དབུ་མའི་བགྲོ་གླེང་གནང་།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།སེར་བྱེས་སློབ་གཉེར་ཁང་གི་གོ་སྒྲིག་འོག་དབུ་རྙིང་འཛིན་གྲྭའི་སློབ་གཉེར་བ་ཁ་ཤས་འདེམས་སྒྲུག་གིས་དགེ་འདུན་འདུས་པའི་དབུས་སུ་རྗེའི་དགོངས་པ་རབ་གསལ་ལས་དཀའ་གནད་སྐོར་ཞིག་ལ་བགྲོ་གླེང་གནང་སོང་།
དེ་ཡང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པའི་བཀའ་དྲིན་རྗེས་དྲན་གྱི་ཆེད་དུ། སེར་བྱེས་གྲྭ་ཚང་གི་ཆོས་རའི་ཐོག་ཁའི་ལྷུན་གྲུབ་ཁང་གསར་དུ། སེར་བྱེས་སློབ་གཉེར་ཁང་ངམ་སེར་བྱེས་རྒྱུགས་ཞིབ་ལྷན་ཚོགས་ཀྱིས་བཀོད་སྒྲིག་བྱས་ཏེ། དབུ་རྙིང་འཛིན་གྲྭའི་སློབ་གཉེར་བའི་གྲས་ནས་སློབ་གཉེར་བ་ཁ་ཤས་འདེམས་སྒྲུག་གིས། གྲྭ་ཚང་གི་དབུ་མ་འཛིན་གྲྭ་བཞི་གཙོ་བྱས་པའི་དགེ་འདུན་འདུས་པ་རྒྱ་མཚོའི་དབུས་སུ། ཕྱི་ལོ་ ༢༠༡༥ ལོའི་ཟླ་ ༩ པའི་ཚེས་ ༩ ཡི་སྔ་ཕྱིའི་དྲོ་གཉིས་དང་། ཚེས་ ༡༠ ཡི་ཉིན་རྒྱབ། དགོང་དྲོའི་ཆུ་ཚོད་ ༦ པ་ནས་དགུ་པའི་བར་བཅས་ཚོགས་ཐུན་བཞི་ཡི་ཚོགས་ཐེངས་རེའི་ཆུ་ཚོད་གསུམ་རེར། རྗེ་བླ་མའི་དགོངས་པ་རབ་གསལ་ལས་བརྗོད་གཞི་དྲུག་ལ་དགག་སྒྲུབ་ཕྱོགས་གཉིས་ཀྱི་འཆད་མཁན་རྣམ་པས་སོ་སོའི་རྩོམ་ཤོག་སྒྲོགས་སྦྱང་དང་། ཕན་ཚུན་དྲི་བ་དྲི་ལན། འདུས་དམངས་ཀྱི་ནང་ནས་དྲི་བ་བཏོན་པར་ལན་འདེབས་གནང་བ་སོགས་དུས་བསྟུན་གྱི་བགྲོ་གླེང་གི་རྣམ་པ་གསར་པ་ཞིག་གི་སྟེང་ནས་ཚོགས་སོང་།
ལས་རིམ་གསལ་བསྒྲགས་སུ་བཀོད་པ་ལྟར་ན། བརྗོད་གཞི་དྲུག་ནི།
བདག་མེད་རྫོགས་པར་སྟོན་མི་སྟོན་དང་སྒོམ་མི་སྒོམ་གྱི་ཁྱད་པར། ལྟ་བ་ངེས་པ་ལ་དགག་བྱ་ངོས་འཛིན་སྔོན་དུ་འགྲོ་དགོས་མིན་གྱི་ཁྱད་པར། ཞིག་པ་དངོས་པོ་ཡིན་མིན་དང་ཀུན་གཞི་བཞེད་མི་བཞེད་ཀྱི་ཁྱད་པར། ཐལ་རང་ལ་ལྟ་བ་མཐོ་དམན་དང་རང་བཞིན་ཡོད་མེད་ཀྱི་ཁྱད་པར། ཕུང་པོ་གང་ཟག་གི་བདག་གཞིར་དང་ཐ་སྙད་ཚད་གྲུབ་འཐད་མིན་གྱི་ཁྱད་པར། ཤེེས་པར་གྱུར་པའི་ཤེས་སྒྲིབ་ཡོད་མེད་དང་ཤེས་སྒྲིབ་སྐོར་དགུར་ཕྱེ་ནས་སྤོང་མིན་གྱི་ཁྱད་པར། བཅས་ཡིན་འདུག
འདུལ་བའི་བགྲོ་གླེང་ཚོགས།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།སེར་བྱེས་མཁས་སྙན་གྲྭ་ཚང་གིས་གོ་སྒྲིག་འོག་རྒྱལ་སྤྱིའི་འདུལ་བའི་བགྲོ་གླེང་ཐེངས་གཉིས་པ་ཚོགས་སོང་།
བོད་རྒྱལ་ལོ་ ༢༡༤༣ ལོའི་ཟླ་ ༡ ཚེས་ ༡༧ ནས་ ༡༩ དང་ཕྱི་ལོ་ ༢༠༡༦ ལོའི་ཟླ་ ༠༢ ཚེས་ ༢༤ ནས་ ༢༦ བར་ཏེ་ཉིན་གསུམ་ལ་འཕགས་ཡུལ་ལྷོ་ཕྱོགས་སེར་བྱེས་མཁས་སྙན་གྲྭ་ཚང་གི་གོ་སྒྲིག་འོག་ཐའི་ལེནྜི་དང་ཐེ་ཝན་སོགས་རྒྱལ་ཁབ་དྲུག་ནས་ནང་པའི་དགེ་སློང་འདུལ་བ་འཛིན་པ་དང་མཁས་དབང་དུ་མ་གདན་འདྲེན་དང་ལྷན་འཛོམས་ཐོག་རྒྱལ་སྤྱིའི་རང་བཞིན་ཅན་གྱི་དམ་ཆོས་འདུལ་བའི་སྐོར་གྱི་བགྲོ་གླེང་ཐེངས་གཉིས་པ་སེར་བྱེས་གྲྭ་ཚང་གི་ཆོས་རའི་ནང་དུ་ཚོགས། ཕྱི་ཚེས་ ༢༤ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༠:༤༠ སྟེང་སྐུ་མགྲོན་རྣམས་དང་ཟུར་ཉན་ཚོགས་གཅར་བ་རྣམས་སེར་བྱེས་གྲྭ་ཚང་གི་ཆོས་རའི་ནང་དུ་འཛོམས་ཏེ། མར་མེ་ཞལ་འབྱེད་སོགས་གྲུབ་རྗེས་གྲྭ་ཚང་གི་སྐྱབས་རྗེ་མཁན་རིན་པོ་ཆེ་བློ་བཟང་བདེ་ལེགས་མཆོག་གིས་བགྲོ་གླེང་གི་དགོས་པ་དང་འབྲེལ་བའི་གསུང་བཤད་གནང་སྟེ་བགྲོ་གླེང་དབུ་འཛུགས་ཞུ་ཡོད་ལ། སྐུ་མགྲོན་གྱི་གྲས་སུ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་དྲུང་ཆེ་མཆོག་དང་། སྐྱབས་རྗེ་ངོར་ཤར་ཆེན་ཀླུ་ལྡིང་མཁན་རིན་པོ་ཆེའི་སྐུ་ཚབ། ༼སྐུ་མགྲོན་གྱི་མཚན་སོགས་མཛད་རིམ་ངོ་སྤྲོད་ལས་གསལ་བ་ལྟར་ཇི་བཞིན་བཀོད་ཡོད། ༽གདན་ཞུའི་སྐུ་མགྲོན་གཙོ་བོའི་གྲས་ཐེ་ཝན་ཛེང་ཇུའི་ལྷ་ཁང་དང་ཡོན་ཏོང་དགོན་པའི་མཁན་པོ་ཤཱི་ཀའོ་ཆཱིང་མཆོག །སཱ་ར་ན་ཐའི་མཧཱ་བོ་དྷི་ཚོགས་པའི་དགེ་སློང་འདུལ་བ་འཛིན་པ་པཱི་ཤཱི་ཝ་ལཱི་ཐེ་རོ། ཐའི་ལན་ཌིའི་དགེ་སློང་འདུལ་བ་འཚིན་པ་ཕཱ་རཱ་མཧཱ། བྷཏྶཀྲོན། པིཡོ་བྷ་སོ། དགེ་སློང་འདུལ་བ་འཛིན་པ་བོ་དྷི་པཱ་ལཱ་ཐེ་རཱ། མ་དྷུ་རཡ། ཏཱ་མིལ་ན་ཌུ། ཅིཏྟཱ་གྷོང་མཐོ་སློབ་ཀྱི་པཱ་ལི་སྡེ་ཚན། སློབ་དཔོན་ཆེན་པོ་ཛྙ་ན་རཏ་ན། བེངྒ་ལ་རུ་མ་ཧཱ་བོ་དྷི་ཚོགས་པ། དགེ་སློང་འདུལ་བ་འཛིན་པ་ཨ་ནྣ་ད་བནྡེ། ཐེ་ཝན་ཡོན་ཏོང་དགོན་པའི་འགན་འཛིན་དགེ་སློང་འདུལ་བ་འཛིན་པ་ཡོ་ཡུན་ཤཱི། ཝཱ་ཎ་གཅུག་ལག་སློབ་གཉེར་ཁང་གི་ཉམས་ཞིབ་སྡེ་ཚན་གྱི་འབུམ་རམས་པ་བློ་བཟང་རྡོ་རྗེ་རབ་གླིང་། མཁས་དབང་བློ་བཟང་ནོར་བུ་ཤཱསྟྲི་སོགས་ཀྱིས་བརྗོད་གཞི། པཱ་ལིའི་གཞུང་ནང་གསལ་བའི་འདུལ་བའི་སྨན་གྱི་སྐོར། འཕགས་པ་གནས་བརྟན་སྡེ་པའི་ལུགས་ཀྱི་དགེ་འདུན་གྱི་ལས་དང་། སྲ་བརྐྱང་། མཚམས་པོ་ཆེ་ཆུང་བཅད་ཚུལ། འཕགས་པ་གནས་བརྟན་སྡེ་པའི་ལུགས་ཀྱི་གོས་ཀྱི་སྐོར། བྷང་གྷ་ལ་དེ་ཤའི་གནས་བརྟན་སྡེ་པའི་ལུགས་ཀྱི་འདུལ་བའི་གཞུང་དང་དེའི་ཕྱག་ལེན་སྐོར་གྱི་དཔྱད་ཞིབ། དགེ་བསྙེན་གྱི་སྡོམ་པའི་སྐོར། སྡོམ་པ་སྲུང་ཚུལ། རང་གི་ཕ་དང་མེས་པོ་སོགས་ལ་གུས་པ་བྱེད་པའི་ལུགས་ལྟར་གྱི་སྡོམ་པ་ཕར་ཕྱིན། བྱིན་ལེན་སྟོབ་པ་པོའི་ཁྱིམ་པ་མེད་དུས་བྱིན་ལེན་ཇི་ལྟར་བྱ་བའི་ཚུལ། གཞི་ཐམས་ཅད་ཡོད་སྨྲ་དང་ནང་པའི་སྡེ་པ་གཞན་གྱི་འདུལ་གཞུང་སྐོར། འདུལ་སྔགས་ཟུང་དུ་སྦྲེལ་བ་བཅས་ཀྱི་ཐོག་ལ་བགྲོ་གླེང་གཏམ་བཤད་དང་། དམངས་དང་དྲི་བ་དྲིས་ལན་གནང་ཞིང་། རྒྱལ་སྤྱིའི་འདུལ་བའི་བགྲོ་གླེང་ཐེངས་གསུམ་པའི་སྐོར་ལ་བགྲོ་གླེང་དང་གྲོས་བསྡུར་གནང་སྟེ་ཚེས་ ༢༦ ཉིན་བགྲོ་གླེང་གྲོལ།
སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས། ༢༠༡༦།༠༢།༢༧ ལ།
རྒྱལ་སྤྱིའི་འདུལ་བའི་བགྲོ་གླེང་ཚོགས།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།སེར་བྱེས་མཁས་སྙན་གྲྭ་ཚང་གི་ཤེས་ཡོན་ལྷན་ཚོགས་ཀྱིས་གོ་སྒྲིག་འོག་རྒྱལ་སྤྱིའི་འདུལ་བའི་བགྲོ་གླེང་ཐེངས་གསུམ་པ་ཚོགས་སོང་།
བོད་རྒྱལ་ལོ་ ༢༡༤༤ ལོའི་བོད་ཟླ་ ༡༠ ཚེས་ ༢༩ ནས་དང་ཕྱི་ལོ་ ༢༠༡༧ ལོའི་ཟླ་ ༡༢ ཚེས་ ༡༦ གི་སྔ་དྲོའི་ཆུ་ཚོད་༨:༣༠ནས་དབུ་འཛུགས་ཀྱི་ཉིན་གསུམ་རིང་ལ་འཕགས་ཡུལ་ལྷོ་ཕྱོགས་སེར་བྱེས་མཁས་སྙན་གྲྭ་ཚང་གི་ཤེས་ཡོན་ལྷན་ཚོགས་ཀྱིས་གོ་སྒྲིག་འོག་སེར་བྱེས་བཀྲ་ཤིས་ཆོས་གླིང་ཚོགས་ཁང་ནང་དུ་རྒྱལ་སྤྱིའི་དམ་ཆོས་འདུལ་བའི་བགྲོ་གླེང་ཐེངས་གསུམ་པ་ཚོགས་སོང་།
བགྲོ་གླེང་དེར་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་མཆོག་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཆེད་ཕེབས་གནང་བའི་སྐུ་མགྲོན་གང་མང་། རང་རེའི་ཆོས་བརྒྱུད་རིས་མེད་ཀྱི་མཁས་དབང་སོགས་མི་སྣ་བརྒྱ་ཕྲག་ཁ་ཤས་མཉམ་འཛོམས་བྱུང་འདུག་ལ། བགྲོ་གླེང་གི་གཏམ་བཤད་ཁག་གྲྭ་ཚང་རང་གི་སྐད་སྒྱུར་སྡེ་ཚན་གྱི་སྐད་སྒྱུར་བ་དག་གིས་བོད་རྒྱ་དབྱིན་གསུམ་གྱི་སྐད་དུ་བསྒྱུར་ཏེ་རླུང་འཕྲིན་བརྒྱུད་ཚོགས་བཅར་བ་དག་གིས་གསན་ཐུབ་ཀྱིན་ཡོད་འདུག །
སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས། ༢༠༡༧།༡༢།༡༦ལ།
དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་བྱ་དགོས་ཚེ་རྩོམ་ཁུངས་ཁ་གསལ་འགོད་དགོས།
བྱང་ཆུབ་ལམ་རིམ་ཆེན་མོའི་གསུང་ཆོས་ཀྱི་མཇུག་ལེགས་པར་གྲུབ།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།སེར་བྱེས་གྲྭ་ཚང་གི་ཆོས་རར་སློབ་གཉེར་བ་ཚོར་༧ སྐྱབས་རྗེ་མཁན་རིན་པོ་ཆེ་རྗེ་བཙུན་བློ་བཟང་བདེ་ལེགས་མཆོག་གིས་ལོ་མང་རིང་ལམ་རིམ་གྱི་གསུང་ཆོས་གནང་མུས་ཡིན་པ་དེ་དེ་རིང་མཇུག་ལེགས་པར་གྲུབ་སོང་།
བོད་དུ་སེར་བྱེས་གྲྭ་ཚང་གི་མཁན་རིན་པོ་ཆེས་སློབ་གཉེར་བ་རྣམས་ལ་གྲྭ་ཚང་གི་ཆོས་རའི་ནང་དུ་བྱང་ཆུབ་ལམ་རིམ་གྱི་བཀའ་ཁྲིད་གནང་སྲོལ་ཡོད་པ་དང་། ལྷག་པར་དུ་ ༧ གོང་ས་ ༧ སྐྱབས་མགོན་ཆེན་པོ་མཆོག་གིས་ཀྱང་ལམ་སྲོལ་དེ་ཉིད་ལེགས་པོ་ཡོད་པ་དང་གྲྭ་ཚང་གཞན་ལའང་དེ་ལྟར་གནང་ཐུབ་ན་ལེགས་པའི་བཀའ་གནང་བ་ལྟར། འཕགས་ཡུལ་དུའང་གྲྭ་ཚང་གི་མཁན་རིན་པོ་ཆེ་གོང་མ་དག་གི་སྐབས་ནས་སྲོལ་བཟང་དེ་བསྐྱར་གསོ་མཛད་ཡོད་པ་ལྟར། ༧སྐྱབས་རྗེ་མཁན་རིན་པོ་ཆེ་རྗེ་བཙུན་བློ་བཟང་བདེ་ལེགས་མཆོག་གིས་ཀྱང་ཕྱི་ལོ་༢༠༡༢ལོའི་ཟླ་༥པར་གྲྭ་ཚང་གི་མཁན་རིན་པོ་ཆེའི་མཛད་ཁུར་བསྐྱངས་པ་ནས་བཟུང་སྟེ། ཆོས་ཐོག་གི་སྐབས་རྣམས་སུ་གྲྭ་ཚང་གི་ཆོས་རའི་ནང་དུ་སྔ་དྲོའི་ཆོས་རར་སློབ་གཉེར་བ་རྣམས་ལ་རྗེ་ཙོང་ཁ་པའི་བྱང་ཆུབ་ལམ་རིམ་ཆེན་མོའི་བཀའ་ཁྲིད་གནང་མུས་སུ་ཡོད་པ་དེ་དེ་རིང་སྟེ་ཕྱི་ལོ་ ༢༠༡༦ ལོའི་ཕྱི་ཟླ་ ༥ ཚེས་ ༡༣ དང་བོད་ཟླ་བཞི་པ་ས་ག་ཟླ་བའི་ཚེས་ ༧ ཉིན་གྱི་སྔ་དྲོར་མཇུག་ལེགས་པར་གྲུབ་པ་དང་། གྲྭ་ཚང་རིན་པོ་ཆེ་ནས་བཀའ་དྲིན་གཏང་རག་གི་རྟེན་གསུམ་འདེགས་འབུལ་ཞུས་སོང་།
སེར་བྱེས་མཁན་རབས་དོན་ལྔ་པ་སྐྱབས་རྗེ་མཁན་རིན་པོ་ཆེ་རྗེ་བཙུན་བློ་བཟང་བདེ་ལེགས་མཆོག་ནི། ༡༩༣༩ ལོའི་ཟླ་༡ཚེས་༥ཉིན་དཀར་མཛེས་མདའ་མདོ་གྲོང་དུ་སྐུ་འཁྲུངས། འཁྲུངས་གསར་རྡོ་རྗེ་འཆང་བློ་བཟང་དཔལ་ལྡན་གྱིས་བློ་བཟང་བདེ་ལེགས་ཞེས་པའི་མཚན་གནང་། དགུང་ལོ་བདུན་གྱི་སྐབས་དགེ་རྒན་བཀྲ་རྒྱམ་ཀློག་གི་སློབ་དཔོན་དུ་བསྟེན་ནས་གཞུང་ཆེན་ཐུགས་འཛིན་དང་། དེ་ནས་དཀར་དགོན་མཚན་ཉིད་གྲྭ་ཚང་གི་ཆོས་སྒོར་ཞུགས་སྐབས་མཚན་ཉིད་གྲྭ་ཚང་གི་སློབ་གྲྭ་འཛུགས་པ་དང་སྟབས་འགྲིག་པ་བྱུང་བས་སློབ་གྲྭར་ཞུགས། དགུང་ལོ་བཅུ་གཅིག་གི་སྐབས་འཁྲུངས་གསར་རྡོ་རྗེ་འཆང་ལས་དགེ་ཚུལ་གྱི་སྡོམ་པ་ཞུས་ཏེ་མཚན་ལ་ངག་དབང་བཟོད་པ་གསོལ། དགུང་ལོ་བཅུ་བདུན་གྱི་སྐབས་དབུས་སུ་ཕེབས་ཏེ་སེར་བྱེས་གྲྭ་ཚང་གི་མཁན་རིན་པོ་ཆེ་རྗེ་བཙུན་བློ་བཟང་དབང་ཕྱུག་མཆོག་ལ་གསར་མཇལ་ཞུས་ཏེ་གྲྭ་ཚང་དུ་ཆོས་ཞུགས་དང་། རྗེ་བཙུན་རྡོ་རྗེ་བཀྲ་ཤིས་མཆོག་དགེ་རྒན་དུ་བསྟེན་ཏེ་དཔེ་ཁྲིད་ཞུས་ཤིང་གཞུང་ཆེན་སློབ་གཉེར་གནང་། ༥༩ ལོར་སྨར་སྒོ་ལ་བརྒྱུད་མ་སུ་རིར་འབྱོར་ཤིང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ལྟར་སྦག་སར་ཕེབས་ཏེ། སེར་བྱེས་མཁན་ཟུར་རིན་པོ་ཆེ་བློ་བཟང་དབང་ཕྱུག་མཆོག་དང་། རྗེ་བཙུན་རྡོ་རྗེ་བཀྲ་ཤིས་མཆོག །རྗེ་བཙུན་སྐལ་བཟང་རྣམ་རྒྱལ་སོགས་བསྟེན་ཏེ་དབུ་ཕར་འདུལ་མཛོད་ཚད་མ་སོགས་རྩ་འགྲེལ་དང་སྤྱོད་འཇུག་ཆེན་མོ། དྲང་ངེས་ལེགས་བཤད་སྙིང་པོ་སོགས་ཐུགས་འཛིན་གནང་སྟེ། མུ་མཐུད་ནས་སློབ་གཉེར་གནང་། ༦༨ ལོར་དགུང་ལོ་ཉེར་བརྒྱད་ལ་ཕེབས་སྐབས་རྡ་སའི་གཙུག་ལག་ཁང་དུ་༧གོང་ས་མཆོག་གི་མདུན་ནས་བསྙེན་རྫོགས་ཀྱི་སྡོམ་པ་ཞུས། རྗེ་བཙུན་བློ་བཟང་དབང་ཕྱུག་སོགས་ལས་དབང་བཀའ་སོགས་གསུང་ཆོས་གང་མང་ཞུས། ༡༩༦༩ལོའི་ཟླ་༡༢ པར་འདུས་མང་ལྷན་དུ་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ས་གནས་སུ་གནས་སྤོར་མཛད་དེ། དགོན་པའི་རྨང་འདིང་པ་སོགས་ཀྱི་ཆེད་དུ་ལོ་ཤས་རིང་༼ད་ལྟའི་དགོན་གྲོང་ཆགས་ས་འདིར་སྐབས་དེར་ཤིག་ནགས་ཀྱིས་ཁྱབ་ཡོད།༽ཤིང་ནགས་གཅོད་འབྲེག །ཞིང་ལས། གཙུག་ལག་ཁང་དང་བཞུགས་ཤག་གསར་སྐྲུན་སོགས་སྐབས་དེའི་སྦག་ས་ནས་ཕེབས་པའི་དགེ་འདུན་དམངས་དང་ལྷན་དུ་སྐུ་ངལ་ཚད་མེད་བསྐྱོན། དེ་ནས་སློབ་གཉེར་གསར་འཛུགས་ཀྱི་སྐབས་སུ། སློབ་གཉེར་བའི་གྲས་སུ་ཚུད་དེ་མུ་མཐུད་ནས་གཞུང་ཆེན་ལ་སློབ་གཉེར་གནང་། བར་སྐབས་ཤིག་གློ་གཅོང་གི་ན་ཚའི་རྐྱེན་གྱིས་བྷོམ་བྷེར་སྨན་ཁང་དུ་ལོ་གཅིག་ཙམ་ལ་བཞུགས་དགོས་བྱུང་བ་ན། མཁན་ཟུར་རིན་པོ་ཆེ་རྗེ་བཙུན་བློ་བཟང་དབང་ཕྱུག་མཆོག་གིས་སྨན་ཁང་ནས་གང་མགྱོགས་འོང་དགོས་པའི་བཀའ་གནང་པ་གསན་པས། སེ་རར་ཕེབས་པ་ན་མཁན་ཟུར་རིན་པོ་ཆེས་ད་སྨན་ཁང་དུ་བསྐྱར་དུ་འགྲོ་མི་དགོས། སྔོན་ཆད་ཆོས་ཀྱི་དོན་དུ་སྲོག་བཏང་མྱོང་མེད། ད་དཔེ་ཆ་ཁྲིད་དེ། ཆོས་ཀྱི་དོན་དུ་སྲོག་ཐེངས་གཅིག་གཏོང་ཐུབ་ན་སྐལ་བ་བཟང་པོ་རེད་ཅེས་བཀའ་ཕེབས་པ་བཞིན་དེ་ནས་བཟུང་སྟེ་སེ་རར་རྒྱུན་བཞུགས་གནང་ཞིང་། མཁན་ཟུར་རིན་པོ་ཆེའི་བཀའ་ལྟར་སློབ་གཉེར་བ་རྣམས་ལ་དཔེ་ཁྲིད་གནང་བ་དང་། སེ་ར་བྱེས་སྨད་གཉིས་དང་། སྨད་རྒྱུད་གྲྭ་ཚང་། རྫོང་དཀར་ཆོས་སྡེ་སོགས་ཀྱི་སློབ་གཉེར་བའི་ཁྲོད་ནས་སློབ་མ་ཡང་རིམ་གྱིས་འཕེལ། ༡༩༨༢ ལོར་ལོ་བདུན་རིང་གི་དགེ་ལུགས་རྒྱུགས་སྤྲོད་རྫོགས་ཏེ་ལྷ་རམས་ཨང་དང་པོའི་མཚན་གནས་བཞེས་ཤིང་། རྒན་དབུ་མ་འཇུག་པ་ཞེས་པའི་མཚན་གནས་གཞན་ཞིག་ཀྱང་གདན་སའི་མཁས་དབང་ཚོའི་ཁྲོད་ནས་རིམ་གྱིས་རྒྱས་ཏེ་གདན་སའི་མཁས་པ་དང་སློབ་གཉེར་བའི་ཁྲོད་ན་གྲགས་པ་ཆེ། ༡༩༨༥ ལོར་རྡོ་རྗེ་གདན་དུ་༧གོང་ས་མཆོག་གི་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གྱི་སྐབས། གདན་ས་གསུམ་གྱིས་བཀོད་སྒྲིག་གནང་བ་ལྟར་ལོ་དེའི་དགེ་བཤེས་རྣམས་དང་ལྷན་དུ་རིས་མེད་ཀྱི་དགེ་འདུན་འདུས་པ་རྒྱ་མཚོའི་སྤྱན་སྔར་དམ་འཇོག་གནང་། ༡༩༨༨ ལོའི་ཟླ་བཅུ་པར་གནས་མཆོག་ཝཱ་ར་ཎཱ་སར་ཡང་གདན་ས་གསུམ་སོགས་ཀྱི་དགེ་འདུན་འདུས་པ་རྒྱ་མཚོའི་དབུས་སུ་ཉིན་གཉིས་ལ་གཞུང་ཆེན་གྱི་དམ་འཇོག་གནང་། ༡༩༨༩ལོར་སྨད་རྒྱུད་གྲྭ་ཚང་དུ་སྒྲིག་ཞུགས་གནང་སྟེ་སྔགས་ལ་སློབ་གཉེར་གནང་། ༡༩༨༩ལོའི་ཟླ་༡༠ཚེས་༡༨ཉིན་སེ་ར་ཐེག་ཆེན་གླིང་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་དབུས་བཞུགས་ཀྱི་དགེ་འདུན་འདུས་པའི་སྤྱན་སྔར་སྔགས་ཀྱི་རྒྱུགས་སྤྲོད་ཕུལ། དེ་ནས་གྲྭ་ཚང་གི་སློབ་གཉེར་རྒན་ཐེངས་གཉིས་ལ་གནང་། ༡༩༩༥ལོར་རྒྱུད་སྨད་གྲྭ་ཚང་གི་དགེ་བསྐོས་དང་དེ་རྗེས་སེར་བྱེས་གྲྭ་ཚང་གི་དགེ་བསྐོས་གནང་། ༡༩༩༧ལོར་བོད་དུ་ཕེབས་ཏེ་སྐལ་ལྡན་དོན་གཉེར་ཅན་མང་པོར་དམ་པའི་ཆོས་ཀྱིས་ཚིམ་པར་མཛད། ༡༩༩༨ལོར་ཕྱིར་འཕགས་ཡུལ་དུ་ཕེབས་ཏེ་སེ་རར་སྔར་བཞིན་ཕྱི་ནང་གི་དོན་གཉེར་ཅན་མང་པོར་དཔེ་ཁྲིད་དང་ལུང་ཆོས་མན་ངག་གནང་སྟེ་བཞུགས་ཤིང་། ༢༠༠༢ལོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱུད་སྨད་ཀྱི་བླ་མ་དབུ་མཛད་དུ་ཕྱག་རྟགས་ཕེབས་པ་ལྟར་ལོ་དེའི་བོད་ཟླ་༡༠ཚེས་༡༨ཉིན་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་བླ་མ་དབུ་མཛད་ཀྱི་མཛད་ཁུར་བཞེས། ༢༠༠༥ ལོའི་བོད་ཟླ་༩ཚེས་༦ཉིན་རྒྱུད་སྨད་ཀྱི་མཁན་ཁྲིར་ཕེབས། ༢༠༡༢ལོའི་ཟླ་༥ཕྱི་ཚེས༦སེར་བྱེས་གྲྭ་ཚང་གི་མཁན་ཁྲིར་ཕེབས་ཤིང་ཆོས་སྲིད་གཉིས་ཐད་ནས་མཛད་འཕྲིན་སྐྱོང་མུར་བཞུགས་པ་ལགས་སོ། །
སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས། ༢༠༡༦།༠༥།༡༣ ལ།
དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་བྱ་དགོས་ཚེ་རྩོམ་ཁུངས་དང་སྦྲེལ་སྣེ་མཉམ་སྦྱར་བྱེད་དགོས།
བྱང་རྩེ་ཆོས་རྗེ་རིན་པོ་ཆེ་ཁྲི་འདོན་བྱས།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།རྒྱུད་སྨད་མཁན་ཟུར་རྗེ་སྒོ་སོག་རིན་པོ་ཆེ་ངག་དབང་གསུང་རབ་བསྟན་འཛིན་དགེ་ལེགས་མཆོག་བྱང་རྩེ་ཆོས་རྗེར་ཁྲི་འདོན་དང་གྲྭ་ཚང་སོ་སོར་གདན་ཞུ་དང་མཛད་སྒོ་འཚོགས་སོང་།
འཕགས་ཡུལ་གྱི་གདན་ས་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་གི་སྐྱབས་རྗེ་སྒོ་སོག་རིན་པོ་ཆེ་རྒྱུད་སྨད་མཁན་ཟུར་ངག་དབང་གསུང་རབ་བསྟན་འཛིན་དགེ་ལེགས་མཆོག་ལ་འདི་ལོའི་ཕྱི་ཟླ་༨ཚེས་༡ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བྱང་རྩེ་ཆོས་རྗེའི་མཚན་གནས་ཀྱི་ཕྱག་རྟགས་ཕེབས་པ་ལྟར་ཟླ་བ་འདིའི་ཚེས་ ༢༧ ཉིན་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་ཚོགས་ཆེན་དང་བྱང་རྩེ་གྲྭ་ཚང་གཉིས་སུ་ཁྲི་འདོན་མཛད་སྒོ་འཚོགས་ཡོད་པ་དང་། མཛད་སྒོའི་སྐུ་མགྲོན་དུ་གདན་ས་ཁག་གི་མཁན་ལས་ཟུར་དང་ལས་སྣེ། གཞན་སྐུ་མགྲོན་གང་མང་ཕེབས་ཡོད་འདུག །མཛད་སྒོའི་ཉིན་༧བྱང་རྩེ་ཆོས་རྗེ་རིན་པོ་ཆེ་མཆོག་གིས་རྟེན་འབྲེལ་མཚོན་ཕྱིར་དུ་བྱང་ཆུབ་ལམ་རིམ་གྱི་ཆོས་འབྲེལ་ཞིག་ཀྱང་གནང་ཡོད་འདུག་ཅིང་། ཁ་སང་སྟེ་ཕྱི་ལོ་༢༠༡༧ལོའི་ཟླ་༨ཚེས་༣༠ཉིན་མཁན་བླ་དགེ་འདུན་མང་གིས་ཕེབས་བསུའི་ཁྲོད་༧བྱང་རྩེ་ཆོས་རྗེ་རིན་པོ་ཆེ་མཆོག་འདི་ག་སེ་ར་ཆོས་སྒར་དུ་ཕེབས་ཡོད་པ་དང་། ཐོག་མར་སེ་ར་ཐེག་པ་ཆེན་པོའི་གླིང་བླ་སྤྱིར་རྟེན་འབྲེལ་མཛད་སྒོ་འཚོགས་རྗེས་གྲྭ་ཚང་གཉིས་ལ་དགེ་འདུན་མང་གིས་ཕེབས་བསུ་དང་མཛད་སྒོ་འཚོགས་སོང་།
