དྲ་ཐོག་འཇུག་དུས། 2024 ལོའི་ཟླ་བ། Feb ཚེས། 29 རེས་གཟའ། Thu

ལཱ་ལི་ཏའི་འཇིགས་བྱེད་སྒྲུབ་ཐབས་ཆེ་ཆུང་།

དྲ་འཇུག་པ།
ཚད་གཞི།
(1 འོས་འཕེན། )

sjrb-0430མཛད་པ་པོ། གྲུབ་ཆེན་ལཱ་ལི་ཏ་བཛྲ།
བརྗོད་བྱ། རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་ཐབས།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0430
ཡིག་ཆའི་རྣམ་པ། PDF མ་ཕྱིའི་པར་རྩ། སྡེ་དགེའི་ཤིང་པར།
ཤོག་གྲངས། 33 ལྗིད་ཚད། 899KB
རྩོམ་སྒྲིག་ཁང་། སེར་བྱེས་རིག་མཛོད་ཆེན་མོ།
༢༠༢༤ ཟླ་གཉིས་པར་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས། འཕྲུལ་དེབ་འདིར་དཔལ་ན་ལེནྡྲའི་པཎྜི་ཏ་གྲུབ་ཆེན་ལཱ་ལི་ཏ་བཛྲས་མཛད་པའི་རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་ཐབས་ཆེ་ཆུང་གཉིས་གཏོར་མའི་ཆོ་ག་བཅས་བཞུགས་ཡོད་ལ་འདིའི་བྱུང་རིམ་ནི། གྲུབ་ཆེན་ལཱ་ལི་ཏས་འཇམ་དཔལ་མཚན་བརྗོད་ཞལ་འདོན་མཛད་པའི་ཚེ། རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད། །ཅེས་པ་དང༌། གཤིན་རྗེ་གཤེད་པོ་བགེགས་ཀྱི་རྒྱལ། །ཞེས་པ་རྣམས་ཀྱི་དོན་ལ་བསམས་ནས་རྡོ་རྗེ་འཇིགས་བྱེད་ཆེན་པོའི་རྒྱུད་ཡོད་པར་བསམས་ནས་འཕགས་ཡུལ་དུ་རྩད་གཅོད་མཛད་ཀྱང་སྐབས་དེར་རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད་འཕགས་ཡུལ་དུ་མ་བཞུགས་པས་མ་རྙེད། ཕྱིས་སུ་ཨྱོན་གྱི་ཡུལ་ན་བཞུགས་པར་མཁྱེན་ནས་དཀའ་ཚེགས་ཆེན་པོས་ཨོ་རྒྱན་གྱི་ཡུལ་དུ་བྱོན་ནས་ཡེ་ཤེས་ཀྱི་མཁའ་འགྲོ་མས་རྗེས་སུ་བཟུང་སྟེ་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་དབང་དང་གཤིན་རྗེའི་གཤེད་དམར་ནག་གཉིས་ཀྱི་དབང་དང་གདམས་པ་རྣམས་གསན། རྒྱུད་ཀྱི་གླེགས་བམ་གནང་དགོས་པར་གསོལ་བ་བཏབ་པ་ན། ཡེ་ཤེས་ཀྱི་མཁའ་འགྲོ་མས་རྡོ་རྗེ་འཇིགས་བྱེད་ཆེན་པོའི་རྩ་བའི་རྒྱུད་རྒྱས་པ་བསྟན་ཏེ་ཞག་བདུན་གྱི་རིང་ལ་འདིའི་ནང་ནས་གང་བློ་ལ་གཟུང་ཐུབ་པ་རྣམས་ཟུངས། དེ་ལས་མི་ཡོང་ཞེས་རྒྱུད་ཐམས་ཅད་མ་གནང་བ་ན། གྲུབ་ཆེན་གྱིས་ཞག་བདུན་གྱི་རིང་ལ་གླེགས་བམ་ཆེན་པོ་འདི་ནས་མང་པོ་ཞིག་འཛིན་མི་ཐུབ་པས་སྨོན་ལམ་གདབ་པ་གལ་ཆེ་དགོངས་ནས་ཞག་བདུན་གྱི་རིང་རྒྱུད་ཀྱི་གླེགས་བམ་རྣམས་ལ་མཆོད་པ་ཕུལ་ཏེ་ཕྱག་དང་བསྐོར་བ་བྱེད་ཅིང་གསོལ་བ་ཤུགས་དྲག་བཏབ་པ་ན། རྟོག་པ་སུམ་བརྒྱའི་ནང་ནས་དངོས་གྲུབ་ཀྱི་རྟོག་པ་ཞེས་བྱ་བ་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་རྒྱུད་རྟོག་པ་བདུན་པ་སོགས་ཐུགས་ལ་གསལ་བར་ཤར། འདི་ལ་ནོར་འཁྲུལ་དང་ལྷག་ཆད་ཡོད་དམ་མེད་བལྟ་དགོས་དགོངས་པ་ན། དེའི་ཐད་ཀྱི་གླེགས་བམ་རང་ཞལ་ཕྱེ་ནས་ཐུགས་ལ་གང་ཤར་བ་ཇི་བཞིན་བྱུང༌། དེ་ལྟར་འཇིགས་བྱེད་ཀྱི་ཆོས་སྐོར་རྣམས་ཨུ་རྒྱན་ནས་སྤྱན་དྲངས་ཤིང་འཕགས་ཡུལ་དུ་བྱོན་ནས་སྒྲུབ་ཐབས་ཆེ་ཆུང་སོགས་མཛད་ཅིང་རྡོ་རྗེ་འཇིགས་བྱེད་ཀྱི་ཆོས་སྐོར་རྣམས་དར་བར་མཛད།

ཤོག་ངོས་འདི་ལ་ཐེངས་ 162 གཟིགས་འདུག མཐའ་མའི་བསྐྱར་བཅོས། 2024 ལོའི་ཟླ་བ། Feb ཚེས། 29 རེས་གཟའ། Thu
རིག་མཛོད་རྩོམ་སྒྲིག་པ།

དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག་སྟབས་བདེའི་རང་བཞིན་ཅན་གྱི་གློག་ཀླད་དང་ལག་ཐོག་ཁ་པར་ཆེ་ཆུང་(Laptop, iPad, iPod iPhone & Android) གང་ཡིན་ཐོག་ཏུ་རང་རང་གི་ཐུགས་འདོད་ལྟར་ཕབ་ལེན་དང་གསན་གཟིགས་གནང་རོགས། 

དྲ་ཚིགས།: www.serajeyrigzodchenmo.org  ཡིག་འབྲེལ་དྲ་བྱང་། serajeyrigzodchenmo@gmail.com