སེར་བྱེས་རིག་མཛོད་ཆེན་མོ།

སེར་བྱེས་རིག་མཛོད་ཆེན་མོ།

དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག་སྟབས་བདེའི་རང་བཞིན་ཅན་གྱི་གློག་ཀླད་དང་ལག་ཐོག་ཁ་པར་ཆེ་ཆུང་ (laptop, iPad, iPod iPhone & Android) སོགས་ཀྱི་ནང་དུ་ཐུགས་འདོད་ལྟར་ཕབ་ལེན་དང་གཟིགས་ཀློག་གནང་རོགས། 

དྲ་ཚིགས།: www.serajeyrigzodchenmo.org  གློག་འཕྲིན་ཁ་བྱང་། serajeyrigzodchenmo@gmail.com

རྒྱུད་སྨད་མཁན་ཟུར་དགེ་བཤེས་ངག་དབང་སངས་རྒྱས་མཆོག་ནི། བོད་རབ་བྱུང་བཅུ་དྲུག་པའི་ལྕགས་ཕོ་ཁྱིའི་ལོ་༡༩༧༠ལོར་ལ་དྭགས་ས་ཕུད་དུ་ཡབ་ཚེ་དབང་ནོར་འཕེལ་དང་ཡུམ་ཕུན་ཚོགས་དབང་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཕྱི་ལོ་༡༩༧༩ ལོར་གདན་ས་ཆེན་པོ་སེ་ར་ཐེག་པ་ཆེན་པོའི་གླིང་དུ་ཕེབས་ནས་སེར་བྱེས་མཁན་ཟུར་རིན་པོ་ཆེ་རྒན་ངག་དབང་ལེགས་ལྡན་གྱི་དྲུང་ནས་རབ་ཏུ་བྱུང་སྟེ། མཚན་ལ་ངག་དབང་སངས་རྒྱས་ཞེས་གསོལ།
༸གོང་ས་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་དང་། དགའ་ལྡན་ཁྲི་ཟུར་རྡོ་རྗེ་འཆང་ཆེན་པོ་༸རྗེ་བཙུན་བློ་བཟང་བསྟན་འཛིན། དགའ་ལྡན་ཁྲི་ཟུར་རིན་པོ་ཆེ་རི་རྫོང་སྲས་རིན་པོ་ཆེ་རྗེ་བཙུན་ཐུབ་བསྟན་ཉི་མ་ལུང་རྟོགས་བསྟན་འཛིན་ནོར་བུ། གཙང་པ་མཁན་ཟུར་རིན་པོ་ཆེ་རྗེ་བཙུན་བློ་བཟང་ཚེ་རིང་དང༌། མཁན་ཟུར་རིན་པོ་ཆེ་རྗེ་བཙུན་རྡོ་རྗེ་བཀྲ་ཤིས། མཁན་ཟུར་རིན་པོ་ཆེ་རྗེ་བཙུན་བློ་བཟང་བདེ་ལེགས། དགེ་བའི་བཤེས་གཉེན་ཆེན་པོ་རྒན་ཀརྨ་བསོད་ནམས་སོགས་དགེ་བའི་བཤེས་གཉེན་མང་དུ་བསྟེན་ནས་བསྡུས་གྲྭ་ནས་བཟུང་གཞུང་ཆེན་བཀའ་པོད་ལྔའི་སློབ་གཉེར་གསན་བསམ་མཐའ་ཆོད་པ་མཛད་ཅིང་། གཞུང་ཆེན་མོའི་རྩ་འགྲེལ་མང་པོ་ཐུགས་འཛིན་མཛད་པ་དང་། གཞུང་ཆེན་མོའི་བཤད་ཁྲིད་དང་དབང་རྗེས་གནང་སོགས་ཀྱང་མང་དུ་གསན། སློབ་གཉེར་གྱི་ཞོར་ལ་སློབ་གཉེར་བ་གཞོན་པ་དག་ལ་དཔེ་ཁྲིད་གནང་རྒྱུའི་དབུ་འཛུགས་མཛད་ཅིང་རྒྱུན་བསྐྱངས།