༧བྱང་རྩེ་ཆོས་རྗེ་སྒོ་སོག་རིན་པོ་ཆེ་ངག་དབང་གསུང་རབ་བསྟན་འཛིན་དགེ་ལེགས་མཆོག་ནི་ཕྱི་ལོ་ ༡༩༤༨ ལོར་བོད་ཤར་ཕྱོགས་ལི་ཐང་མོ་ཧ་ཞེས་པར་སྐུ་འཁྲུངས་པ་དང་། ཡོངས་འཛིན་རྒྱལ་ཚབ་སྟག་བྲག་རིན་པོ་ཆེ་མཆོག་གིས་སྒོ་སོག་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་གནང་འདུག །༡༩༥༩ ལོར་བྱེས་སུ་ཕེབས་ཏེ་སྦག་ས་ཆོས་སྒར་དང་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་གཉིས་སུ་གཞུང་ཆེན་ཁག་ལ་སློབ་གཉེར་གནང་སྟེ། དགུང་གྲངས་ ༣༦ གི་སྐབས་ལྷ་རམས་པའི་མཚན་རྟགས་བཞེས་འདུག །དེ་རྗེས་རྒྱུད་སྨད་གྲྭ་ཚང་དུ་ཆོས་ཞུགས་གནང་སྟེ་སྔགས་ལ་ཐོས་བསམ་སློབ་གཉེར་གནང་ཞིང་སྔགས་རམས་པའི་མཚན་རྟགས་བཞེས་ཡོད་པ་དང་། རྒྱུད་སྨད་གྲྭ་ཚང་གི་མཁན་པོའི་མཛད་འཁུར་དང་། ཕྱི་ལོ་ ༡༩༩༢ ལོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་གི་མཁན་པོར་བསྐོ་གཞག་མཛད་པ་ལྟར་མཁན་པོའི་མཛད་འགན་བཞེས་ཡོད་འདུག །གཞན་ཨ་རི་དང་འཇར་མན་ནི་སོགས་ཕྱིའི་རྒྱལ་ཁབ་དུ་མར་གདན་ཞུས་ལྟར་ཕེབས་ཏེ་དད་ལྡན་རྣམས་ལ་ནང་ཆོས་ཀྱི་ཟབ་ཁྲིད་གནང་མུས་སུ་ཡོད་འདུག་ལ། འདི་ལོའི་ཕྱི་ཟླ་༨ཚེས་༡ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བྱང་རྩེ་ཆོས་རྗེར་བསྐོ་བཞག་གི་བཀའ་ཡིག་ཕྱག་རྟགས་སྩལ་ཡོད་འདུག །
སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས། ༢༠༡༧།༠༨།༣༡ལ།
དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་བྱ་དགོས་ཚེ་རྩོམ་ཁུངས་ཁ་གསལ་འགོད་དགོས།
༧ དགའ་ལྡན་ཁྲི་རིན་པོ་ཆེས་གསུང་ཆོས་གནང་།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།ཁ་སང་རེས་གཟའ་ཉི་མའི་ཉིན་སེ་ར་ཐེག་པ་ཆེན་པོའི་གླིང་དུ་༧དགའ་ལྡན་ཁྲི་རིན་པོ་ཆེས་ལམ་གཙོ་རྣམ་གསུམ་གྱི་བཤད་ལུང་དང་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་གནང་སོང་།
ཕྱི་ལོ་༢༠༡༧ལོའི་ཟླ་༡༡་ཚེས་༥ཉིན་༧དགའ་ལྡན་ཁྲི་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་གིས་སེ་ར་ཐེག་པ་ཆེན་པོའི་གླིང་གི་གཙུག་ལག་ཁང་དུ་སེ་རའི་དགེ་འདུན་པ་རྣམས་དང་སློབ་ཕྲུག །གཞན་སེར་སྐྱ་མི་མང་གང་མང་ལ་ལམ་གཙོ་རྣམ་གསུམ་གྱི་བཤད་ལུང་དང་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་། ལམ་སྟོན་བཀའ་སློབ་བཅས་གནང་སོང་། ༧སྐྱབས་རྗེ་ཁྲི་རིན་པོ་ཆེས་སེ་ར་ཐེག་པ་ཆེན་པོའི་གླིང་གི་སློབ་གཉེར་བ་ཡོངས་ལ། སློབ་གཉེར་དང་འཛིན་སྐྱོར་སྦྱང་ལ་ཤུགས་རྒྱག་དགོས་པ་དང་། ཚོགས་བསག་སྒྲིབ་སྦྱོང་ལ་འབད་དགོས་པ། ཚུལ་ཁྲིམས་རྣམ་པར་དག་པས་གཞི་བཟུང་། ཉེར་ལེན་དམིགས་རྣམ་སྐྱོང་བ་དང་། ལྷན་ཅིག་བྱེད་རྐྱེན་ཚོགས་བསག་སྒྲིབ་སྦྱོང་སུམ་སྒྲིལ་བྱས་ན་རྟོགས་པ་སྐྱེ་ཐུབ་པ་དང་། ལྷག་པར་དུ་སློབ་གཉེར་གྱི་སྐབས་སུ་ཚོགས་བསག་པ་གལ་ཆེ་ཚུལ། ཚོགས་བསགས་པ་ལ། གྲྭ་ཚང་གཉིས་ཀྱི་དགོང་མོའི་ཆོས་རའི་ཞལ་འདོན་རྣམས་གལ་ཆེ་བ་དང་། སྔོན་ཆད་རྩོད་པ་དང་ཆོས་རའི་ཞལ་འདོན་གཉིས་ལས་ཞལ་འདོན་མང་བ། བླ་བརྒྱུད་གསོལ་འདེབས་ཀྱིས་བླ་མ་རྣམས་ལ་གསོལ་འདེབས་ཞུ་བ་དང་། སྒྲོལ་མ་ལ་སོགས་པ་གསུངས་ནས་ཡི་དམ་ལ་གསོལ་འདེབས་ཞུ་བ་དེ་གལ་ཆེ་བ་དང་། ཞལ་འདོན་གྱིས་དུས་ཚོད་འཕྲོ་བརླག་གཏོང་བ་ལྟ་བུའི་བསམ་ཚུལ་སྐྱེ་མི་ཉན་ཚུལ་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སློབ་གཉེར་གྱི་སྐོར་ལ་ཐུགས་ཁྲལ་གནང་གིན་ཡོད་པས་སློབ་གཉེར་འཐུས་ཤོར་མ་སོང་བ་བྱེད་དགོས་ཚུལ། སྐྱ་བོ་རྣམས་ཀྱིས་ཀྱང་ཆོས་ཤེས་ནས་དད་པ་ཐོབ་པ་བྱེད་རྒྱུ་གལ་ཆེ་བ་སོགས་ཀྱི་བཀའ་སློབ་གནང་སོང་།
སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས། ༢༠༡༧།༡༡།༠༦ལ།
དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་བྱ་དགོས་ཚེ་རྩོམ་ཁུངས་ཁ་གསལ་འགོད་དགོས།
དེ་རིང་ས་ཟླའི་དུས་ཆེན་གསུམ་འཛོམས་ཀྱི་ཉིན་མོ།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།དེ་རིང་ས་ཟླའི་དུས་ཆེན་གསུམ་འཛོམས་ཀྱི་ཉིན་མོར་སེ་རར་ཡང་བོད་ཡུལ་བྱིངས་ལྟར་སྐྱ་སེར་དབྱེར་མེད་ཀྱིས་མཆོད་མཇལ་དང་མཆོད་འབུལ་སོགས་ཀྱིས་དགེ་བའི་ཕྱོགས་ལ་བྲེལ་ཟིང་ཧ་ཅང་ཆེ།
བོད་ཟླ་བཞི་པར་རགས་པར་ཉ་བའི་སྐར་མའི་ཆ་ནས་ས་ག་ཟླ་བ་ཞེས་བརྗོད། ཟླ་བ་འདི་ནི་བདག་ཅག་གི་སྟོན་པ་སྐུ་བལྟམས་པ་དང་། སངས་རྒྱས་པ། སྐུ་མྱ་ངན་ལས་འདས་པའི་དུས་ཆེན་ཏེ་དུས་ཆེན་གསུམ་འཛོམས་ཀྱི་ཉིན་མོར་ངོས་འཛིན་བྱེད་ཀྱིན་ཡོད།
དེ་ཡང་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་དགའ་ལྡན་གྱི་གནས་ནས་གཟིགས་པ་ལྔས་གླང་པོ་ཆེ་ཐལ་དཀར་མཆེ་བ་དྲུག་ལྡན་གྱི་རྣམ་པར་བརྫུས་ཏེ། ས་ལུག་ཆུ་སྟོད་ཟླ་བ་དྲུག་པའི་ཚེས་ ༡༥ ཉིན་ལྷ་མོ་སྒྱུ་འཕྲུལ་མའི་ལྷུམས་སུ་ཞུགས་ནས་ལྕགས་སྤྲེལ་ས་ག་ཟླ་བའི་ཚེས་བདུན་ཉིན་ལུམ་བིའི་ཚལ་དུ་སྐུ་བལྟམས་པ་དང་གཅིག །
ཤིང་རྟ་ས་ཟླའི་ཚེས་༡༥ཡི་མཚན་མོར་བྱང་ཆུབ་ཤིང་གི་དྲུང་དུ་མཉམ་པར་བཞག་སྟེ་སྲོད་ལ་བདུད་བཏུལ་བ་དང་ཐོ་རེངས་མངོན་པར་སངས་རྒྱས་པ་དང་གཉིས།
ལྕགས་འབྲུག་ས་ག་ཟླ་བའི་ཚེས་༡༥ ཉིན་རྩྭ་མཆོག་གྲོང་དུ་གཤེགས་ཏེ་སཱ་ལའི་ཚལ་གྱི་དབུས་ཐ་མལ་གྱི་གཟིམས་ཁྲིར་བཞུགས་ཤིང་ཉན་ཐོས་འོད་སྲུངས་ཆེན་པོ་ལ་བསྟན་པ་གཏད། འདུས་བྱས་ཐམས་ཅད་མི་རྟག་པ། ཟག་བཅས་ཐམས་ཅད་སྡུག་བསྔལ་བ། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པའོ།།ཞེས་གསུང་གི་ཐ་མ་སྩལ་ནས་ཆོས་ཀྱི་དབྱིངས་སུ་སྐུ་མྱ་ངན་ལས་འདས་པའི་མཛད་པ་བསྟན་པ་དང་གསུམ་བཅས་ཀྱི་དུས་ཆེན་ཁྱད་པར་ཅན་ལ་མཆོད་འབུལ་སོགས་བྱས་ན་དགེ་རྩ་འབུམ་འགྱུར་གྱི་འཕེལ་ཆེ་བར་བརྩིས་ཏེ་བོད་ས་ཡོངས་སུ། སྐྱ་སེར་དབྱེར་མེད་ཀྱིས་ཟླ་བ་དེར་ཤ་ཟ་བ་སྤངས་པ་དང་།
