དྲ་ཐོག་འཇུག་དུས། 2025 ལོའི་ཟླ་བ། Nov ཚེས། 19 རེས་གཟའ། Wed

༸དཔལ་ས་སྐྱ་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་ནས་སེ་ར་ཚོགས་ཆེན་དུ་བཀའ་སློབ་གནང་བ།

དྲ་འཇུག་པ།
ཚད་གཞི།
(0 འོས་འཕེན།)

ཕྱི་ཚེས་༡༦སྔ་དྲོར་སེ་ར་ཐེག་ཆེན་གླིང་གི་གྲྭ་ཚང་གཉིས་ཀྱི་མཁན་མཁན་ཟུར་རྣམ་པ་དང་། ཁྲིམས་བདག་དགེ་བསྐོས་རྣམ་གཉིས། དབུ་མཛད་ཆེན་མོ་ལགས། དེ་བཞིན་ཁང་རྒན་རྣམ་པ། རྒྱལ་སྲས་བླ་སྤྲུལ་ཁག་འདུས་ཚོགས་མང་དང་བཅས་པས་སེར་ཕྲེང་དང་། མཇལ་དར་སྤོས་སྣ་དང་བཅས་པས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་པ་དང་། གཙུག་ལག་ཁང་དུ་ཆིབས་བསྒྱུར་བསྐྱངས་མ་ཐག་མཆོད་མཇལ་སྣང་གསལ་ཞལ་འབྱེད་དང་། གསོལ་ཇ་རྟེན་འབྲེལ་འབྲས་སིལ་འདེགས་འབུལ་ཞུས་པ་སོགས་ཕེབས་སྟོན་མཛད་སྒོ་བསྟར་འབུལ་ཞུས།
ཐེངས་འདིར་ལྷག་པའི་ལྷ་རྗེ་བཙུན་འཇམ་དཔལ་དབྱངས་དཀར་པོའི་རྗེས་གནང་བསྩལ་གནང་རྒྱུའི་ཞལ་བཞེས་བཟང་པོ་ཐོབ་ཡོད་ན་ཡང་། བརྟན་བཞུགས་འབུལ་རྒྱུ་དང་དགོན་སྡེ་ཁག་ལ་ཆིབས་བསྒྱུར་བསྐྱང་དགོས་པ་སོགས་མཛད་རིམ་གྱི་རྐྱེན་པས་ཆོས་འབྲེལ་བསྡུས་ཙམ་གནང་དགོས་བྱུང་ཞིང་ཚིག་ཉུང་དོན་འདུས་ཀྱི་བཀའ་སློབ་གལ་ཆེན་ཁག་ཅིག་གནང་བ་དོན་བསྡུས་ཀྱིས་ཡིག་འབེབ་ཞུས་པ་གཤམ་གསལ།
༈ གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་ལ་བཅར་བའི་གོ་སྐབས་བྱུང་ནས་འདིར་བཅར་བའི་སྐབས་ལ་སྐྱབས་རྗེ་མཁན་རིན་པོ་ཆེ་རྣམ་པ་དང་། སྤྲུལ་པའི་སྐུ་རྣམ་པ། དགེ་བཤེས་རྣམ་པ། དགེ་འདུན་འདུས་ཚོགས་བྱིངས་དང་། མི་མང་ཚོ་ནས་སྣེ་ལེན་དགའ་བསུ་གཟབ་རྒྱས་གནང་བ་ལ་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་གཅིག་ཏུ་ཚང་མ་ལ་མཛའ་ཞིང་བརྩེ་བའི་འཚམས་འདྲི་དང་། བཀྲ་ཤིས་བདེ་ལེགས་ཡོད་ཞུ་བ་ཡིན།
ཁ་སང་ཐོག་མར་འཇམ་དབྱངས་དཀར་པོའི་རྗེས་གནང་འདོན་ཡ་བྱས་རེད་དེ། བརྟན་བཞུགས་ཡོད་པ་དང་དགོན་སྡེ་ཁག་ལ་མཆོད་མཇལ་ཞུ་ཡ་སོགས་ཀྱིས་དུས་ཚོད་མི་འདུག་པས་ས་བཅད་མ་སྟོང་ཙམ་དུ་འཇམ་དབྱངས་དཀར་པོའི་བཟླས་ལུང་ཞིག་ཕུལ་ནས་དེས་གོ་ཆོད་པ་བྱེད་ཡ་ཡིན།
དེ་ལ། མཐོང་དང་མ་མཐོང་ཡོན་ཏན་ནི། །ཀུན་གྱི་རྩ་བ་ཤེས་རབ་ཡིན། །ཞེས་གསུངས་པ་ལྟར་མཐོང་བ་མངོན་གྱུར་དང་མ་མཐོང་བ་ལྐོག་གྱུར་དང་ཤིན་ཏུ་ལྐོག་གྱུར་གྱི་ཡོན་ཏན་ཐམས་ཅད་ཀྱི་རྩ་བ་དེ་ཤེས་རབ་ཡིན་པ་རེད། ཤེས་རབ་མེད་ན་ཆོས་འཇིག་རྟེན་གྱི་བྱ་བ་གང་ཡིན་ཡང་བསྒྲུབ་ཐུབ་ཡ་དཀའ་ལས་ཁག་པོ་ཡོད་རེད། ལྷག་པར་དུ་ཆོས་ཀྱི་དབང་དུ་བྱས་པ་ཡིན་ན། སྐྱེ་བ་བརྗེ་བའི་སྐབས་ལ་ལུས་འདི་དོར་འགྲོ་གི་ཡོད་ཀྱང་རྣམ་པར་ཤེས་པའི་རྒྱུན་དེ་ཆད་འགྲོ་བ་མེད་པར་སྡིག་པ་བྱས་པ་ལ་བརྟེན་ནས་ངན་འགྲོ་ངན་སོང་གི་གནས་སུ་ལྷུང་འགྲོ་བ་དང་། དགེ་བ་བྱས་པ་ལ་བརྟེན་ནས་མཐོ་རིས་ཀྱི་གནས་སུ་སྐྱེས་འགྲོ་བ་རེད། དེ་ཡིན་དུས་ངན་སོང་གི་སྡུག་བསྔལ་ལ་འཇིགས་ནས་མཐོ་རིས་ལྷ་མིའི་གོ་འཕང་དོན་དུ་གཉེར་མཁན་ཞིག་ཡིན་ན་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་བསྲུང་དགོས་ཀྱི་ཡོད་པ་རེད། དེ་ཡིན་དུས། མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་བསྲུང་བར་བྱེད་པ་ལ་ཤེས་རབ་མེད་ན་བསྲུང་བྱ་གང་ཡིན་ཧ་གོ་ཡ་ཡོད་མ་རེད། དེ་ཡིན་དུས་སྐྱེས་བུ་ཆུང་ངུའི་ལམ་གྱི་དབང་དུ་བྱས་པ་ཡིན་ན་ཡང་ཤེས་རབ་དེ་གལ་ཆེན་པོ་ཡིན་པ་རེད།