དགུང་གྲངས་ཉི་ཤུ་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དྲུང་ནས་བསྙེན་པར་རྫོགས། ༡༩༩༥ལོར་དགེ་ལུགས་རྒྱུགས་སྤྲོད་དུ་ཞུགས་ནས་ལོ་དྲུག་རིང་གི་བསླབ་གཞི་ཡོངས་སུ་རྫོགས་ཏེ་ཕྱི་ལོ་༢༠༠༠ལོར་བསླབ་པ་མཐར་སོན་ཏེ་གདན་གསུམ་མཁས་མང་འདུས་པ་རྒྱ་མཚོའི་དབུས་སུ་ལྷ་རམས་དམ་བཅའ་བཞག །ཕྱི་ལོ་༢༠༠༡ལོར་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་རྒྱུད་ལ་ཞུགས་ཏེ་འགྲེལ་པ་བཞི་སྦྲགས་ཀྱིས་གཙོས་གསང་ཆེན་རྒྱུད་སྡེ་བཞི་ལ་གསན་བསམ་རྒྱ་ཆེར་མཛད། སྨད་རྒྱུད་དུ་བཞུགས་རིང་སྨད་རྒྱུད་པའི་དོན་གཉེར་ཅན་ཁག་ཅིག་དང་རྫོང་དཀར་ཆོས་སྡེར་ཕེབས་ནས་ཀྱང་དཔེ་ཁྲིད་མང་དུ་གནང་། དེ་ནས་སླར་ཡང་སྔར་བཞིན་སེར་བྱེས་མཁས་སྙན་གྲྭ་ཚང་དུ་ལོ་ཉི་ཤུ་ལྷག་གི་རིང་གཞུང་ཆེན་བཀའ་པོད་ལྔ་གཙོ་བོར་གྱུར་པའི་མདོ་སྔགས་ཀྱི་གཞུང་མང་པོ་ཉིན་རེར་ཆད་མེད་དུ་དཔེ་ཁྲིད་མཛད། འཛིན་གྲྭ་མང་པོ་ཞིག་ལ་བསྡུས་གྲྭ་ནས་བཟུང་གཞུང་ཆེན་པོད་ལྔའི་དཔེ་ཁྲིད་རྒྱུན་མཐུད་ནས་གནང་སྟེ་སློབ་གཉེར་མཐར་ཕྱིན་པའི་བར་བཀའ་དྲིན་གྱིས་སྐྱོང་བར་མཛད། ༢༠༠༥ནས་སེར་བྱེས་སློབ་གཉེར་དགེ་རྒན་གྱི་འགན་ཁུར་བའི་རིང་འཛིན་གྲྭ་སོ་སོའི་བསླབ་གཞི་དང་དུས་ཚོད་དང་བསྟུན་ནས་རྩོད་པ་འགྲོ་ཕྱོགས་བཅས་གཏན་འཁེལ་བ་གནང་བས་སློབ་གཉེར་ཡར་རྒྱས་ལ་སྐུལ་མ་ཆེན་པོ་ཐེབས། ༢༠༡༣ལོར་སེར་བྱེས་དགེ་སྐོས་ཀྱི་ཐུགས་འགན་བཞེས་ཏེ་ཁྲིམས་སྒྲིག་ལམ་ཐམས་ཅད་དམ་ཆོས་འདུལ་བ་དང་མཐུན་པར་བསྐྱངས། ཕྱི་ལོ་༢༠༡༧ལོར་སྨད་རྒྱུད་གྲྭ་ཚང་གི་དགེ་བསྐོས་སུ་བཞེངས་ཏེ་ཁྲིམས་སྒྲིག་ལམ་གནོན་སྡོམ་སོགས་ལ་ཕྱག་ལས་མཐའ་འཁྱོལ་བ་གནང་། ཕྱི་ལོ་༢༠༢༡ལ་དཔལ་ལྡན་སྨད་རྒྱུད་པའི་བླ་མ་དབུ་མཛད་ཀྱི་ཁྲིར་བཞུགས་པ་དང་། ༢༠༢༣ཟླ་༡༠པར་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་མཁན་རབས་༡༠༣པའི་ཁྲིར་མངའ་གསོལ་མཛད། སྔ་ཕྱི་འདི་དག་ཏུ་རྒྱལ་བསྟན་སྤྱི་དང་བྱེ་བྲག་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་གསང་སྔགས་ཀྱི་འཆད་ཉན་དམ་ཆོས་འགྲེལ་པ་བཞི་སྦྲགས་དང་། གསང་བདེ་འཇིགས་གསུམ་གྱི་བསྐྱེད་རྫོགས། རྒྱུད་ཀྱི་ཊཱིཀྐ་སོགས་འཆད་ཉན་གྱི་སྔར་ཡོད་སྲོལ་བཟང་མ་ཉམས་གོང་འཕེལ་གྱིས་བསྟན་པའི་མཛེས་རྒྱན་དུ་འགྲོ་བར་མཛད་ཅིང་། གྲྭ་ཚང་གི་བསླབ་པ་སློབ་གཉེར་དང་སྒྲིག་ལམ་ལ་གཟིགས་རྟོག །ཊཱིཀྐའི་དགུན་ཆོས་ཆེན་མོ་མཚན་ཕུད་དམ་བཅའ་དང་བཅས་པ་གསར་འཛུགས་བསྐྱངས་ནས་མ་འོངས་པར་ལོ་བསྟར་ཆགས་སུ་མུ་མཐུད་འཚོག་རྒྱུའི་མཐུན་རྐྱེན་སྦྱོར་ཕྱོགས་བཅས་བཀོད་སྒྲིག་འཐུས་སྒོ་ཚང་བ་གནང་།
གཞན་ཡང་། སྨད་རྒྱུད་གྲྭ་ཚང་ལ་ལོ་གཅིག་གི་ཆོས་ཐོག་འགྲིམ་མཁན་དགེ་བཤེས་རྣམས་ཀྱི་ཆེད་དུ་བཞུགས་ཤག་ཐོག་བརྩེགས་གསུམ་ལྡན་གསར་བཞེངས་མཛད། སློབ་གྲྭའི་འཛིན་ཁང་། རྒྱུད་པ་གྲྭ་ཚང་གི་དགེ་འདུན་པ་རྣམས་ཀྱི་བཞུགས་ཤག་གསར་རྒྱག །རྒྱུད་པ་གྲྭ་ཚང་གི་དཔེ་མཛོད། རྒྱུད་པ་གྲྭ་ཚང་གི་ཆོས་ར་རྒྱ་བསྐྱེད། དགེ་འདུན་པ་དང་མི་མང་གི་འཕྲོད་བཞེས་སླད་གླིང་སྐོར་ཕེབས་ཡུལ་ལམ་ཆེན་གསར་བསྐྲུན་མཛད་པ་བཅས་བསྟན་པ་འཁོར་ལོ་གསུམ་གྱིས་སྐྱོང་བར་མཛད།
ཕྱི་ལོ་༢༠༢༦ཟླ་༡༠པར་སྨད་རྒྱུད་གྲྭ་ཚང་གི་མཁན་པོའི་མཛད་འགན་ལེགས་པར་མཐར་ཕྱིན་ནས་སེར་བྱེས་མཁས་སྙན་གྲྭ་ཚང་དུ་སྔར་བཞིན་སློབ་ཚོགས་འདུས་པ་རྒྱ་མཚོར་གང་ལ་གང་དགོས་ཀྱི་མདོ་སྔགས་ཀྱི་དཔེ་ཁྲིད་ཆུ་བོའི་རྒྱུན་བཞིན་ཆད་པ་མེད་པར་གནང་བཞིན་བཞུགས་པ་ལགས་སོ། །

༢༠༢༦ ཟླ་ ༡༠ ཚེས་ ༢༦ ལ་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་ཁང་ནས།

ངོ་ཤོག 112 ནས་ 753