དབུས་སུ་གཞུང་གནས་དང་། རྩིས་ཁང་ལས་ཁུངས་ནས་ཤོད་སྐོར་གྱི་ས་ཟླའི་མཆོད་སྤྲིན་མ་དངུལ་སྐྱེད་འབབ་ཐོག་ཞལ་འདེབས་ཀྱིས་ཚེས་བརྒྱད་དང་། བཅོ་ལྔ། གནམ་གང་བཅས་ལ་གཙུག་ལག་ཁང་དང་། ར་མོ་ཆེ། རྩེ་འཕགས་པ་ལྷ་ཁང་བཅས་སོ་སོར་སྟོང་མཆོད་རེ་དང་། རྟེན་གཙོ་ཚང་མར་ཞལ་གསེར་སྒྲོན་འབུལ། ཕྱོགས་མཐའི་མཐའ་འདུལ་ཡང་འདུལ་སོགས་ཀྱི་རྟེན་ཁང་ལ་ཞལ་གསེར་སྒྲོན་འབུལ། སྙན་ཤལ་སོགས་ཀྱི་མཆོད་ཡོན་དོད་དངུལ་བཅས་བཀའ་ཤག་དམ་སྦྱར་བཀའ་རྒྱ་རེ་ཁུངས་སོ་སོར་གཏོང་སྲོལ་ཡོད།
ཚེས་༡༥ ཉིན་ཞོགས་པ་སྔ་ཆར་ཤོད་སྐོར་རྣམས་དམིགས་བསལ་གྱིས་ས་དབང་རྣམ་པ་ན་བཟའ་ཇུས་སེར། ཛ་ཐའི། རིམ་བཞི་བཅས་ན་བཟའ་མཛོད་སེར། རྩིས་དཔོན། བླ་ཕྱག །སྲས་རྣམ་པ། ལས་ཚན་པ། དྲུང་དཀྱུས། རྩིས་ཕྲུག་པ་བཅས་ཀྱི་ན་བཟའ་ཚོས་མན་ལི་སེར་དང་། དབུ་ཞྭ་ལྕང་མདའ་བཅས་གཟབ་བཞེས་དང་བཅས་ཞོགས་པ་གཙུག་ལག་ཁང་དུ་སྡེབ་འཛོམས་ཐོག་གནས་གཟིགས་ལ་གོ་རིམ་བཞིན་ཕེབས་ཏེ་ཇོ་བོ་རྣམ་གཉིས་དང་། ཐུགས་རྗེ་ཆེན་པོ་གསུམ་སོ་སོར་སྙན་ཤལ་ནང་མཛོད་སྣ་ལྔ་རེ་དང་། དེ་བྱིངས་ཚང་མར་ཨ་ཤེ། ཟུབ་ཕྱི། ཕྱི་མཛོད་བཅས་སྒྲོན་འབུལ། དཀྱིལ་འཁོར་མཐིལ་མཚོ་རྫས་རིན་ཆེན་སྣ་ལྔའི་འཐུམ། གནས་གཟིགས་གྲུབ་སྟེ་སྣང་ཤག་ལས་ཁུངས་ཀྱི་སྒོ་འགྲམ་ཕེབས་སྐབས་མི་དཔོན་གཉིས་དང་། གཉེར་དྲུང་། ཁང་གཉེར་བཅས་ཀྱིས་སྦྲང་བན་ཞུས་ཐོག །ས་དབང་རྣམ་པ་བཞིའི་སྐུ་ཐར་ཉེས་ཅན་བཙོན་པ་མི་བཞི་པུས་མོ་བཙུགས་ནས་གྲལ་བསྒྲིགས་ཏེ་བསྡད་ཡོད་པ་ལ་བཀའ་མགྲོན་དང་། རྩིས་པས་མི་རེར་ཁ་བཏགས་རེ་གཡོག་སྟེ་གློད་བཀྲོལ་གནང་སྲོལ་འདུག །དེ་ནས་ར་མོ་ཆེའི་གནས་གཟིགས་གནང་རྗེས་གླིང་བསྐོར་བརྒྱུད་ནོར་གླིང་ཕོ་བྲང་དུ་བཅར། རྟེན་གཙོར་སྙན་དར་སྒྲོན་འབུལ་མཛད། དྲུང་བཞེས་ཚུགས། ༧གོང་ས་མཆོག་ལ་མཇལ་ཁ་ཞུས། གསོལ་ཇ། བཞེས་འབྲས། དཀར་སྐྱོང་བཞེས་ཞོ། ཕེབས་སྒོ་བཞེས་ཟས་བཅས་ཕེབས། དེ་ནས་དྲུང་བཞེས་གྲོལ། བཀའ་བློན་ཚོ་བདེ་སྐྱིད་གླིང་ཁ་བར་ཡར་མར་ཆིབས་ཐོག་དང་། དེ་ནས་མུ་མཐུད་གླིང་བསྐོར་གྱི་གླང་ཁང་ཟུར་བརྒྱུད་རྩེར་གནས་གཟིགས་དང་། དེ་ནས་ཕྱིར་ཕེབས་ཀླུ་ཁང་ནང་དུ་ཕེབས་འབྱོར་མཚམས་ཀོ་དཔོན་གཉེར་པས་ཕེབས་ཀོ་ཉིས་སྦྲེལ་གཉིས་ཏེ་གཏོང་མི་ཀོ་པ་རྣམས་ཀྱང་རང་ལུགས་གྱོན་ཆས་གཟབ་མཆོར་གྱིས་ཕེབས་སྒུག་ཨང་གསར་ཐོག་ས་དབང་རྣམ་པ་འཁོར་བཅས་ཕེབས་ཀོར་བཞུགས། ཀླུ་ཁང་གི་རྡོ་སྐས་མཚམས་ཞོལ་གཉེར་སེར་སྐྱ་རྣམས་དང་གཉེར་དྲུང་བཅས་ནས་ཞབས་ཞུས་ཀྱི་ཀླུ་ཁང་གཟིམས་ཆུང་དུ་ས་དབང་རྣམ་པ་དང་། བྱིངས་བར་ཁྱམས་འཁོར་ཡུག་ཏུ་བཞུགས་སྒྲིག་སར་གོ་རིམ་བཞིན་འཁོད། ཞོལ་ལས་ཁུངས་ནས་གསོལ་ཇ། འབྲས་བསིལ། ལའི་ཞེས་སྦང་ལུམ་བཙིར་བའི་ཁུ་བ། དགུང་ཚིགས་དཀར་སྐྱོང་རིམ་འབུལ་ཞུས། ལྷ་སའི་ནང་མའི་སྐྱིད་སྡུག་པ་ཚོས་རོལ་ཆ་དང་། གཞས་ཞབས་བྲོ་རྣམ་ཐར་བཅས་གཏོང་མི་དང་། ཀོ་དཔོན་གཉེར་པ། ཞོལ་ནང་བཅས་པར་ལེགས་དར། དངུལ་གྱི་གནང་ཆ་སྩལ་ཏེ་ཕེབས་ཀོར་མཚོ་བསྐོར་གནང་སྒོ་ཟིན་མཚམས་གླིང་བསྐོར་འཕྲོ་སྐྱོང་དུ་ཕེབས། དེ་ཉིན་རྩེ་ཡིག་ཚང་ལས་ཁུངས་ནས་ཀྱང་སྔོན་ཚུད་རྟེན་གཙོ་ཁག་ལ་༧གོང་ས་མཆོག་གི་ཐུགས་སྨོན་སྙན་ཤལ་ཞུ་ལེན་དང་། བྱིན་རྟེན། མཛོད་ཆུང་ཁོངས་ནས་སྤྲང་འགྱེད་བསྡོགས་ལེན་མཁན་དྲུང་བཞི་དང་། ཡིག་ཚང་འཁོར་བཅས་ན་བཟའ་རྒྱུན་ཆས་ཁ་གསར་གཟབ་མཆོར་གྱིས་སྔ་ཆར་རྩེ་ཕོ་བྲང་དུ་ཚང་འཛོམས་ཐོག་འཕགས་མཆོག་ལོ་ཀེ་ཤྭ་རས་གཙོས་རྩེའི་ལྷ་ཁང་ཁག་དང་། གོང་བཞིན་གླིང་བསྐོར་དུ་ཕེབས་ཏེ་ཀླུ་ཁང་། ར་མོ་ཆེ་གཙུག་ལག་ཁང་སོགས་ལ་གནས་གཟིགས། ཡིག་ཚང་ལས་བྱས་གཟིམས་ཆུང་སྐུ་སྒེར་གྱི་སྤྲང་འགྱེད་དང་། བྱིན་རྟེན་བཅས་ངན་སློང་ལ་སྤྲོད་པ་དང་། སྒེར་སོ་སོས་མཆོད་འབུལ་གཟབ་རྒྱས་དང་སྦྱིན་གཏོང་སོགས་བྱེད་བཞིན་ཡོད།
མང་ཚོགས་སེར་སྐྱ་རྣམས་ནས་ཀྱང་སྔ་དྲོ་ཕྱག་མཆོད་སོགས་ཚར་རྗེས་ཇ་ཆང་དང་། ཟ་ཆས་འཁྱེར་ཏེ་ཀླུ་ཁང་དུ་ཀོ་གྲུར་བསྡད་ནས་མཚོ་བསྐོར་དང་། གཞས་རྣམ་ཐར་གཏོང་བས་མཚོན་སྤྲོ་སྐྱིད་གང་ལེགས་གཏོང་སྲོལ་ཡོད་པ་མ་ཟད། རང་རང་འཁོས་འབྱོར་ལ་དཔག་པའི་དཀོན་མཆོག་ལ་མཆོད་པ་དང་། སློང་མོ་བར་སྦྱིན་གཏོང་རྒྱ་གང་ཆེ་བྱེད་སྲོལ་ཡོད་ཅིང་། དགོན་པ་དང་མཆོད་རྟེན་སོགས་ལ་ཕྱག་དང་སྐོར་བ་བྱེད་པ། ཚེ་ཐར་གཏོང་བ། གྲོང་མི་ལྷན་འཛོམས་ཀྱིས་སྨྱུང་གནས་ལ་གནས་པ་དང་། བསྙེན་གནས་ཀྱི་སྡོམ་པ་ལེན་པ། ཆོས་སྐོར་བྱེད་པ། དགོན་པ་ཁག་ཏུ་སེམས་བསྐྱེད་མཆོད་པ་བཟུང་སྟེ་ཡོན་ཆབ་གང་མང་འབུལ་བ་སོགས་ཟླ་བ་འདི་ནི་བོད་མི་ཡོངས་ཀྱིས་དགེ་བ་ལ་བརྩོན་པའི་ཟླ་བ་ཁྱད་པར་ཅན་ཞིག་ཡིན་ནོ།།
བྱང་རྩེ་ཆོས་རྗེ་རིན་པོ་ཆེར་གྱ་སྟོན་བཤམས།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།སེར་བྱེས་གྲྭ་ཚང་གིས་བྱང་རྩེ་ཆོས་རྗེ་རིན་པོ་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པར་བརྟན་བཞུགས་ཕུལ།
༢༠༡༥ ལོའི་ཕྱི་ཟླ་༥ཚེས་༡༣ སྐུའི་བླ་གཟའ་སྟེ་རེས་གཟའ་ལྷག་པ་འབྱུང་འཕྲོད་དགེ་བའི་ཉིན་དང་བསྟུན། སེར་བྱེས་གཙང་བྱང་རྩེ་ཆོས་རྗེ་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པའི་དགའ་སྟོན་རྟེན་འབྲེལ་དང་། སྐྱབས་རྗེ་མཆོག་སྐུ་ཚེ་ཞབས་པད་ཡུན་དུ་བརྟན་པའི་སླད་དུ། སེར་བྱེས་གྲྭ་ཚང་དུ་བརྟན་བཞུགས་དང་མཆོད་འབུལ་བསྙེན་བཀུར་རྒྱ་ཆེར་ཞུས་སོང་།
