དྲ་ཐོག་འཇུག་དུས། 2018 ལོའི་ཟླ་བ། Aug ཚེས། 08 རེས་གཟའ། Wed

མགོན་པོ་ཀླུ་སྒྲུབ་ཀྱི་རྣམ་ཐར།

དྲ་འཇུག་པ།
ཚད་གཞི།
(26 འོས་འཕེན།)
buddhist nagarjuna

   མགོན་པོ་ཀླུ་སྒྲུབ་ནི། བསྐལ་པ་གྲངས་མེད་པའི་དུས་ནས་ཐུགས་བསྐྱེད་ཅིང་། ཚོགས་གཉིས་བར་མ་ཆད་དུ་བསགས། འཇིག་རྟེན་གྱི་ཁམས་བརྗོད་ཀྱིས་མི་ལང་བར་སེམས་ཅན་གྲངས་མེད་པའི་དོན་མཛད་བཞིན་པ་ལས། ཞིང་འདིར་བསམ་བཞིན་དུ་བྱོན་པ་ཞིག་སྟེ། བཅོམ་ལྡན་འདས་ཀྱི་ལུང་གིས་ཟིན་པ་དང་། ཤིང་རྟའི་སྲོལ་འབྱེད་གཉིས་ཀྱི་ནང་ཚན་གྱི་སྐྱེས་བུ་ཞིག་ཡིན།
   རྒྱ་གར་ལྷོ་ཕྱོགས་བཻ་དརྦྷ་ཞེས་པའི་ཡུལ་དུ་བཅོམ་ལྡན་འདས་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་ཙམ་སོང་བའི་དུས་སུ་སྐུ་འཁྲུངས། མཚན་མཁན་གྱིས་ཚེ་རིང་ཤོས་ལ་ལོ་བདུན་ལས་མི་ཐུབ་ཟེར་བས། ཕ་མ་གཉིས་ཀྱིས་བུ་ཤི་བའི་རོ་མིག་གིས་མཐོང་མ་བཟོད་པར་གཡོག་དང་བཅས་ཡུལ་གཞན་དུ་བཏང་། རིམ་གྱིས་ཡུལ་དབུས་ཀྱི་དགོན་པ་ཆེ་ཤོས་ནཱ་ལེནྡྲར་ཕེབས་ཏེ་སློབ་དཔོན་བྲམ་ཟེ་ས་ར་ཧ་དང་མཇལ་ཏེ་ཚེ་དབང་ཞུས། གཞན་གསང་བ་འདུས་པ་ལ་སོགས་པའི་གསང་སྔགས་ཀྱི་ཆོས་མང་པོ་གསན། མཁན་པོ་སྒྲ་གཅན་འཛིན་བཟང་པོའི་དྲུང་དུ་དགེ་སློང་གི་སྡོམ་པ་ཞུས་ཏེ་མཚན་དགེ་སློང་དཔལ་ལྡན་ཞེས་གསོལ།
   ནཱ་ལེནྡྲར་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི་བཤད་སྲོལ་གང་ཡོད་རྣམས་གསན་ཞིང་། གཙོ་བོར་བྱང་སེམས་བློ་གྲོས་རིན་ཆེན་ལ་མདོ་སྔགས་ཀྱི་དམ་པའི་ཆོས་མ་ལུས་པ་གསན། དེའི་ཚེ་མུ་གེ་ཆེན་པོ་བྱུང་བ་ན། གནས་བརྟན་སྒྲ་གཅན་འཛིན་གྱི་བཀའ་ལྟར་དགོན་པའི་ཞལ་ཏ་བ་གནང་ཞིང་། གླིང་བར་ནས་གསེར་འགྱུར་གྱི་རྩི་བཞེས་ནས་ཟངས་མང་པོ་གསེར་དུ་བསྒྱུར་ཏེ། མུ་གེ་མེད་པའི་ས་ནས་འབྲས་དང་ནས་ལ་སོགས་པ་འཚོ་བའི་ཡོ་བྱད་ཐམས་ཅད་དྲངས་ནས། ལོ་བཅུ་གཉིས་ཀྱི་བར་དུ་དགེ་འདུན་རྣམས་འཚོ་བས་ཕོངས་པ་མེད་པར་མཛད།
