ་གྲུ་གར་ལྷ་ལུང་གཡུ་མདོ་ནས་ཡར་ལ་བྱོན་ཏེ། རྟ་མཆོག་རི་ནས་བཀུག །གསེར་སྒ་རྒྱབ་ཏུ་བསྟད། དངུལ་སྲབ་མགོ་ལ་བསྐོན་ནས་གླིང་དཀར་སྟོད་ཀྱི་རྟ་རྒྱུགས་རྒྱལ་འཇོག་གི་གྲལ་དུ་ཞུགས། རྟ་མགྱོགས་པས་རྒྱལ་ཁ་བླངས་ཏེ་རྒྱལ་ས་ལ་མངའ་གསོལ་ཞིང་རྒྱལ་མཆོག་ནོར་བུ་དགྲ་འདུལ་གྱི་མཚན་ཐོགས་ནས་ལོ་ངོ་གཉིས་དང་ཕྱེད་ཀ་ཙམ་སོང་བའི་བསྐལ་པ་ཤིང་ཕོ་བྱི་བའི་ལོ་ལ་ཁོང་ཉིད་ཀྱི་ཐུགས་དགོངས་ལ། སྤྱིར་འཛམ་བུ་གླིང་ཁྱད་པར་དུ་གངས་ལྗོངས་བོད་ཡུལ་གྱི་ཡུལ་ལྷ་གཞི་བདག་ཕལ་ཆེར་གྱིས་སེམས་ཅན་འཇོམས་པའི་ནག་ཕྱོགས་བདུད་སོགས་ལ་ཁ་བལྟས་པས། གླིང་དཀར་པོའི་བྱ་བ་མཐའ་དག་ལེགས་ལམ་དུ་མ་སོང་བ་རེད། ད་ཕན་ཆད་གླིང་དཀར་པོས་ལྷ་བསང་ཕུལ་ནས་ལྷ་ཐམས་ཅད་དབང་དུ་བསྡུ་དགོས་ལ། བོད་ཀྱི་གཏམ་དཔེ་ལ། གཞུ་མེད་ན་མདའ་ནི་འཕེན་ཐབས་མེད། ལྷ་མེད་ན་བྱ་བར་ལམ་འགྲོ་མེད་ཟེར་བའི་དཔེ་ལྟར། ལོ་དེའི་ཟླ་བ་ལྔ་བའི་ཚེས་བཞི་ལ་གླིང་ལྷ་སྡེ་དཀར་པོ་མ་ལུས་མ་ཆད་པར་བསྡུས་ཤོག་གསུངས་ནས་དར་ཁྲ་རིན་ཆེན་སྤུངས་པ་དེ་ཕྱར། འཁར་རྔ་གསང་བ་གཡུ་འབྲུག་དེ་བརྡུངས། དུང་ཆེན་དཀར་མོ་རྒྱང་གྲགས་དེ་བུས། གོང་བློན་པོ་དང་དཔའ་རྟུལ། མི་གང་དྲག་དང་འབངས་སྡེ་ཡོངས་ལ་འཕྲིན་ཡིག་བཏང་ཞིང་། ཐག་རིང་ལ་བང་ཆེན། ཐག་ཉེ་སར་ཀི་དང་བསྭོ་ཡིས་འབོད་པ་བཏང་བས་ཚེས་བཞིའི་སྔ་ཆར་སེང་ཆེན་རིན་པོ་ཆེའི་བཀའ་བཞིན་རྫོང་སེང་ཕྲུག་པདྨ་སྟག་རྩེར་འཛོམས་ནས། སེང་ཆེན་ནོར་བུ་དགྲ་འདུལ་གསེར་ཁྲི་ལས་ཡར་བཞེངས་ཏེ་བོད་གངས་ལྗོངས་ཀྱི་ཡུལ་ལྷ་གཞི་བདག་རྣམས་ལ། ཇུས་བརྟན་པའི་འཛམ་གླིང་སྤྱི་བསང་ཕུལ། ལྷ་དཀར་ཕྱོགས་དབང་དུ་བསྡུས་པ་ལས། བདུད་ནག་ཕྱོགས་བྲན་དུ་འགོད་རྒྱུ་ཡིན། དེ་ཕན་གྱི་ཕྱོགས་བཞིའི་དགྲ་ཆེན་བཞི། དགྲ་འདུལ་བ་