སྐྱེས་བུ་འབྲིང་གི་དབང་དུ་བྱས་ན། ངན་སོང་ངན་འགྲོའི་གནས་སུ་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་ཡོད་པ་སྨོས་མ་དགོས་པ་རེད་དེ། མཐོ་རིས་ཀྱི་གནས་སུ་ཡང་མ་བརྟག་མ་དཔྱད་པའི་དབང་དུ་བཏང་བ་ཡིན་ན་བདེ་སྡུག་འདྲེས་མའི་གནས་ཚུལ་ཞིག་ཆགས་ཀྱི་ཡོད་ཀྱང་། དོན་དངོས་པོའི་གནས་ཚོད་ལ་ཐམས་ཅད་སྡུག་བསྔལ་གྱི་རང་བཞིན་ཡིན་པ་རེད། དེ་ཡིན་དུས་འཁོར་བ་མཐའ་དག་སྡུག་བསྔལ་གྱི་རང་བཞིན་དུ་མཐོང་ནས། རང་ཉིད་གཅིག་བུ་ཞི་བ་མྱ་ངན་ལས་འདས་པའི་གོ་འཕང་དོན་དུ་གཉེར་བ་ལ། འཁོར་བའི་རྩ་བ་བདག་འཛིན་མ་རིག་སྤོང་དགོས་ཀྱི་ཡོད་པ་རེད། དེ་སྤོང་བར་བྱེད་པ་ལ། དེ་དང་འཛིན་སྟངས་དངོས་སུ་འགལ་བའི་བདག་མེད་རྟོགས་པའི་ཤེས་རབ་ཁྱད་པར་ཅན་སྐྱེ་དགོས་ཀྱི་ཡོད་པ་རེད། དེ་ཡིན་དུས་སྐྱེས་བུ་འབྲིང་གི་དབང་དུ་བྱས་པ་ཡིན་ན་ཡང་ཤེས་རབ་གལ་ཆེན་པོ་ཡིན་པ་རེད།
སྐྱེས་བུ་ཆེན་པོའི་དབང་དུ་བྱས་པ་ཡིན་ན། སེམས་ཅན་དུ་གཏོགས་ཚད་ཚང་མ་སྐྱེ་བ་ཐོག་མ་མེད་པ་ནས་ད་ལྟ་བར་དུ་སྐྱེ་བ་གྲངས་མེད་པ་བླངས་ཡོད་པ་རེད། མ་འོངས་པ་ཡིན་ན་ཡང་། ཇི་སྲིད་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཞིག་མ་ཐོབ་ཀྱི་བར་དུ་སྐྱེ་བ་ལུ་གུ་རྒྱུད་དུ་མུ་མཐུད་ནས་ལེན་དགོས་པ་རེད། དེ་འདྲ་ཡིན་དུས་སེམས་ཅན་དུ་གཏོགས་ཚད་ཚང་མ་ང་ཚོའི་ཕ་མར་གྱུར་མ་མྱོང་བ་གཅིག་ཀྱང་མེད་པ་རེད། ཕ་མར་གྱུར་རེས་བཞིན་དུ་ཚེ་འདིའི་ཕ་མས་བྱས་པ་བཞིན་དུ་སྡུག་བསྔལ་དུ་མ་ལས་བསྐྱབས་ཕན་པ་ཚད་མེད་པ་བཏགས་མཁན་གྱི་དྲིན་ཅན་ཤ་སྟག་ཡིན་པ་རེད། དེ་ཡིན་དུས། དེ་དག་ལ་དྲིན་གཟོ་བའི་ཕན་འདོགས་པའི་བྱམས་པ་དང་། སྡུག་བསྔལ་ལས་བསྐྱབ་འདོད་ཀྱི་སྙིང་རྗེ་དང་། དེ་དག་གིས་ཀུན་ནས་བསླངས་ཏེ་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་བསྒྲལ་བ་དང་། བདེ་བ་ལ་འགོད་པའི་ཆེད་དུ་རྣམ་པ་ཐམས་ཅན་མཁྱེན་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་དོན་དུ་གཉེར་བ་ཡིན་ན་སྐྱེས་བུ་ཆེན་པོའི་ལམ་ཡིན་པ་རེད། དེ་ལ་ཡང་ཤེས་རབ་མེད་དུ་མི་རུང་བ་ཡིན་པ་རེད། གང་ཡིན་ཟེར་ན། དེའི་ལམ་གྱི་སྙིང་པོ་ཕར་རོལ་ཏུ་ཕྱིན་པ་དྲུག་ཡིན་པ་རེད། ཕ་རོལ་ཏུ་ཕྱིན་པ་དྲུག་གི་ནང་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་གལ་ཆེ་ཤོས་རེད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་འབྲེལ་ན། ཤེས་རབ་མེད་ན་མིག་མེད་ཕ་རོལ་ཕྱིན་ལྔ་འདི། །དམིགས་བུ་མེད་པས་བྱང་ཆུབ་རེག་པར་ནུས་མ་ཡིན། །གསུངས་པས་ཕ་རོལ་ཏུ་ཕྱིན་པ་གཞན་དག་མིག་མེད་པ་ལྟ་བུ་དང་དེ་དག་ལ་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་མིང་ཡང་མི་འཐོབ་པ་ལྟ་བུ་ཡིན་པ་རེད། དེ་ཡིན་དུས་སྐྱེས་བུ་ཆེན་པོའི་ལམ་གྱི་དབང་དུ་བྱས་པ་ཡིན་ན་ཡང་ཤེས་རབ་དེ་གལ་ཆེན་པོ་ཡིན་པ་རེད།