དགེ་འདུན་ལ་གནང་བ་མ་ཞུས་པར་ཚོང་བྱས་ནས་འཚོ་བ་སྦྱར་བ་ཆོས་འདུལ་བ་དང་འགལ་ཞེས་གནས་ནས་ཕྱུང་། དེ་ནས་ཡུལ་གཞན་དུ་བྱོན་ནས་ལྷ་ཁང་དང་མཆོད་རྟེན་མང་པོ་བཞེངས་ཤིང་། དགེ་སློང་བདེ་བྱེད་ཅེས་པས་ཐེག་ཆེན་གྱི་ལྟ་སྤྱོད་གཉིས་ཀ་སུན་འབྱིན་པར་བྱེད་པའི་གླེགས་བམ་མང་པོ་བརྩམས་པ་ལ། དེའི་གཉེན་པོར་ཆོས་རྒྱ་ཆེར་གསུངས་ཏེ་ལྟ་བ་ལོག་པ་དེ་རྣམས་སུན་ཕྱུང་། ཀླུ་རྒྱལ་འཇོག་པོས་ཀླུ་ཡུལ་དུ་གདན་དྲངས་པ་ལྟར་ཕེབས་ཏེ་ཆོས་རྒྱ་ཆེར་བསྟན། ཀླུ་ཡུལ་ནས་འབུམ་གདན་དྲངས།
   མཉན་ཡོད་སོགས་ཡུལ་དབུས་ཀྱི་གྲོང་ཁྱེར་ཆེན་པོ་རྣམས་སུ་ལྷ་ཁང་དང་མཆོད་རྟེན་མང་པོ་བཞེངས་ཤིང་། རྡོ་རྗེ་གདན་གྱི་བྱང་ཆུབ་ལྗོན་ཤིང་གི་མཐའ་སྐོར་དུ་རྡོའི་དྲ་མིག་གི་ར་བས་བསྐོར། དཔལ་ལྡན་འབྲས་སྤུངས་མཆོད་རྟེན་ལ་ལྕགས་རིས་བསྐོར་ཞིང་ལྷ་ཁང་བརྒྱ་རྩ་བརྒྱད་བཞེངས། བྱང་སྒྲ་མི་སྙན་དུ་ཕེབས་ནས་འགྲོ་དོན་མཛད། སྐུ་ཚེའི་སྨད་ལ་ལྷོ་ཕྱོགས་དཔལ་གྱི་རིར་བཞུགས་ཤིང་མདོ་སྔགས་ཀྱི་ཆོས་འཁོར་རྒྱ་ཆེར་བསྐོར།
   ལྷག་པར་ཆོས་དབྱིངས་བསྟོད་པ་སོགས་མཛད་ནས་གདུལ་བྱ་མང་པོ་ཐེག་པ་ཆེན་པོའི་ལམ་དུ་ཁྲིད་པར་མཛད་ཅིང་། རྒྱལ་བས་གསུངས་པའི་ངེས་དོན་གྱི་མདོ་རྣམས་སུས་ཀྱང་དོན་གཞན་དུ་བསྒྱུར་མི་ཐུབ་པར་ངེས་པ་བརྟན་པོར་མཛད་དོ། །དེ་ལྟར་བསྟན་པ་ལ་བྱ་བ་རྒྱ་ཆེར་མཛད་པ་ན། བདུད་སྡིག་ཏོ་ཅན་གྱིས་ཡིད་བསྒྱུར་བའི་རྒྱལ་པོ་བདེ་སྤྱོད་བཟང་པོའི་བུ་གཞོན་ནུ་ནུས་ལྡན་དུ་གྲགས་པས་དབུ་བསླངས་པར། སློབ་དཔོན་གྱིས་དབུ་སྟེར་བར་ཞལ་གྱིས་བཞེས་ཏེ། རྒྱལ་བུ་དེས་དབུ་བཅད་ནས་བཀྲོངས་སོ། །
   དེའི་ཚེ་ཁྲག་འོ་མར་བྱུང་ཞིང་དབུ་དེའི་ཞལ་ནས། ང་ནི་འདི་ནས་བདེ་བ་ཅན་དུ་འགྲོ། །ཕྱི་ནས་ལུས་འདི་ལ་ནི་འཇུག་པར་འགྱུར། །ཅེས་པའི་ཚིག་བྱུང་བར་གྲགས། དེ་ནས་རྒྱལ་བུས་དབུ་སླར་འབྱར་གྱིས་དོགས་ནས་དཔག་ཚད་གཅིག་ཙམ་དུ་དོར་བ་སློབ་དཔོན་བཅུད་ལེན་གྲུབ་པས་སྐུ་ལུས་དང་དབུ་རྡོ་རུ་གྱུར་ཅིང་། སླར་རིམ་གྱིས་དབུ་དང་སྐུ་ལུས་གཉིས་ཀ་མ་ཉམས་པར་ལོ་རེ་བཞིན་ཇེ་ཉེ་ཇེ་ཉེར་སོང་ནས་མཐར་འབྱར་ནས་སློབ་དཔོན་རང་ཉིད་ཞལ་བཞུགས་དུས་ལྟར་བསྟན་པ་དང་འགྲོ་བའི་དོན་རྒྱ་ཆེར་མཛད་པར་གསུངས་སོ། །