ལག་པའི་མཐིལ་ན་ཡོད། ད་ལྟ་མ་འདུག་མྱུར་དུ་གྲ་སྒྲིག་གྱིས། སང་ཉི་རྩེ་རི་ལ་ཕོག་པའི་དུས། གླིང་ལྷ་བསང་པ་རྣམས་ལམ་ལ་ཆས། ཞེས་གསུངས་པ་ན་དཔའ་རྟུལ་ཚང་མས་མགྲིན་གཅིག་གིས་ལེགས་སོ་ལེགས་སོ་ཟེར་ནས་རང་རང་སར་གྲ་སྒྲིག་བྱེད་དུ་ཆས། དེ་ནས་ཕྱི་ཉིན་ཉི་རྩེ་རི་གསུམ་གྱི་རྩེར་ཕོག་པ་ན་དམག་དུང་དཀར་པོ་རྒྱང་འབུད་བྱས་པ་དང་མཉམ་ཅིག་གླིང་གི་ལྷ་བསང་པ་རྣམས་ལམ་ལ་ཆས་ཏེ་ལྷ་རི་ཁྱུང་རྩེར་འཚོགས་ཏེ། འཛམ་གླིང་སྤྱི་བསང་ཕུན་སུམ་ཚོགས་པ་ཞིག་ཕུལ་ཏེ། བསང་མཆོད་གང་ལེགས་བྱས་ཤིང་བསང་རྫས་ཡངས་ཤིང་རྒྱ་ཆེ་བ་གསོས་ཁར། ཁ་དོག་སྣང་ལྔའི་དར་ཕྲེང་། གཞན་ཡང་མཛེས་སྡུག་གཟུགས་ཀྱི་བྱེ་བྲག གྱ་ནོམ་པའི་འདོད་ཡོན་གྱི་རྣམ་པ་འབུམ་ཕྲག་མང་པོས་མཆོད་ཅིང་། བར་སྣང་དུ་འཇའ་ཚོན་གྱི་ཀ་བ། ས་གཞིར་མེ་ཏོག་གི་ཆར་བ་བབས་ཤིང་། ལྷ་བསང་པ་རྣམས་ཀྱིས་སྐྱིད་པའི་གླུ་བླངས། སྤྲོ་བའི་དར་ཕྱར། སྙན་པའི་དུང་བུས། གསེར་གྱི་རྔ་ཆེན་བརྡུངས། ཀི་བསྭོ་ལྷ་རྒྱལ་གྱིས་གནམ་ས་བར་མེད་དུ་འགེངས་བར་མཆོད་དེ་ཆོ་ག་བསམ་གྱིས་མི་ཁྱབ་པ་བསྒྲིགས་པ་ལགས། སྐབས་དེ་ནས་བཟུང་གླིང་དཀར་དཔའ་རྟུལ་ཡོངས་ཀྱིས་ལྷ་བསང་ཁྱད་པར་ཅན་བཏང་བ་ལ་རྗེས་དྲན་བྱེད་པའི་ཆེད་དུ་ཡུལ་ལུང་འགའ་ཤས་སུ་ལོ་རེའི་ལོ་གསར་གྱི་ཚེས་བཅོ་བརྒྱད་ལ་འཛམ་གླིང་སྤྱི་བསང་ཕུལ་བའི་སྲོལ་ཡང་ཡོད་པ་རེད་ལ། འདི་དང་གོང་གི་དུས་ཆེན་གཉིས་མིང་གཅིག་ཀྱང་བྱུང་རིམ་དང་བྱུང་དུས་མི་མཚུངས་པ་འདི་ཤེས་དགོས་སོ། །
སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས་ཕྱོགས་བཏུས་བྱས། ༢༠༡༦།༠༧།༡༩ལ།
དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་བྱ་དགོས་ཚེ་རྩོམ་ཁུངས་དང་སྦྲེལ་སྣེ་མཉམ་སྦྱར་བྱེད་དགོས།