སྔགས་ཀྱི་དབང་དུ་བྱས་པ་ཡིན་ན་ཡང་། སྔགས་ཀྱི་ཁྱད་ཆོས་བཤད་དུས། དབང་པོ་རྣོན་པའི་དབང་བྱས་ནས། །ཞེས་གསུངས་པ་རེད། དེ་ཡིན་དུས་དབང་པོ་རྣོན་པོ་ཟེར་དུས་ཤེས་རབ་དང་ལྡན་པ་ཞིག་དགོས་པ་རེད། དེར་མ་ཟད་གསང་སྔགས་མཐའ་དྲུག་ཚུལ་བཞི་སོགས་ཀྱི་རྒྱས་བཏབ་ཡོད་དུས་ཙ་ན་ལམ་སང་རྟོགས་ཐུབ་ཡ་ཡོད་མ་རེད། སེམས་ཅན་ཐམས་ཅད་ལ་བདེ་གཤེགས་སྙིང་པོས་ཁྱབ་བསྡད་པ་ཡིན་དུས་ཤེས་རབ་ཀྱི་ཉེར་ལེན་གྱི་རྒྱུ་དེ་སོ་སོའི་རྒྱུད་ན་ཡོད་རེད་དེ། དེ་སད་པར་བྱེད་པ་ལ་རྐྱེན་ཤེས་རབ་ཀྱི་ལྷ་ཚོགས་ལ་གསོལ་བ་གདབ་དགོས་པ་ཡིན་པ་རེད། ཤེས་རབ་ཀྱི་ལྷ་མང་པོ་ཡོད་རེད་དེ། རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་ཡེ་ཤེས་གཅིག་ཏུ་བསྡུས་པའི་རང་གཟུགས་རྗེ་བཙུན་འཇམ་པའི་དབྱངས་ཡིན་པ་དང་། དེ་ལ་ཡང་འཇམ་དབྱངས་དཀར་པོ་དང་འཇམ་དབྱངས་ནག་པོ་ལ་སོགས་པ་གདུལ་བྱའི་བློ་དང་འཚམ་པའི་མི་འདྲ་བ་མང་པོ་ཡོད་རེད་དེ། འཇམ་དབྱངས་དཀར་པོ་གཞན་དང་མི་འདྲ་བར་ལོ་རྒྱུས་ངོ་མཚར་ཅན་ཡོད་པ་རེད། རྒྱ་གར་འཕགས་པའི་ཡུལ་གྱི་གྲུབ་ཐོབ་ཆེན་པོ་ཛེ་ཏཱ་རི་དགྲ་ལས་རྣམ་རྒྱལ་ཞུ་བས་འཇམ་པའི་དབྱངས་ཡང་ཡང་ཞལ་གཟིགས་བཀའ་ཆོས་ཡང་ཡང་གསན་གནང་གི་ཡོད་པ་རེད། ཁོང་དགུང་ལོ་ཆེན་པོར་ཕེབས་དུས་འཇམ་པའི་དབྱངས་ཀྱིས་ད་ཁྱེད་རང་ཡུན་རིང་པོར་འཚོ་མི་ཐུབ་པས་བརྒྱུད་པ་འཛིན་མཁན་སྣོད་དང་ལྡན་པ་གཅིག་བཙལ་དགོས་གསུངས་པ་རེད། དེ་ཁོང་གིས་རྫུ་འཕྲུལ་གྱིས་བཙལ་ཀྱང་མ་རྙེད། ཐ་མ་དེ་ལ་མི་རྒས་འཁོག་མ་ཧེ་འཚོ་བསྡད་མཁན་གང་ཡང་མི་ཤེས་མཁན་ཞིག་རྙེད་པ་རེད། དེ་སྣོད་ལྡན་གྱི་བུ་ལ་གཟིགས་ནས་ཁྱེད་རང་ངའི་བརྒྱུད་པ་འཛིན་དགོས་མཁན་ཡིན་འདུག་པས་གདམས་པ་སྟེར་གྱི་ཡིན་གསུངས་དུས། ང་ལོ་རྒས་ཅི་ཡང་མི་ཤེས་འཚོ་བ་ཡང་མེད་དཀའ་ལས་ཁག་པོ་རེད་ཞུས་དུས། དེ་ལ་འཇམ་པའི་དབྱངས་ཀྱི་རྗེས་གནང་སྩལ་ནས་བསྒྲུབས་པས་མཁས་པ་ཆེན་པོ་ཆགས་པ་ཡིན་པ་རེད། དེ་ནས་མར་བོད་གངས་ཅན་གྱི་ལྗོངས་ལ་བརྒྱུད་པ་ཡིན་པ་རེད། འཇམ་དབྱངས་དཀར་པོའི་སྒོ་ནས་ལས་ཚོགས་དང་སྒྲུབ་ཐབས་མན་ངག་སོགས་མང་པོ་ཡོད་པ་རེད། ད་རེས་འཇམ་དབྱངས་དཀར་པོའི་རྗེས་གནང་འདོན་ཐུབ་མ་སོང་ཡང་བཟླས་ལུང་ཞིག་བྱེད་ཡ་ཡིན། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བཟླས་ལུང་ཞུས་ནས་འཇམ་པའི་དབྱངས་ཡི་དམ་ལ་བསྟེན། བཟླས་པ་བསགས། ཐུགས་རྗེ་བསྐུལ་ནས་ཤེས་རབ་མྱུར་དུ་འཇུག་པར་བྱེད་ཀྱི་ཡིན་སྙམ་པའི་ཀུན་སློང་དང་ལྡན་པའི་སྒོ་ནས་རྗེས་ཟློས་མཛོད།

ཆོས་འབྲེལ་སྩལ་རྗེས་སེར་སྐྱ་མི་མང་ཡོངས་སུ་བཀའ་སློབ་སྩལ་དོན། འགྲོ་བ་ལྷ་དང་བཅས་པའི་ཕན་བདེ་མ་ལུས་པའི་གཞི་རྩ་སངས་ཀྱི་བསྟན་པ་ཡིན་པ་དང་། སངས་རྒྱས་ཀྱི་བསྟན་པ་དེ་ཡང་ཕྱོགས་གཞན་དང་གཞན་དུ་དར་ཡོད་ཀྱང་། འཕགས་ཡུལ་པཎ་གྲུབ་ཚོའི་ཐུགས་བསྐྱེད་དང་། བོད་ཀྱི་ཆོས་རྒྱལ་ཚོའི་བཀའ་དྲིན་དང་། ལྷག་པར་དུ་དཀའ་བ་དུ་མ་སྤྱད་པའི་ལོ་ཙ་པ་ཆེན་པོ་རྣམས་ཀྱི་བཀའ་དྲིན་ལ་བརྟེན་ནས་བོད་དུ་སངས་རྒྱས་ཀྱི་བསྟན་པ་ཐེག་པ་ཆེ་ཆུང་སྔགས་དང་བཅས། ཐུན་མོང་རིག་གནས་དང་བཅས་པ་ཆ་ཚང་ལ་སྤུས་དག་པ། མཁས་པའི་རྣམ་དཔྱོད་དང་གྲུབ་པའི་ངོ་མཚར་གང་གི་ཐད་ནས་ཀྱང་ཆོས་ཀྱི་འབྱུང་ཁུངས་རྒྱ་གར་འཕགས་པའི་ཡུལ་དང་གཉིས་སུ་མེད་པ་ལྟ་བུ་བྱུང་ཡོད་པ་རེད། ཡིན་ན་ཡང་དུས་ཀྱི་དབང་གིས་གནས་སྟངས་དེ་འདྲ་ཞིག་ཆགས་པ་རེད། ༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བླ་ན་མེད་པའི་ཐུགས་བསྐྱེད་དང་། བཀའ་དྲིན་ལ་བསྟེན་ནས་རྒྱ་གར་འཕགས་པའི་ཡུལ་གཙོ་བོར་གྱུར་པའི་བོད་ཀྱི་ཕྱི་ལོགས་སུ་ཆོས་དང་ཆབ་སྲིད་གང་ཅིའི་ཐད་ནས་ཡར་རྒྱས་ཕུན་སུམ་ཚོགས་པ་སོང་དང་འགྲོ་བཞིན་པ་རེད།