རྣམ་ཐར་རྣམས་སུ་སློབ་དཔོན་འདིས་ཆོས་སྒྲ་ལན་གསུམ་བསྒྲགས་པར་གསུངས་ལ། སྟོན་པ་གཉིས་པ་ལྟ་བུར་གྱུར་པའི་སློབ་དཔོན་འདི་དགུང་ལོ་དྲུག་བརྒྱ་བཞུགས་ཟེར་བ་དང་། སུམ་བརྒྱ་བཞུགས་ཟེར་བའི་བཤད་སྲོལ་གཉིས་ཡོད་ཀྱང་དེ་གཉིས་ཀ་ལོ་ཕྱེད་ལོ་གཅིག་ཏུ་བརྩིས་པའི་ལུགས་ཡིན་པར་ཏཱ་ར་ནཱ་ཐའི་རྒྱ་གར་ཆོས་འབྱུང་དུ་གསུངས།
   སློབ་དཔོན་འདིས་མཛད་པའི་བསྟན་བཅོས་ལ། དབུ་མ་རིགས་ཚོགས་སོགས་མདོ་སྔགས་རིག་གནས་སོགས་ཀྱི་སྐོར་མང་ཞིང་། བོད་ཀྱི་གོང་མ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་བོད་སྐད་དུ་བསྒྱུར་བ་བསྟན་འགྱུར་གྱི་ནང་དུ་ཡོད། སློབ་མའི་གཙོ་བོར་གྱུར་པ་ཤཱཀྱ་མི་ཏྲ་དང་། ནཱ་ག་བོ་དྷི། ཨཱརྱ་དེ་ཝ། མ་ཏངྐི་པ། སངས་རྒྱས་བསྐྱངས། ལེགས་ལྡན་འབྱེད། སློབ་དཔོན་དཔའ་བོ་སོགས་མང་དུ་བྱུང་ངོ་།  །

སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས་བཏུས་ཏེ་བསྒྲིགས། ༢༠༡༧།༠༦།༠༧ལ།

དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་བྱ་དགོས་ཚེ་རྩོམ་ཁུངས་ཁ་གསལ་འགོད་དགོས།

ཤོག་ངོས་འདི་ལ་ཐེངས་ 15111 གཟིགས་འདུག མཐའ་མའི་བསྐྱར་བཅོས། 2018 ལོའི་ཟླ་བ། Sep ཚེས། 05 རེས་གཟའ། Wed
སེར་བྱེས་རིག་མཛོད་ཆེན་མོ།

དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག་སྟབས་བདེའི་རང་བཞིན་ཅན་གྱི་གློག་ཀླད་དང་ལག་ཐོག་ཁ་པར་ཆེ་ཆུང་ (laptop, iPad, iPod iPhone & Android) སོགས་ཀྱི་ནང་དུ་ཐུགས་འདོད་ལྟར་ཕབ་ལེན་དང་གཟིགས་ཀློག་གནང་རོགས། 

དྲ་ཚིགས།: www.serajeyrigzodchenmo.org  གློག་འཕྲིན་ཁ་བྱང་། serajeyrigzodchenmo@gmail.com