རྒྱུད་སྟོད་སྨད་ཀྱི་མཁན་པོ་རིམ་བྱོན།

རྒྱུད་སྟོད་སྨད་ཀྱི་མཁན་པོ་རིམ་བྱོན། (2)

དྲ་ཐོག་འཇུག་དུས། 2023 ལོའི་ཟླ་བ། Nov ཚེས། 17 རེས་གཟའ། Fri

དགེ་བཤེས་ལྷ་རམས་པ་ངག་དབང་སངས་རྒྱས།

དྲ་འཇུག་པ།

ཕྱི་ལོ་ ༢༠༢༣ ཕྱི་ཟླ་ ༡༠ ཚེས་ ༡༤ ཉིན། དཔལ་ལྡན་སྨད་རྒྱུད་པའི་བླ་མ་དབུ་མཛད་མདོ་སྔགས་གཞུང་ལུགས་རྒྱ་མཚོའི་མངའ་བདག་ཡོངས་ཀྱི་དགེ་བའི་བཤེས་གཉེན་པོ་དགེ་བཤེས་ལྷ་རམས་པ་རྗེ་བཙུན་ངག་དབང་སངས་རྒྱས་དཔལ་བཟང་པོ་མཆོག་ཉིད། གསང་ཆེན་བསྟན་པའི་མཛོད་འཛིན་དཔལ་ལྡན་སྨད་རྒྱུད་པའི་མཁན་ཐོག་ ༡༠༣ པའི་ཁྲི་འཕང་མཐོན་པོར་མངའ་གསོལ་མཛད་པའི་དུས་བཟང་ལ་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ།

སེར་བྱེས་དགེ་བཤེས་ལྷ་རམས་པ་ངག་དབང་སངས་རྒྱས་མཆོག་ནི། ཕྱི་ལོ་ ༡༩༧༠ ལོར་ལ་དྭགས་ས་ཕུད་དུ་སྐུ་འཁྲུངས། ཕྱི་ལོ་ ༡༩༧༩ ལོར་སེར་བྱེས་མཁས་སྙན་གྲྭ་ཚང་དུ་ཆོས་ཞུགས་གནང་། དགེ་བའི་བཤེས་གཉེན་དུ་མ་བསྟེན་ནས་གཞུང་ཆེན་ལ་སློབ་གཉེར་མཐར་སོན་པ་གནང་། དགུང་ལོ་སོ་གཅིག་པ་ ༢༠༠༡ ལོར་དགེ་བཤེས་ལྷ་རམས་པའི་དམ་འཇོག་གནང་། གདན་ས་རང་དུ་རྒྱུན་བཞུགས་གྱིས་གཞུང་ཆེན་བཀའ་པོད་ལྔའི་དཔེ་ཁྲིད་རྒྱུན་མར་གནང་སྟེ་གདན་སའི་སློབ་གཉེར་པ་བརྒྱ་ཕྲག་དུ་མ་བཤད་སྒྲུབ་འཆད་ཉན་གྱིས་སྐྱོང་བར་མཛད།

༧གོང་ས་ ༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་ལྟར་ཕྱི་ལོ་ ༢༠༢༡ ལོ་ནས་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་བླ་མ་དབུ་མཛད་ཀྱི་མཛད་ཁུར་བཞེས་ཤིང་། ཕྱི་ལོ་ ༢༠༢༣ ཟླ་ ༡༠ ཚེས་ ༡༤ ཉིན་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་མཁན་ཁྲིར་མངའ་གསོལ་མཛད་པ་ལགས་སོ།།

༢༠༢༣ ཟླ་ ༡༠ ཚེས་ ༡༤ ལ་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་ཁང་ནས།

དྲ་ཐོག་འཇུག་དུས། 2022 ལོའི་ཟླ་བ། Oct ཚེས། 16 རེས་གཟའ། Sun

རྒྱུད་སྟོད་སྨད་ཀྱི་མཁན་པོ་མཁན་ཟུར།

དྲ་འཇུག་པ།

འདིའི་ནང་དུ་གྲྭ་ཚང་རང་ནས་རྒྱུད་སྟོད་སྨད་ཀྱི་མཁན་ཁྲི་ལས་དགའ་ལྡན་ཁྲི་དང་ཤར་བྱང་གི་ཆོས་རྗེར་མ་ཕེབས་པའི་སྐྱེས་བུ་དམ་པ་རྣམས་ཀྱི་མཚན་ཐོ་དང་། སྐུ་པར་དང་ལོ་རྒྱུས་རྙེད་སོན་བྱུང་བ་དག་ལ་སྐུ་པར་དང་ངོ་སྤྲོད་མདོར་བསྡུས་རེ་མཉམ་དུ་བཀོད་ཡོད་ཅིང་། ད་དུང་འདིའི་ནང་དུ་མ་ཚུད་པ་དང་རྣམ་ཐར་དང་སྐུ་པར་མ་རྙེད་པ་དག་ཀྱང་འཚོལ་སྡུད་བྱ་རྒྱུ་དང་། འབྲེལ་ཡོད་རྣམ་པས་ཀྱང་མཁོ་སྤྲོད་དང་རྒྱབ་རོགས་གནང་རྒྱུ་མཁྱེན་མཁྱེན་ཞེས་དང་། སྐྱོན་དང་ནོར་འཁྲུལ་གང་ཡོད་ལ་བཟོད་གསོལ་དང་ཡོ་བསྲང་བྱ་ངེས་ཡིན། [རྒྱུད་སྟོད་སྨད་ཀྱི་མཁན་པོ་ནས་ཤར་བྱང་གི་ཆོས་རྗེ་སོགས་དང་། གྲྭ་ཚང་གི་མཁན་པོར་ཕེབས་པ་དག་གི་སྐུ་པར་ཁུངས་གཞན་དུ་བཞུགས་བཅུག་ཡོད་པས་འདིའི་ནང་དུ་མེད།]