ཆོས་ཟེར་བ་དེ་ཚེ་འདི་ལ་ལྟོས་ན་ཡང་གལ་ཆེན་པོ་རེད། ཚེ་ཕྱི་མ་ལ་ལྟོས་ན་དེ་བས་ཀྱང་ཆོས་མ་གཏོགས་གང་གིས་ཀྱང་ཕན་ཐོགས་ཡ་ཡོད་མ་རེད། དེ་ཡིན་དུས་ཆོས་གལ་ཆེན་པོ་རེད། ཆོས་དེ་ཡང་རྒྱལ་བ་རིན་པོ་ཆེས་བསྟན་པ་སྤྱི་བཙན་དང་གང་ཟག་སྒོས་བཙན་ཞེས་བཀའ་གནང་གི་ཡོད་པ་བཞིན། བོད་ལ་གསང་སྔགས་ཀྱི་བསྟན་པ་ཧ་ཅང་དར་བ་དེ་གང་ཟག་སྒོས་བཙན་གཙོ་བོ་ལྟ་བུ་ཆགས་ཡོད་ཅིང་། གདན་ས་ཆེན་པོ་ཚོའི་ནང་གཞུང་ཆེན་མོ་སློབ་གཉེར་གནང་བཞིན་པ་བསྟན་པ་སྤྱི་བཙན་གྱི་དབང་བྱས་པ་ཡིན་པ་རེད། དགེ་འདུན་འདུས་ཚོགས་དང་ཆོས་སྤྱོད་སློབ་གཉེར་འཕེལ་བ་དང་མཛད་པ་འཕྲིན་ལས་རྒྱས་པ་སོགས་གང་ཅིའི་ཐོག་ནས་མིས་སྨོན་དགོས་པ་དང་རྗེས་སུ་ཡི་རངས་ཞུ་དགོས་པ་ཞིག་འདུག །ད་དུང་ཡིན་ན་ཡང་བསྟན་པ་སྤྱི་དང་བྱེ་བྲག་དུས་སྐབས་ཧ་ཅང་གཉན་འཕྲང་ཅན་གྱི་དུས་སྐབས་འདི་འདྲ་ཞིག་ལ་སླེབས་ཡོད་པ་ཡིན་དུས། ཚུལ་གནས་ཐོས་དང་བསམ་ལྡན་པས། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་གསུངས་པ་བཞིན་ཕྱི་ཚུལ་ཁྲིམས་རྣམ་པར་དག་པ་ལ་གནས་པའི་ཐོག་ནས་ཐོས་བསམ་སྒོམ་གསུམ་གོ་རིམ་རིམ་པ་བཞིན་དུ་འགྲོ་དགོས་པ་དེ་གལ་ཆེན་པོ་རེད། དེའི་ནང་ནས་སྔོན་ལ་ཐོས་བསམ་གལ་ཆེན་པོ་ཡིན་དུས་གསན་བསམ་གནང་ཡ་ལ་དཀའ་ངལ་ཡོད་རེད་དེ། མཁས་པ་སློབ་པའི་ཚེ་ན་སྡུག །བདེ་བར་སྡོད་ལ་མཁས་མི་སྲིད། །བདེ་བ་ཆུང་ལ་ཆགས་པ་དེར། །ཆེན་པོའི་བདེ་བ་ཐོབ་མི་འགྱུར། །གསུངས་པ་རེད། དཀའ་ངལ་ཡོད་རེད་དེ། རང་དོན་བྱང་ཆུབ་བསྒྲུབ་པ་ལ་ཡང་ཐོས་བསམ་སློབ་གཉེར་བྱེད་པ་དེ་གལ་ཆེན་པོ་རེད། གཞན་དོན་འཕྲིན་ལས་རྒྱས་དགོས་ན་ཡང་ཐོས་བསམ་སློབ་གཉེར་མ་བྱས་ན་ཡོང་ཐུབ་ཡ་ཡོད་མ་རེད། དེ་སྔ་ཕན་ཆད་ལ་ཡང་སློབ་གཉེར་བསམ་གྱིས་མི་ཁྱབ་པ་ཡག་པོ་འདུག །ད་དུང་ཡིན་ན་ཡང་ཡར་རྒྱས་ལ་མཐའ་མེད་པ་ཡིན་དུས་རྒྱ་གར་ཤྲཱི་ན་ལེནྡྲའི་བཤད་པའི་རྒྱུན་གནས་བསྡད་པ་དེ་ཡར་རྒྱས་གོང་འཕེལ་ལ་ཐུགས་དགོངས་རྒྱ་མི་ཆུང་བ་གནང་རོགས་གནང་ཞུ་ཡ་ཡིན།
དེ་རིང་ཁ་སང་སྔ་མོ་དང་མི་འདྲ་བ་རེད། སྔ་མོ་ཡིན་ན་བོད་ལུང་པའི་ནང་ཡག་པོ་བྱུང་བ་ཡིན་ན་སྡུག་པོ་བྱུང་བ་ཡིན་ན་བོད་ནང་ལ་མ་གཏོགས་ཕྱི་ལོགས་ལ་ཁྱབ་ཡ་དེ་ཙམ་ཡོད་མ་རེད། དེ་རིང་ཁ་སང་གནས་ཚུལ་བཟང་ངན་ག་རེ་བྱུང་བ་ཡིན་ན་སྐད་ཅིག་གཅིག་ལ་འཛམ་བུའི་གླིང་ལ་ཁྱབ་ཐུབ་ཡ་ཡིན་དུས། དགེ་འདུན་པ་གཅིག་གིས་ཚུལ་ཁྲིམས་རྣམ་པར་དག་པ་བསྲུངས། བསླབ་པ་སློབ་གཉེར་ཡག་པོ་བྱས། བསྟན་པའི་མིག་རྒྱན་དུ་འགྱུར་བ་ཞིག་བྱུང་བ་ཡིན་ན། སོ་སོ་གཅིག་པོ་ཡག་པོ་བྱུང་བ་ཙམ་དུ་མ་ཟད་བསྟན་པ་སྤྱིའི་མཚན་མཐོང་གོང་འཕེལ་ཡོང་ཐུབ་པ་ཞིག་དང་། ཡང་གཅིག་གིས་སྤྱོད་པ་ཡག་པོ་མ་བྱུང་བ་དང་ཞབས་འདྲེན་དུ་གྱུར་པ་གཅིག་བྱུང་ན་སོ་སོ་གཅིག་པོ་ཙམ་མ་ཡིན་པར་བསྟན་པ་སྤྱིའི་མཚན་ཤས་སུ་འགྲོ་ཡ་ཉེན་ཁ་ཡོད་རེད། དེ་ཡིན་དུས་ཚང་མས་གཟབ་གཟབ་གནང་ནས་བསྟན་པའི་མིག་རྒྱན་དུ་འགྱུར་ཐུབ་པ་ཞིག་གནང་རོགས་གནང་ཞུ་ཡ་ཡིན།
མི་མང་ཚོ་ཡིན་ན་ཡང་། སྐྱེ་བ་སྔ་མ་རྣམས་སུ་བསོད་ནམས་རྒྱ་ཆེན་པོ་ཞིག་བསགས་པ་ལ་བརྟེན་ནས་ད་རེས་རྟེན་རྙེད་པར་དཀའ་བ་དལ་འབྱོར་གྱི་མི་ལུས་ཤིག་ཐོབ། འཕགས་མཆོག་ཕྱག་ན་པདྨོའི་གདུལ་ཞིང་དུ་སྐྱེས། ད་རེས་གོ་སྐབས་བཟང་པོ་ཞིག་བྱུང་བ་རེད། དེ་ཡིན་དུས་གོ་སྐབས་བཟང་པོ་ཆུད་ཟོས་སུ་མ་སོང་བར་དལ་འབྱོར་ལ་སྙིང་པོ་བླངས་ཏེ་མི་ཚེ་དོན་དང་ལྡན་པ་ཞིག་བྱེད་དགོས་པ་དེ་གལ་ཆེན་པོ་ཡིན་པ་རེད། སོ་སོ་ཡིན་ན་ཡང་སྐྱིད་པ་གཞན་ལ་ཡིན་ན་ཡང་ཕན་པ་ཞིག་བྱུང་བ་ཡིན་ན་མི་ཚེ་དོན་དང་ལྡན་པ་བྱུང་བ་རེད། སོ་སོ་ཡིན་ན་ཡང་མ་སྐྱིད་པ་གཞན་ལ་ཡིན་ན་ཡང་གནོད་པ་དེ་འདྲ་ཞིག་བྱུང་བ་ཡིན་ན་མི་ཚེ་ཆུད་ཟོས་སུ་སོང་བ་ཡིན་པ་རེད། མི་ཚེ་དོན་དང་ལྡན་པ་ཞིག་ཡོང་བ་ལ་ག་རེ་བྱེད་དགོས་རེད་ཟེར་བ་ཡིན་ན། སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །གསུངས་པ་རེད། ང་རང་ཚོ་འགྲོ་བ་མིས་མཚོན་པའི་སྲོག་ཆགས་འབུ་སྲིན་ཚུན་ཆད་ཚང་མས་སྡུག་བསྔལ་འདོད་ཀྱི་ཡོད་མ་རེད། སྡུག་བསྔལ་ཞི་བའི་ཆེད་དུ་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་བྱེད་ཀྱི་ཡོད་རེད། སྡུག་བསྔལ་མི་འདོད་པ་ཡིན་ན། སྡུག་བསྔལ་མེད་པར་ཤོག་ཅེས་སྨོན་ལམ་བཏབ་པ་གཅིག་པོས་ཡོང་གི་ཡོད་མ་རེད། སྡུག་བསྔལ་གྱི་རྒྱུ་སྤོང་དགོས་པ་རེད། སྡུག་བསྔལ་གྱི་རྒྱུ་སྡིག་པ་མི་དགེ་བ་ཡིན་པ་རེད། མི་དགེ་བ་ཟེར་བ། རྩ་བ་མ་རིག་པ་བདག་འཛིན་ལ་བརྟེན་པའི་ཉོན་མོངས་པ་འདོད་ཆགས། ཞེ་སྡང་། གཏི་མུག །ཕྲག་དོག །ང་རྒྱལ་ལ་སོགས་པ་དེ་དག་གིས་ཀུན་ནས་བསླངས་པའི་ལུས་ངག་ཡིད་གསུམ་གྱི་ལས་དེ་དག་ལ་མི་དགེ་བ་ཟེར་གྱི་ཡོད་པ་རེད། མི་དགེ་བ་ལ་བརྟེན་ནས་ཚེ་ཐུང་བ་དང་། ནད་མང་བ། ལོངས་སྤྱོད་དབུལ་བ། བསམ་པའི་རེ་བ་མ་འགྲུབ་པ། བྱ་བ་ལམ་འགྲོ་མེད་པ་ལ་སོགས་པ་མདོར་ན་མི་འདོད་པའི་རིགས་གང་དང་གང་ཡིན་པ་ཚང་མ་རང་རང་སོ་སོས་ལས་ངན་པ་བསགས་པ་ལ་བརྟེན་ནས་བྱུང་བ་ཡིན་པ་རེད། དེ་འདྲ་ཡིན་དུས་ཙ་ན། སྡིག་པ་མི་དགེ་བའི་ལས་ཟེར་བ་དེ་ཆུང་ཆུང་ཞིག་ཡིན་ན་ཡང་དོ་གལ་ཆེན་པོ་བྱས་ནས་སྤོང་དགོས་པ་དེ་གལ་ཆེན་པོ་ཡིན་པ་རེད།
དེ་ནས་ང་ཚོ་ཚང་མས་བདེ་སྐྱིད་འདོད་ཀྱི་ཡོད་པ་རེད། ཚེ་རིང་བར་ཤོག །ནད་མེད་པར་ཤོག །བསམ་པའི་རེ་བ་འགྲུབ་པར་ཤོག་ཅེས་སྨོན་ལམ་བརྒྱབ་ཀྱི་ཡོད་རེད། སྨོན་མ་གལ་ཆེན་པོ་རེད་དེ། སྨོན་ལམ་རྐྱང་པས་འགྲུབ་ཐུབ་ཡ་ཁག་པོ་ཡོད་པ་རེད། བདེ་སྐྱིད་དགོས་ན་བདེ་སྐྱིད་ཀྱི་རྒྱུ་བསྒྲུབ་དགོས་པ་རེད། བདེ་སྐྱིད་ཀྱི་རྒྱུ་ག་རེ་རེད་ཅེས་ལབ་པ་ཡིན་ན། དགེ་བ་ཡིན་པ་རེད། མི་དགེ་བའི་ལྡོག་ཕྱོགས་སྲོག་གཅོད་སྤོང་བ་དང་མ་བྱིན་ལེན་སྤོང་བ་ལ་སོགས་པ་ཡིན་པ་རེད། དེ་དག་བསྒྲུབ་པ་ཡིན་ན་བདེ་སྐྱིད་ཡོང་བར་ཐེ་ཚོམ་མེད་པ་རེད། དེ་འདྲ་ཡིན་དུས་དགེ་བ་བསྒྲུབ་པ་གལ་ཆེན་པོ་ཡིན་པ་རེད།
དེ་འདྲའི་སྡིག་པ་སྤོང་ཐུབ་པ་དང་དགེ་བ་བསྒྲུབ་ཐུབ་པ་དེ་གང་འདྲ་བྱས་ན་ཡོང་གི་རེད་ཟེར་ན། རང་གི་སེམས་ནི་ཡོངས་སུ་འདུལ། །གསུངས་པ་ཡིན་པ་རེད། ང་ཚོའི་མི་བྱེད་དགུ་བྱེད་བྱེད་པ་དེ་ཚང་མ་ང་རང་ཚོའི་སེམས་ཀྱིས་བྱེད་པ་ཡིན་དུས་སེམས་རྒྱུད་མ་རུངས་པ་དེ་བཏུལ་ནས་སེམས་རྒྱུད་བཟང་པོ་ཞིག་ཡོང་བར་བྱེད་པ་དེ་གལ་ཆེན་པོ་ཡིན་པ་རེད།
རང་གི་ལུས་ལ་དཔེ་ལོངས་ལ། །གཞན་ལ་གནོད་པ་མ་བྱེད་ཅིག །གསུངས་པ་ནང་བཞིན། རང་གི་ལུས་ལ་སྡུག་བསྔལ་ཞིག་བྱུང་བ་ཡིན་ན་གང་འདྲའི་མི་བཟོད་པ་ཞིག་དང་གང་འདྲའི་མི་བདེ་བ་ཞིག་ཡོང་གི་ཡོད་པ་དེ་ནང་བཞིན། སེམས་ཅན་དུ་གཏོགས་ཚད་མང་མ་ལ་གཅིག་གྱུར་དུ་ཡོད་པ་ཡིན་པ་རེད། དེ་ཡིན་དུས་སོ་སོ་གཅིག་པོར་བདེ་སྐྱིད་ཡོང་བ་དང་སྡུག་བསྔལ་སེལ་བའི་བསམ་བློ་མ་བཏང་བར་སེམས་ཅན་དུ་གཏོགས་ཚད་ཚང་མ་ལ་བདེ་སྐྱིད་ཡོང་བའི་ཕན་པའི་བསམ་པ། བསམ་པ་རྣམ་དག །བསམ་པ་བཟང་པོ་ཡོད་པ་ཡིན་ན། བསམ་པ་བཟང་ན་ས་དང་ལམ་ཡང་བཟང་། །བསམ་པ་ངན་ན་ས་དང་ལམ་ཡང་ངན། །ཐམས་ཅད་བསམ་པ་དག་ལ་རག་ལས་པས། །ཞེས་གསུངས་པས་སེམས་རྒྱུད་བཟང་པོ་བྱེད་དགོས་པ་དེ་གལ་ཆེན་པོ་རེད།
འདི་ནི་སངས་རྒྱས་བསྟན་པ་ཡིན་གསུངས་པས་དགེ་བ་བསྒྲུབ་མཁན། སྡིག་པ་སྤོང་མཁན། སེམས་རྒྱུད་བཟང་པོ་བྱེད་མཁན་གྱི་མི་ག་ཚོད་མང་བ་བྱུང་བ་ཡིན་ན་སངས་རྒྱས་ཀྱི་བསྟན་པ་རྒྱས་བཞིན་ཡོད་པ་རེད། ང་ཚོས་ཁ་ནས་སངས་རྒྱས་ཀྱི་བསྟན་པ་རྒྱས་པར་ཤོག་ཅེས་སྨོན་ལམ་བརྒྱབ་ཀྱང་སོ་སོ་རང་གི་རྒྱུད་ཀྱི་སངས་རྒྱས་ཀྱི་བསྟན་པ་ལ་གཅེས་སྤྲས་དེ་ཙམ་མེད་པ་བྱས་པ་ཡིན་ན་འགྲིག་གི་ཡོད་མ་རེད། སོ་སོའི་རྒྱུད་ཀྱི་བསྟན་པ་ལ་གཅེས་སྤྲས་བྱས་ནས་བསྟན་པ་མི་ཉམས་གོང་འཕེལ་ཉམས་པ་སོར་ཆུད་ཡོང་བ་ལ་གང་ཡོང་ཡོང་གི་འབད་བརྩོན་ཐབས་ཤེས་བྱས་པ་ཡིན་ན་ཡག་པོ་ཡོང་གི་ཡོད་པ་རེེད། དེ་ཡིན་དུས་ཚང་མས་སེམས་རྒྱུད་བཟང་པོ་བྱེད་དགོས་པ་དེ་གལ་ཆེན་པོ་ཆགས་བསྡད་ཡོད་པ་རེད།
དེ་ནས་ང་རང་ཚོ་བོད་གངས་ཅན་གྱི་ལྗོངས་ལ་དུས་ཚོད་གཉན་འཕྲང་ཅན་གྱི་དུས་ཚོད་ཅིག་ལ་སླེབས་བསྡད་ཡོད་པ་ཡིན་དུས་གལ་ཆེ་ཤོས་གཅིག་ཚང་མ་འཆམ་པོ་བྱེད་དགོས་པ་དེ་གལ་ཆེན་པོ་རེད། ཆོས་ལུགས་ཀྱི་ཐོག་ནས་བཤད་པ་ཡིན་ན་ང་རང་ཚོ་ཚང་མ་སྟོན་པ་ཐུགས་རྗེ་ཅན་གཅིག་གི་རྗེས་འཇུག་ཤ་སྟག་ཡིན་པ་རེད། རྒྱལ་བ་རིན་པོ་ཆེའི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་ཆོས་བརྒྱུད་ཚང་མ་ཐུགས་ནང་དམ་ཚིག་གོང་བུ་གཅིག་གྱུར། འོ་ཆུ་གཅིག་འདྲེས་སྨོན་པའི་གནས་སུ་གྱུར་བསྡད་ཡོད་པ་རེད། ཆོལ་ཁའི་དབང་དུ་བྱས་པ་ཡིན་ན་ཡང་། སྟོད་ནས་སྨད་རྒྱ་བོད་གཉིས་ཀྱི་ས་མཚམས་ཀྱི་བར་ཚང་མ་སྐད་གཅིག་པ་ཡི་གེ་གཅིག་པ། ཆོས་གཅིག་པ་གོམས་གཤིས་གཅིག་པ། བཟའ་བ་གཅིག་པ་བཏུང་བ་གཅིག་པ་དེ་འདྲ་ཆགས་བསྡད་ཡོད་པ་རེད། དེ་འདྲ་ཡིན་དུས་ཚང་མ་འཆམ་པོ་བྱེད་དགོས་པ་རེད།
ང་རང་ཚོ་ཚང་མ་དམིགས་ཡུལ་གཅིག་ཆགས་བསྡད་ཡོད་པ་རེད། བོད་ལ་རང་དབང་ཐོབ་ཡ། རང་རང་སོ་སོའི་ཕ་ཡུལ་ལ་ལོག་ནས་གཞིས་བྱེས་ལྷན་འཛོམས་ཡོང་བའི་འདོད་པ་དེ་ཚང་མ་ལ་ཡོད་རེད། དེ་འགྲུབ་པར་བྱེད་པ་ལ་ཚང་མས་ནུས་པ་མཉམ་སྤུངས་བྱས་ནས། རྒྱལ་བ་རིན་པོ་ཆེའི་དབུ་ཁྲིད་ཀྱི་འོག་ཏུ་ཚང་མས་ནུས་ཤུགས་གཅིག་སྒྲིལ་བྱུང་བ་ཡིན་ན། མང་པོ་གཅིག་ཏུ་བློ་མཐུན་ན། །ཉམ་ཆུང་གིས་ཀྱང་དོན་ཆེན་འགྲུབ། །གསུངས་པ་རེད། ནུས་པ་ཆེ་ཆུང་ལ་མ་ལྟོས་པར་ཚང་མས་ནུས་པ་གང་ཡོད་པ་དེ་གཅིག་སྒྲིལ་བྱེད་ཐུབ་པ་ཡིན་ན་དེ་ལ་བརྟེན་ཏེ་ནུས་པ་ཐོན་ཐུབ་པ་གཅིག་དང་དམིགས་ཡུལ་འགྲུབ་ཐུབ་པ་ཞིག་ཡོང་གི་རེད་བསམ་གྱི་འདུག །དེ་གནང་རོགས་གནང་ཞུ་ཡ་ཡིན།
དེ་ནས་གཟུགས་པོའི་འཕྲོད་བསྟེན་དེ་གལ་ཆེན་པོ་རེད། དལ་འབྱོར་མི་ལུས་ཟེར་བ་དེ་གལ་ཆེན་པོ་ཡིན་པ་མདོ་དང་བསྟན་བཅོས་མང་པོའི་ནང་ལ་གསུངས་ཡོད་རེད། དེ་ཡང་ནས་ཡང་དུ་རྙེད་ཡ་ཡོད་མ་རེད། ད་ལན་རྙེད་པའི་གོ་སྐབས་འདིར་ཚེ་ག་ཚོད་རིང་ཐུབ་པ་གཟུགས་པོ་བདེ་བོ་ཞིག་བྱུང་བ་ཡིན་ན་གལ་ཆེན་པོ་རེད་བ། དེ་ཡིན་དུས་གཟུགས་པོ་བདེ་ཐང་ཡིན་པའི་སྐབས་ནས་མཐུན་པའི་ཟས་སྤྱོད་བསྟེན་ཡ་དང་། མི་མཐུན་པའི་ཟས་སྤྱོད་སྤོང་ཡ། ལྷག་པར་དུ་ཡང་གཟུགས་པོ་བདེ་ཐང་ཡིན་པའི་སྐབས་ནས་བརྟག་དཔྱད་བྱས། ན་ཚ་མ་ཡོང་གོང་ནས་སྔོན་འགོག་བྱེད་ཐུབ་པ་ཡིན་ན། སོ་སོ་བདེ་བ་འགྲོ་སོང་ཆུང་བ། ཚེ་རིང་བ་ལ་སོགས་པ་དགེ་མཚན་མང་པོ་ཡོད་རེད། ཅིག་ན་ཚར་བའི་གཞུག་ལ་སྨན་བཅོས་རིམ་གྲོ་ཛ་དྲག་གི་ཐོག་ནས་བྱེད་ཡ་ཡོང་ད་ཡོང་གི་རེད་དེ། འགྲོ་སོང་ཆེན་པོ། སོ་སོ་ཡིན་ན་ཡང་དཀའ་སྡུག་ཆེན་པོ། དེ་འདྲ་ཡོང་གི་རེད། དེ་ཡིན་དུས་ཚང་མས་གཟབ་གཟབ་བྱས་ནས་དུས་རྒྱུན་དུ་ནས་གཟུགས་པོར་འཕྲོད་བསྟེན་བྱེད་དགོས་ཡ་དེ་གལ་ཆེན་པོ་རེད། དེ་ཡིན་དུས་ཚང་མས་དེ་ལྟར་གནང་རོགས་གནང་ཞུ་ཡ་ཡིན།
དེ་ནས་ང་ཚོ་བོད་གངས་ཅན་གྱི་ལྗོངས་ལ་ཡོད་ན་མེད་ན་དེ་ནང་པ་སངས་རྒྱས་པའི་ཆོས་རེད། ཆོས་ཟེར་ཡ་དེ་སོ་སོས་བྱེད་ཡ་རེད་མ་གཏོགས་མི་གཞན་ཞིག་གིས་ཆོས་བྱས་པས་རང་མགོ་ཐོན་འགྲོ་དེ་འདྲ་གསུངས་ཡོད་མ་རེད། དེ་འདྲ་ཡིན་དུས། བཅོམ་ལྡན་འདས་ཀྱིས། བདག་ཉིད་བདག་གི་མགོན་ཡིན་ཏེ། །ཞེས་པ་དང་། ངས་ནི་ཁྱོད་ལ་ཐར་བའི་ལམ་བསྟན་གྱི། །ཐར་པ་རང་ལ་རག་ལས་ཤེས་པར་གྱིས། །ཞེས་གསུངས་པ་མ་གཏོགས་ཐར་པ་བཅོམ་ལྡན་འདས་ཀྱིས་མར་གསོལ་རས་གནང་ཡ་ཡོད་མ་རེད། ཐར་པ་ཟེར་བ་དེ་སོ་སོས་བསྒྲུབ་དགོས་པ་རེད། དེ་བསྒྲུབ་པར་བྱེད་པ་ལ་དགེ་འདུན་པ་ཡིན་ན་ཡང་འདྲ། མི་སྐྱ་ཡིན་ན་ཡང་འདྲ། ཕོ་ཡིན་ན་ཡང་འདྲ། མོ་ཡིན་ན་ཡང་འདྲ། རྒན་པ་ཡིན་ན་ཡང་འདྲ། གཞོན་པ་ཡིན་ན་ཡང་འདྲ། ཚང་མས་ཆོས་བྱེད་དགོས་པ་དེ་གལ་ཆེན་པོ་རེད།
ཆོས་བྱེད་པ་ལ་བྱེད་ལུགས་ཤེས་པ་དང་མ་ཤེས་པར་སྐྱབས་འགྲོ་མ་ཎི་བཏོན་པ་ཙམ་དང་ཕྱག་འཚལ་སྐོར་སྦྱོང་བྱས་པ་སོགས་ལ་ས་དང་གནམ་གྱི་ཁྱད་པར་ཡོད་རེད། དེ་འདྲ་ཡིན་དུས་དེང་སང་མང་ཆེ་བ་ཡི་གེ་ཤེས་མཁན་ཡིན་གྱི་རེད། ཆོས་སློབ་སྦྱོང་བྱས་ནས་ནང་པ་སངས་རྒྱས་པ་ཟེར་བ་དེ་གང་འདྲ་ཞིག་རེད། མི་འདྲ་བའི་ཁྱད་པར་ག་རེ་འདུག །ནང་བ་དང་ཕྱི་པ་གཉིས་ལ་ཁྱད་པར་ག་རེ་འདུག །སངས་རྒྱས་ཆོས་དགེ་འདུན་ཟེར་ན་ག་རེ་རེད་འདུག་སོགས་མི་མང་ཡིན་ན་ཡང་སློབ་སྦྱོང་བྱས་ནས་རྒྱུ་མཚན་ཤེས་པའི་ཐོག་ནས་སྐྱབས་འགྲོ་བྱས་པ་ཡིན་ན་ཕན་ཐོགས་དགེ་མཚན་ཆེན་པོ་ཡོད་པ་རེད། དེ་ཡིན་དུས་ཚང་ནས་ཆོས་ལ་སློབ་སྦྱོང་བྱེད་དགོས་རེད། ལས་ཀ་བྱེད་དགོས་རེད་མི་ཚང་ལ་ལྟ་དགོས་རེད། དེ་ཡིན་དུས་སློབ་སྦྱོང་རྒྱ་ཆེན་པོ་ཞིག་བྱེད་ཐུབ་ཀྱི་མ་རེད་དེ། ཡིན་ན་ཡང་གང་ཐུབ་ཐུབ་ཅིག་ཆོས་ལ་སློབ་སྦྱོང་བྱེད་དགོས་རེད། དེང་སང་དེབ་མང་པོ་ཐོན་གྱི་འདུག་པ་དེ་ཚོ་ཡང་ཡང་ཀློག་ཡང་ཡང་བལྟས་དེ་འདྲ་བྱེད་ཡ་དེ་གལ་ཆེན་པོ་རེད་བསམ་གྱི་འདུག །
༧གོང་ས་མཆོག་དང་བླ་མ་དགེ་བའི་གཉེན་མང་པོས་མ་ཡིས་བུ་ལ་བརྩེ་བ་ནང་བཞིན་བཀའ་སློབ་རབས་དང་རིམ་པ་གནང་བཞག་ཡོད་པ། ལྷག་པར་དུ་དེ་རིང་ཁ་སང་ཉིན་རེ་ནས་ཉིན་རེ་བཞིན་དུ་རྒྱལ་བ་ཡིན་པོ་ཆེས་མཛད་པ་འཕྲིན་ལས་ག་རེ་སྐྱོང་གི་ཡོད་མེད། ག་རེ་གནང་གི་ཡོད་མེད་ལམ་སང་ཧ་གོ་ཐུབ་ཡ་ཡོད་རེད། དེ་ཡིན་དུས་དེ་ཚོ་ཡང་ནས་ཡང་དུ་མཇལ། བཀའ་སློབ་གནང་བཞག་པ་དེ་ཚོ་ཡང་ནས་ཡང་དུ་ཉན་སློབ་སྦྱོང་བྱས། རྒྱལ་བ་ཡིན་པོ་ཆེའི་གསུང་རྩ་ཆེན་པོ་རེད་སྐྱབས་སུ་མཆི་ཟེར་ནས་མ་བཞག་པར་ག་རེ་གསུང་གི་འདུག །ག་རེ་གནང་གི་འདུག་དེ་ཤེས་པར་བྱས་ནས་རང་གི་ལུས་ངག་ཡིད་གསུམ་རྒྱལ་བ་རིན་པོ་ཆེའི་བཀའ་སློབ་དང་མཐུན་པ་ཞིག་ཡོང་གི་ཡོད་པ་ཡིན་ན་དགའ་བ་བསྒོམས། རྗེས་སུ་ཡི་རངས་བྱས། ཡོང་གི་མེད་པ་ཡིན་ན་ག་རེ་ཡོང་གི་མེད་པ་ཡིན་ན་དེར་འབད་བརྩོོན་བྱས་པ་ཡིན་ན་བླ་མའི་བཀའ་བསྒྲུབ་པ་ལས་ལྷག་པའི་ཆོས་བྱེད་ཡ་ཡོད་མ་རེད། བླ་མའི་བཀའ་བསྒྲུབ་པ་ལས་ལྷག་པའི་ཞབས་བརྟན་བྱེད་ཡ་ཡོད་མ་རེད། བར་ཆད་དེས་སེལ་གྱི་རེད། འདོད་དོན་ཡང་དེས་འགྲུབ་ཀྱི་རེད། ཚེ་རིང་བ་ཡང་དེས་ཡོང་གི་རེད། ནད་མེད་པ་ཡང་དེས་ཡོང་གི་རེད། དེ་ཡིན་དུས་བཀའ་སློབ་གནང་བ་དེ་ཚོ་ཡང་ནས་ཡང་དུ་ཉན། ཡང་ནས་ཡང་དུ་མཇལ། ཡང་ནས་ཡང་དུ་བརྟག་དཔྱད་བྱས། རྒྱལ་བ་རིན་པོ་ཆེས་བཀའ་གང་གནང་ཡོད་པ་དེ་སོ་སོས་ཉམས་ལེན་གྱི་ཐོག་ནས་མི་བརྗེད་པ་གནང་ནས་རྒྱལ་བའི་བཀའ་དང་མཐུན་པ་ཞིག་བྱེད་ཐུབ་ཡ་དེ་གལ་ཆེན་པོ་རེད་བསམ་གྱི་འདུག །དེ་མ་གཏོགས་ཞུ་ཡ་མི་འདུག །
ད་རེས་ང་ཚོ་འདིར་འབྱོར་བའི་སྐབས་ལ་ཐུགས་སྣང་ཆེན་པོ་གནང་ནས་སྣེ་ལེན་གྲ་སྒྲིག་ཟབ་རྒྱས་གནང་བ་ལ་དགོན་སྡེ་ཁག་རེད། མི་མང་ཚོ་རེད། ཚོགས་སྐྱིད་ཁག་རེད། ཚང་མ་ལ་སླར་ཡང་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག །དགེ་འདུན་གྱི་སྡེ་རྣམས་ཐུགས་མཐུན་ཁྲིམས་གཙང་བཤད་སྒྲུབ་ཆོས་སྤྱོད་བཅུ་ཡི་བྱ་བས་དུས་འདའ་ནས་བསྟན་པ་དང་འགྲོ་བའི་དོན་རྒྱ་ཆེན་པོ་མཛད་ཐུབ་པ་དང་། མི་མང་ཚོ་ཡང་འགལ་རྐྱེན་བར་ཆད་ཞི་ཞིང་མཐུན་རྐྱེན་ལེགས་ཚོགས་གོང་འཕེལ། བསམ་པའི་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པའི་སྨོན་ལམ་ཞུ་གི་ཡོད། ཐུགས་རྗེ་ཆེ། ཞེས་བཀའ་སྩལ།

ཤོག་ངོས་འདི་ལ་ཐེངས་ 10 གཟིགས་འདུག མཐའ་མའི་བསྐྱར་བཅོས། 2025 ལོའི་ཟླ་བ། Nov ཚེས། 19 རེས་གཟའ། Wed
རིག་མཛོད་རྩོམ་སྒྲིག་པ།

དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག་སྟབས་བདེའི་རང་བཞིན་ཅན་གྱི་གློག་ཀླད་དང་ལག་ཐོག་ཁ་པར་ཆེ་ཆུང་(Laptop, iPad, iPod iPhone & Android) གང་ཡིན་ཐོག་ཏུ་རང་རང་གི་ཐུགས་འདོད་ལྟར་ཕབ་ལེན་དང་གསན་གཟིགས་གནང་རོགས། 

དྲ་ཚིགས།: www.serajeyrigzodchenmo.org  ཡིག་འབྲེལ་དྲ་བྱང་། serajeyrigzodchenmo@gmail.com