དེ་ཡང་ཞོགས་ཀའི་ཆུ་ཚོད་༦:༣༠ སྟེང་གྲྭ་ཚང་གི་རྒྱལ་སྲས་བླ་སྤྲུལ་བཀའ་རབ་འབྱམས་དགེ་བཤེས་དགེ་འདུན་དམངས་དང་བཅས་པ་གྲྭ་ཚང་གི་གཙུག་ལག་ཁང་དུ་འཛོམས་ཏེ། ཐོག་མར་སྐྱབས་རྗེ་མཆོག་ལ་བརྟན་བཞུགས་དང་། དེ་རྗེས་བྱང་རྩེ་ཆོས་རྗེ་རིན་པོ་དབུ་བཞུགས་ཐོག་༧གོང་ས་༧སྐྱབས་མགོན་ཐམས་ཅད་མཁྱེན་པ་མཆོག་གི་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་པ་དང་། རླབས་ཆེན་གྱི་ཐུགས་ཀྱི་བཞེད་དགོངས་ལྷུན་གྱིས་འགྲུབ་པ་སོགས་ཀྱི་ཆེད་དུ་དམིགས། ཉིན་དེར་ཚོགས་ཐེངས་བཞི་བྱས་ཏེ་རྗེ་རིན་པོ་ཆེའི་གསུང་དྲང་ངེས་ལེགས་བཤད་སྙིང་པོ་དག་སྒྲོག་གསུངས་གནང་སོང་ལ། གོ་སྒྲིག་ཚོགས་ཆུང་ནས་དགེ་འདུན་དམངས་ལ་བསྙེན་བཀུར་གསོལ་ཇ། ཉིན་གུང་བཞེས་ལག །དགོངས་དྲོ་ཞལ་ལག་སོགས་གྲ་སྒྲིག་ཕུན་སུམ་ཚོགས་པ་གནང་འདུག
དགེ་ཚུལ་གྱི་སྡོམ་པ་དང་དབུ་མའི་སྤྱི་དོན་གྱི་བཤད་ལུང་གནང་།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།ཁ་སང་བྱང་རྩེ་ཆོས་རྗེ་རིན་པོ་ཆེས་མི་གྲངས་བརྒྱ་ལྷག་ལ་དགེ་ཚུལ་གྱི་སྡོམ་པ་དང་དེ་རིང་རྗེ་བཙུན་པའི་དབུ་མའི་སྤྱི་དོན་གྱི་བཤད་ལུང་སོགས་གནང་།
ཕྱི་ལོ་༢༠༡༦ལོའི་ཕྱི་ཟླ་༥ཚེས་༡༤དང་བོད་ཟླ་བཞི་པ་ས་ག་ཟླ་བའི་ཚེས་༨ཉིན་༧སྐྱབས་རྗེ་དམ་པ་བྱང་རྩེ་ཆོས་རྗེ་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་གིས་སེར་བྱེས་གཙང་པ་ཁང་ཚན་གྱི་འདུ་ཁང་དུ་ཕུན་ཚོགས་རིན་པོ་ཆེ་གཙོ་བྱས་པའི་མི་གྲངས་བརྒྱ་ལྷག་ལ་དགེ་ཚུལ་གྱི་སྡོམ་པ་གནང་ཞིང་། དེ་རིང་བོད་ཚེས་༩ཉིན་གྱི་སྔ་དྲོར་དོན་གཉེར་ཅན་བརྒྱ་ཕྲག་འགའ་ལ་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱི་དབུ་མའི་སྤྱི་དོན་གྱི་བཤད་ལུང་སོགས་དབུ་འཛུགས་གནང་སོང་།
སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས། ༢༠༡༦།༠༥།༡༥ ལ།
དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་བྱ་དགོས་ཚེ་རྩོམ་ཁུངས་དང་སྦྲེལ་སྣེ་མཉམ་སྦྱར་བྱེད་དགོས།
ཁྲིད་གཞུང་། སྒོམ་རིམ་བར་པ། ལག་ལེན་སོ་བདུན་མ།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།སྒྲ་ཨང་། H-ADZZ2030121
སྟོན་པ་འཇིག་རྟེན་དབང་ཕྱུག [གཞུང་ཆེན།] སྤྱིའི་ཨང་། ༣༤༢
རྣམ་པ། MP3 རྣམ་གྲངས། 38 ཆེ་ཆུང་། 470.7 MB
ཁྲིད་གཞུང་། སྒོམ་རིམ་བར་པ་དང་ལག་ལེན་སོ་བདུན་མ།
མཛད་པ་པོ། སློབ་དཔོན་ཀ་མ་ལ་ཤཱི་ལ།
མཛད་པ་པོ། རྒྱལ་སྲས་ཐོགས་མེད་བཟང་པོ། [༡༢༩༥-༡༣༦༩]
འཁྲིད་མཁན། སྟོན་པ་འཇིག་རྟེན་དབང་ཕྱུག
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༦ ལོའི་ཟླ་ ༡༠།༠༣ ལ་གསར་སྒྲིག་བྱས།
༢༠༡༩ ལོའི་ཟླ་དགུ་པའི་ཚེས་ཉེར་ལྔ་ལ་བསྐྱར་སྒྲིག་བྱས།
གདམས་པ་རིན་ཆེན་དང་པོ། ང་ཚོའི་སྤྱོད་པའི་འབྲས་བུ་ནི། ཐད་ཀར་རང་ཉིད་ཁོ་ནར་བརྟེན་ནས་བྱུང་བའི་གནས་སྟངས་ཧ་ཅང་དཀོན་ཏེ། གྲུ་དཔོན་ཞིག་གིས་གྲུ་གཟེངས་ཆར་རླུང་དྲག་པོའི་ཁྲོད་བདེ་འཇགས་ངང་མཚོ་མཐར་སྐྱེལ་ཐུབ་མིན་ཁོ་རང་གི་སྤྱོད་པ་གཅིག་པུར་བརྟེན་པ་ཞིག་མ་རེད། དེ་བས་ནས་ང་ཚོའི་སྤྱོད་པའི་མཇུག་འབྲས་ནི་བྱ་སྤྱོད་ཅིག་དགེ་བ་ཡིན་མིན་ཐག་གཅོད་བྱེད་གཙོ་བོ་མིན། བོད་སྐད་དུ་ཀུན་སློང་ཟེར་བ་དེ་ནི། སྤྱོད་པ་ངེས་ཅན་ཞིག་གི་དགེ་བའི་རིན་ཐང་ཐག་གཅོད་བྱེད་པར་ཤིན་ཏུ་གལ་ཆེན་ཡིན་ཞིང༌། ཐ་སྙད་འདིའི་ངོ་གདོང་གི་དོན་ནི། ཀུན་ཟེར་བ་ཡོངས་སམ་གཏིང་ནས་ཞེས་པའི་དོན་ལ་འཇུག་ཅིང༌། སློང་ཞེས་པ་ཅི་ཞིག་འབྱུང་བར་སྐུལ་བ་དང༌། ཡང་ན་གང་ཞིག་སྐྱེ་བའམ་ལང་དུ་འཇུག་པར་གོ་ཆོག །འོན་ཀྱང༌། སྐབས་བབ་ཀྱི་དོན་ནི་བསམ་བཞིན་དུ་བྱས་པའི་བྱ་སྤྱོད་དང༌། ཕྱོགས་ངེས་ཅན་ཞིག་ནས་བརྗོད་ན། བསམ་བཞིན་དུ་མ་ཡིན་པའི་བྱ་སྤྱོད་ཐམས་ཅད་སྐུལ་སློང་བྱེད་མཁན་ཞིག་ལ་འཇུག་ཕྱིར། ཐ་སྙད་འདིས་མི་ཞིག་གི་བློའི་ངང་ཚུལ་གྱི་སྤྱིའི་རྣམ་པ་ཞིག་མཚོན་ཐུབ་ཅིང༌། ཀུན་སློང་དགེ་བ་ཡིན་དུས་ང་ཚོའི་སྤྱོད་པའང་བླང་དོར་གྱི་རྣམ་གཞག་གི་ངོས་ནས་དགེ་བར་འགྱུར་གྱི་ཡོད། |
དེ་ལས་མང་བ།...
བརྟན་བཞུགས་ཕུལ་སོང་།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།
ཁ་སང་སེར་བྱེས་གྲྭ་ཚང་གི་ཆོས་རའི་ནང་དུ་གྲྭ་ཚང་གི་མཁན་རིན་པོ་ཆེ་རྗེ་བཙུན་བློ་བཟང་བདེ་ལེགས་མཆོག་ལ་བརྟན་བཞུགས་ཕུལ་སོང་།
དེ་ཡང་སེར་བྱེས་གྲྭ་ཚང་གི་མཁན་རིན་པོ་ཆེས་སློབ་གཉེར་བ་རྣམས་ལ་གྲྭ་ཚང་གི་ཆོས་རའི་ནང་དུ་བྱང་ཆུབ་ལམ་རིམ་གྱི་བཀའ་ཁྲིད་གནང་སྲོལ་ཡོད་པ་ལྟར་གྲྭ་ཚང་གི་མཁན་རིན་པོ་ཆེ་གོང་མ་དག་གི་སྐབས་ནས་སྲོལ་བཟང་དེའི་རྒྱུན་བསྐྱངས་ཡོད་ལ། ༧སྐྱབས་རྗེ་མཁན་རིན་པོ་ཆེ་རྗེ་བཙུན་བློ་བཟང་བདེ་ལེགས་མཆོག་གིས་ཀྱང་ཕྱི་ལོ་༢༠༡༢ལོའི་ཟླ་༥པར་གྲྭ་ཚང་གི་མཁན་རིན་པོ་ཆེའི་མཛད་ཁུར་བསྐྱངས་པ་ནས་བཟུང་སྟེ། ཆོས་ཐོག་གི་སྐབས་རྣམས་སུ་གྲྭ་ཚང་གི་ཆོས་རའི་ནང་དུ་སློབ་གཉེར་བ་རྣམས་ལ་རྗེ་ཙོང་ཁ་པའི་བྱང་ཆུབ་ལམ་རིམ་ཆེན་མོའི་བཀའ་ཁྲིད་གནང་མུས་སུ་ཡོད་པ་དེ་ཕྱི་ལོ་ ༢༠༡༦ ལོའི་ཕྱི་ཟླ་ ༥ ཚེས་ ༡༣ དང་བོད་ཟླ་བཞི་པ་ས་ག་ཟླ་བའི་ཚེས་ ༧ ཉིན་གྱི་སྔ་དྲོར་མཇུག་ལེགས་པར་གྲུབ་པ་དང་། ༧སྐྱབས་རྗེ་མཁན་རིན་པོ་ཆེ་རྗེ་བཙུན་བློ་བཟང་བདེ་ལེགས་མཆོག་གི་མཁན་པོའི་མཛད་ཁུར་གྱི་ལོ་ལྔའི་མཛད་ཡུན་རྫོགས་ཤིང་། མཁན་པོའི་མཛད་ཁུར་གྱི་རིང་གྲྭ་ཚང་རིན་པོ་ཆེ་ཆོས་སྲིད་གཉིས་ཐད་ནས་ལེགས་པར་བསྐྱངས་པའི་བཀའ་དྲིན་གཏང་རག་གི་ཚུལ་དུ། གྲྭ་ཚང་ནས་གྲོས་ཚོགས་སུ་སྙན་སེང་ཞུས་པར་གོ་བསྡུར་གནང་སྟེ་གཏན་འབེབས་བྱུང་དོན་ལྟར། ཕྱི་ལོ་༢༠༡༦ལོའི་ཕྱི་ཟླ་༦ཚེས་༡༩་རེས་གཟའ་ཉི་མའི་སྔ་དྲོའི་ཆུ་ཚོད་༨:༣༠སྟེང་སེར་བྱེས་གྲྭ་ཚང་གི་ཆོས་རའི་ནང་དུ་གྲྭ་ཚང་གི་བླ་སྤྲུལ་དགེ་བཤེས་འདུས་མང་ཡོངས་གཙོ་བྱས་པའི་ཕྱོགས་མཐའ་ཁག་ནས་ཕེབས་པའི་སྐུ་མགྲོན་དང་དད་ལྡན་མང་ཚོགས་གང་མང་ལྷན་འཛོམས་ཀྱིས་གྲྭ་ཚང་གི་མཁན་རིན་པོ་ཆེ་རྗེ་བཙུན་བློ་བཟང་བདེ་ལེགས་མཆོག་ལ་བརྟན་བཞུགས་ཕུལ་སོང་། བརྟན་བཞུགས་ཀྱི་སྔོན་དུ་༧སྐྱབས་རྗེ་མཁན་རིན་པོ་ཆེས་རྟེན་འབྲེལ་ལ་དམིགས་ཏེ་བྱང་ཆུབ་ལམ་རིམ་ཆེན་མོའི་དབུ་ནས་ཆོས་ཐུན་ཞིག་གནང་རྗེས་བརྟན་བཞུགས་དང་ཚོགས་མཆོད་རྒྱས་པ་ཕུལ་བར་མཛད། ༧སྐྱབས་རྗེ་མཁན་རིན་པོ་མཆོག་གི་རྣམ་ཐར་མདོར་བསྡུས་ཤིག་གཤམ་གྱི་སྦྲེལ་སྣེ་བརྒྱུད་གཟིགས་ཐུབ།
སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས། ༢༠༡༦།༠༦།༢༠ ལ།
དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་བྱ་དགོས་ཚེ་རྩོམ་ཁུངས་དང་སྦྲེལ་སྣེ་མཉམ་སྦྱར་བྱེད་དགོས།
མཁན་རབས་དོན་ལྔ་པ་མཁན་ཁྲིར་འཁོད།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།དེ་རིང་སྔ་དྲོར་སེར་བྱེས་དགེ་བཤེས་དགེ་འདུན་ཆོས་འཕེལ་མཆོག་གྲྭ་ཚང་གི་མཁན་ཁྲིར་འཁོད་དེ་མཁན་པོའི་ལས་ཁུར་དངོས་སུ་བཞེས།
དེ་ཡང་སེར་བྱེས་གྲྭ་ཚང་གི་མཁན་རིན་པོ་ཆེ་སྐྱབས་རྗེ་བློ་བཟང་བདེ་ལེགས་མཆོག་གིས་མཁན་པོའི་མཛད་ཁུར་གྱི་ལོ་ལྔའི་མཛད་ཡུན་རྫོགས་ཏེ། དགོངས་པ་ཞུ་འཁྲོལ་བྱུང་བ་དང་། གྲྭ་ཚང་ནས་མཁན་པོའི་འོས་གཞི་རྣམས་དགའ་ལྡན་ཁྲི་རིན་པོ་ཆེ་ལ་ཐུགས་བརྟག་དང་དཔྱད་གཞིར་ཕུལ་བ་དང་། ཁྲི་རིན་པོ་ཆེས་ཕྱི་ལོ་ ༢༠༡༦ ལོའི་ཟླ་ ༥ པའི་ཚེས་ ༩ ཉིན་མཚན་འཁོད་སྙན་ཞུ་དང་མཁན་པོའི་འོས་གཞི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་སྤྱན་འབུལ་ཞུས་དོན་ལྟར། ཕྱི་ལོ་༢༠༡༦ ལོའི་ཟླ་༥ ཚེས་༢༤ ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤེས་དབྱིངས་དཔྱད་ཀྱི་ཕྱག་རྟགས་རིན་པོ་ཆེ་སེར་བྱེས་དགེ་བཤེས་རྒན་དགེ་འདུན་ཆོས་འཕེལ་མཆོག་ལ་སྩལ་གནང་བྱུང་སྟེ། དེ་རིང་སྟེ་ཕྱི་ལོ་ ༢༠༡༦ ལོའི་ཟླ་ ༧ ཚེས་ ༡༨ རེས་གཟའ་ཟླ་བའི་འབྱུང་འཕྲོད་དགེ་བའི་ཉིན་གྱི་ཞོགས་ཀར་སེར་བྱེས་གྲྭ་ཚང་གི་མཁན་ཁྲིར་ཞབས་སོར་འཁོད་དེ་མཁན་པོའི་མཛད་ཁུར་དངོས་སུ་བཞེས། དེ་རྗེས་སྔ་དྲོའི་ཆུ་ཚོད་བརྒྱད་དང་ཕྱེད་ཡོལ་ཙམ་ལ་སྐྱབས་རྗེ་མཁན་རིན་པོ་ཆེ་གྲྭ་ཚང་གི་ཆོས་རར་ཕེབས་ཏེ་སློབ་གཉེར་བ་ཡོངས་ལ་རྗེ་བློ་བཟང་གྲགས་པའི་བྱང་ཆུབ་ལམ་རིམ་ཆེན་མོའི་དབུ་ནས་ཆོས་ཐུན་གཅིག་གསུངས་ཤིང་། ཉིན་གུང་མཁན་རིན་པོ་ཆེ་ཁྲི་འདོན་མངའ་གསོལ་གྱི་མཛད་སྒོ་ཞིག་ཀྱང་ཚོགས་སོང་།
སྐྱབས་རྗེ་མཁན་རིན་པོ་ཆེ་དགེ་འདུན་ཆོས་འཕེལ་མཆོག་ནི། ཕྱི་ལོ་༡༩༤༡ ལོར་བོད་དཀར་མཛེས་སུ་སྐུ་འཁྲུངས། ཕྱི་ལོ་༡༩༤༨ལོར་དཀར་མཛེས་དགོན་དུ་སྒྲིག་ཞུགས་གནང་། དགུང་གྲངས་དགུ་པར་འཁྲུངས་གསར་སྐུ་ཕྲེང་ལྔ་པ་བློ་བཟང་དཔལ་ལྡན་ངག་གི་དབང་ཕྱུག་ལས་དགེ་ཚུལ་གྱི་སྡོམ་པ་བླངས། ཕྱི་ལོ་༡༩༥༥ལོར་སེར་བྱེས་མཁས་སྙན་གྲྭ་ཚང་དུ་སྒྲིག་ཞུགས་ཀྱིས་སེར་བྱེས་མཁན་རབས་རེ་དྲུག་པ་རྗེ་བློ་བཟང་དབང་ཕྱུག་མཆོག་དང། རྗེ་བྱམས་པ་བསྟན་བཟང་གཉིས་དགེ་རྒན་དུ་བསྟེན་ཏེ་གཞུང་ཆེན་ལ་སློབ་གཉེར་གནང་། གཞུང་རྙིང་འཛིན་གྲྭའི་སྐབས་སྦྱོར་ལམ་སྔ་རྒོལ་གྱི་རིགས་ཆུང་ཚོགས་ལངས་གནང། ཕྱི་ལོ་༡༩༥༩དུས་འགྱུར་སྐབས་ཁག་ཐེག་རྒན་དགེ་བཤེས་བསྟན་པ་ཉི་མའི་དབུས་དགེ་སློབ་བཅུ་ཕྲག་གཉིས་ལྷག་དང་ལྷན་དུ་སེར་བྱེས་མཁན་ཟུར་རིན་པོ་ཆེ་རྗེ་བློ་བཟང་དབང་ཕྱུག་མཆོག་གི་ཞབས་ཕྱི་ལ་བཅར་ནས་རྒྱ་གར་འཕགས་པའི་ཡུལ་དུ་ཕེབས་ཏེ་སྦག་ས་ཆོས་སྒར་དུ་གཞུང་ཆེན་སློབ་གཉེར་གྱི་འཕྲོ་བསྐྱངས། ཕྱི་ལོ་༡༩༦༠ལོར་ཡོངས་འཛིན་ཁྲི་བྱང་རིན་པོ་ཆེ་ལས་བསྙེན་པར་རྫོགས། མཁན་ཟུར་རིན་པོ་ཆེ་རྗེ་བློ་བཟང་དབང་ཕྱུག་དཔལ་བཟང་པོ་མཆོག་གི་བཀའ་དགོངས་བཞིན་ཟླ་བ་གསུམ་གྱི་རིང་རྗེའི་དྲང་ངེས་ལེགས་བཤད་སྙིང་པོ་ཐུགས་འཛིན་གནང་སྟེ་ཚར་ཉིས་བརྒྱར་བརྒལ་བ་སྐྱོར་སྦྱང་གནང། རྒན་རྟ་དབྱངས་རྒྱལ་མཚན་ལས་ཀྱང་རྗེ་བཙུན་པའི་ཕར་ཕྱིན་སྤྱི་དོན་སོགས་ཀྱི་དཔེ་ཁྲིད་ཞུ་བ་དང་སེར་བྱེས་མཁན་ཟུར་རིན་པོ་ཆེ་རྗེ་བཙུན་བྱམས་པ་ཐེག་མཆོག་ལས་སུམ་རྟགས་ལ་སྦྱང་བརྩོན་གནང་། ཕྱི་ལོ་༡༩༦༩ལོར་སྐབས་དེའི་བྱེས་ཕེབས་ཀྱི་སེ་རའི་དགེ་འདུན་པ་རྣམས་དང་ལྷན་དུ་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ས་གནས་སུ་གནས་སྤར་བ་དང་དེ་གར་མུ་མཐུད་དེ་སྔར་གྱི་གཞུང་ཆེན་སློབ་གཉེར་གྱི་འཕྲོ་བསྐྱངས་ཤིང་། མཁན་ཟུར་རིན་པོ་ཆེའི་རྗེ་བློ་བཟང་དབང་ཕྱུག་མཆོག་གི་མདུན་ནས་སྔགས་ཀྱི་ས་ལམ་དང། རིམ་ལྔ་གསལ་སྒྲོན། དྲང་ངེས་ལེགས་བཤད་སྙིང་པོ་སོགས་ཀྱི་བཀའ་ཁྲིད་དང། རྟ་མགྲིན་ཡང་གསང་གི་བཀའ་དབང་རྣམས་ཞུ། ཕྱི་ལོ་༡༩༧༨ནས་མཁན་ཟུར་རིན་པོ་ཆེ་རྗེ་བློ་བཟང་དབང་ཕྱུག་མཆོག་གི་བཀའ་དགོངས་བཞིན་གསར་བུ་རྣམས་ལ་བསྡུས་གྲྭ་ནས་བཟུང་སྟེ་རིམ་གྱིས་ཕར་ཚད་དང་དབུ་མ། འདུལ་མཛོད་བཅས་གཞུང་ཆེན་ཁག་གི་དཔེ་ཁྲིད་གནང། ཕྱི་ལོ་༡༩༨༢ལོ་ནས་དགེ་ལྡན་གཙུག་ལག་སློབ་གཉེར་ཁང་ཆེན་མོའི་རྒྱུགས་སྤྲོད་ལ་ལོ་ཤས་ཕེབས། བཀའ་རམས་དང་སློབ་དཔོན་གྱི་ཨང་རིམ་དང་པོ་བཞེས། ༡༩༩༠་ལོར་དགེ་བཤེས་ཀྱི་དམ་འཇོག་མཛད། སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེ་ལས་སྔགས་རིམ་ཆེན་མོ་དང་རིམ་ལྔ་གསལ་སྒྲོན། སྙན་ངག་མེ་ལོང་མ་སོགས་ཀྱི་དཔེ་ཁྲིད་ཀྱང་ཞུས། ཕྱི་ལོ་༡༩༩༠ལོར་གྲྭ་ཚང་རིན་པོ་ཆེ་ནས་ཕྱག་རྟགས་སྩལ་བ་བཞིན་མཆོག་སྤྲུལ་བསྟན་འཛིན་འོད་གསལ་རིན་པོ་ཆེའི་ཡོངས་འཛིན་གནང་། ཕྱི་ལོ་༡༩༩༣ ལོར་སེར་བྱེས་གཙུག་ལག་སློབ་གཉེར་ཁང་ཆེན་མོའི་སློབ་གཉེར་དགེ་རྒན་གནང། ༡༠༡༦ ལོ་སྟེ་ད་ལོའི་ཕྱི་ཟླ་ ༧ ཚེས་ ༡༨ ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སེར་བྱེས་མཁན་རིན་པོ་ཆེའི་ཕྱག་རྟགས་སྩལ་བ་ལྟར། སེར་བྱེས་མཁས་སྙན་གྲྭ་ཚང་གི་མཁན་རབས་དོན་ལྔ་པ་རྗེ་བློ་བཟང་བདེ་ལེགས་མཆོག་གི་མཁན་པོའི་ལས་ཡུན་འཁྱོལ་བ་དང་། ཁོང་སེར་བྱེས་གྲྭ་ཚང་གི་མཁན་པོར་བསྐོ་བཞག་གནང་སྟེ་ཁྲི་འདོན་མཛད་ཡོད་པ་རེད། ཡིན་ན་ཡང་ཕྱི་ཟླ་བདུན་པའི་ཚེས་༣༡ཉིན་གྱི་ཞོགས་པའི་ཆུ་ཚོད་ ༩།༠༥ ཙམ་གྱི་སྟེང་རྒྱ་གར་ལྷོ་ཕྱོགས་མེ་སོར་གྲོང་ཁྱེར་ཝིག་རམ་སྨན་ཁང་(Vikram Hospital)དུ་སྐུ་གཤེགས་ཡོད་པ་རེད།
གཞན་ཉེ་སྔོན་གྱི་གནས་ཚུལ་ཞིག་ནི། ༧སྤྱི་ནོར༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དགོན་པའི་ཉེ་འདབས་ཀྱི་བོད་མི་ཉམ་ཐག་རྣམས་ལ་ལྟ་སྐྱོང་དགོས་པའི་བཀའ་སློབ་ལམ་སྟོན་ཕེབས་དོན་ལྟར། ཕྱི་ལོ་༢༠༡༥ ལོའི་ཕྱི་ཟླ་༨ཚེས་༡༩ཉིན་སློབ་ཡོན་གྱིས་དཀའ་ངལ་ཡོད་པའི་སྦེལ་ཀོབ་གཞིས་ཆགས་ཀྱི་ཁུངས། མཐོ་སློབ་འགྲིམ་བཞིན་པ་རྣམས་ལ་རོགས་སྐྱོར་གྱི་སློབ་ཡོན་ཕུལ་ཡོད་པ་དང་། ད་ལོ་ཡང་༧མགོན་པོ་མཆོག་དགུང་གྲངས་༨༡ བཞེས་པའི་སྐུའི་འཁྲུངས་སྐར་གྱི་ཉིན་མོར་སྦེལ་ཀོབ་ལུགས་བདེ་གཉིས་ཀྱི་ཉམ་ཐག་ཁོངས་སུ་ཡོད་པའི་མཐོ་སློབ་འགྲིམ་བཞིན་པའི་གཞོན་སྐྱེས་གྲངས་ ༡༣ དང་བོད་ནས་ཕེབས་པའི་གཞོན་སྐྱེས་ ༢ བཅས་གཞོན་སྐྱེས་ ༡༥ ལ་སློབ་ཡོན་ཕུལ་འདུག
སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས། ༢༠༡༦།༠༧།༡༨ ལ།
དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་བྱ་དགོས་ཚེ་རྩོམ་ཁུངས་དང་སྦྲེལ་སྣེ་མཉམ་སྦྱར་བྱེད་དགོས།
ཁྲིད་གཞུང་། ལམ་རིམ་ཁྲིད་ཆེན་བཅོ་བརྒྱད།[ཆ] དབྱིན་བསྒྱུར།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ། སྒྲ་ཨང་། H-ADLL2030108
སྟོན་པ་འཇིག་རྟེན་དབང་ཕྱུག [ལམ་རིམ།] སྤྱིའི་ཨང་། ༢༦༦
རྣམ་པ། MP3 རྣམ་གྲངས། 12 ཆེ་ཆུང་། 510.2 MB
ཁྲིད་གཞུང་། ཞྭ་དམར་ལམ་རིམ་སོགས།
མཛད་པ་པོ། ཞྭ་དམར་དགེ་འདུན་བསྟན་འཛིན་རྒྱ་མཚོ་སོགས།
འཁྲིད་མཁན། སྟོན་པ་འཇིག་རྟེན་དབང་ཕྱུག
གནས་དུས། ༢༠༡༤ དགའ་བྱང་འདུ་ཁང་། སྐད། དབྱིན་བསྒྱུར། En
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༥ ལོའི་ཟླ་ ༠༨།༠༦ ལ་གསར་སྒྲིག་བྱས།
༢༠༡༩ ལོའི་ཟླ་དགུ་པའི་ཚེས་ཉེར་ལྔ་ལ་བསྐྱར་སྒྲིག་བྱས།
གདམས་པ་རིན་ཆེན་དང་པོ། ཕྱོགས་གཅིག་ནས་མའོ་ཙེ་ཏུང་དང་ཧེ་ཊི་ལིར་ལ་བསམ་བློ་ཐོངས། ཕྱོགས་གཞན་ཞིག་ནས་རྗེ་བཙུན་མི་ལ་རས་པ་དང་རྗེ་ཙོང་ཁ་པ་ལྟ་བུའི་འུ་ཅག་གི་དམ་པ་གོང་མ་རྣམས་ལ་བསམ་བློ་ཐོངས་དང་། ཁོ་ཚོ་ཚང་མ་ཚེ་སྲོག་དང་རྣམ་དཔྱོད་ལྡན་པའི་འགྲོ་བ་མི་ཡིན་པའི་ཆ་ནས་གཅིག་པ་རེད་དེ། མའོ་ཙེ་ཏུང་དང་ཧེ་ཊི་ལིར་ལྟ་བུའི་མི་ནི་དེང་སྐབས་མཐོང་ཆུང་གི་ཡུལ་དུ་གྱུར་ཡོད་ལ། ཁོ་ཚོའི་གཏོས་ཆེ་བའི་བྱ་སྤྱོད་ངན་པ་རྣམས་ཧ་ལས་པའི་ཡུལ་དུ་གྱུར་ཡོད། འོན་ཀྱང་། མི་ཚོས་བོད་ཀྱི་རྣལ་འབྱོར་པ་ཆེན་པོ་རྗེ་བཙུན་མི་ལ་རས་པ་དང་། རྗེ་ཙོང་ཁ་པའི་སྐོར་ལ་བསམ་བློ་གཏོང་སྐབས། རང་ལ་ཁོང་རྣམ་པས་སྐུལ་ལྕག་ཐེབས་པའི་རེ་བ་བྱེད་པ་དང་། དེ་དག་ལ་དད་མོས་ཀྱིས་སྐྱབས་སུ་འགྲོ། ཁོ་ཚོར་འགྲོ་བ་མིའི་ནུས་སྟོབས་གཅིག་མཚུངས་སུ་ཡོད་ཀྱང་། ཁོ་ཚོའི་བྱ་སྤྱོད་ལ་བརྟེན་ནས་ང་ཚོས་དེ་དག་ལ་ལྟ་སྟངས་མི་འདྲ་བ་འཛིན་གྱི་ཡོད། མའོ་ཙེ་ཏུང་དང་ཧེ་ཊི་ལིར་གཉིས་ཀྱི་གནས་སྟངས་ལ་མཚོན་ན། འགྲོ་བ་མིའི་རྣམ་དཔྱོད་དེ་གཏོར་བཤིག་གི་ཆེད་དུ་བཀོལ་ཞིང་། རྗེ་མི་ལ་རས་པ་དང་རྗེ་ཙོང་ཁ་པ་གཉིས་ཀྱི་གནས་སྟངས་ལ་མཚོན་ན། འགྲོ་བ་མིའི་རྣམ་དཔྱོད་དེ་ཕན་ནུས་ལྡན་པར་བཀོལ་སྤྱོད་གནང་ཡོད། |
{ཁྲིད་གཞུང་། ཞྭ་དམར་ལམ་རིམ་དང་། ཞྭ་དམར་ལྷག་མཐོང་ཆེན་མོའི་དཀའ་འགྲེལ། མཛད་པ་པོ། ཞྭ་དམར་དགེ་འདུན་བསྟན་འཛིན་རྒྱ་མཚོ། [༡༨༥༢-༡༩༡༢] ཁྲིད་གཞུང་། ལམ་རིམ་རྣམ་གྲོལ་ལག་བཅིངས། མཛད་པ་པོ། ཡོངས་འཛིན་ཁྲི་བྱང་རིན་པོ་ཆེ་སྐུ་གོང་མ། [༡༩༠༡-༡༩༨༢] } |
རྒྱུད་སྨད་བླ་མ་དབུ་མཛད་ཁྲི་འདོན་གནང་།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།སེར་བྱེས་དགེ་བཤེས་བློ་བཟང་དབང་འདུས་རྒྱུད་སྨད་བླ་མ་དབུ་མཛད་དུ་ཁྲི་འདོན་གནང་།
ཁ་ཉིན་རེས་གཟའ་བཀྲ་ཤིས་ཏེ་ཕྱི་ལོ་ ༢༠༡༦ ལོའི་ཟླ་ ༩ ཚེས་ ༦ ཉིན་སེར་བྱེས་དགེ་བཤེས་བློ་བཟང་དབང་འདུས་མཆོག་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་བླ་མ་དབུ་མཛད་ཀྱི་བཞུགས་ཁྲིར་མངའ་གསོལ་དང་། ཉིན་དེར་ཕྱོགས་མཐའ་ཁག་ནས་ཕེབས་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་དང་། ཁོང་གི་སློབ་བུ་རྣམས་ཀྱིས་གཙོ་བྱས་སྐྱ་སེར་གང་མང་ཕེབས་ཏེ་བཀྲ་ཤིས་རྟེན་འབྲེལ་གྱི་དཀར་གཙང་གི་ཁ་བཏགས་ཕུལ་བ་སོགས་ཀྱིས་ཁྲི་འདོན་གྱི་མཛད་སྒོ་ཚོགས་ཡོད་འདུག
སེར་བྱེས་དགེ་བཤེས་བློ་བཟང་དབང་འདུས་ནི། བོད་དུ་སྐུ་འཁྲུངས་ཤིང་། འཕགས་ཡུལ་དུ་ཕེབས་ཏེ། སེར་བྱེས་གྲྭ་ཚང་དུ་ཆོས་ཞུགས་ཀྱིས་གཞུང་ཆེན་སློབ་གཉེར་དང་། དགེ་བཤེས་ལྷ་རམས་པའི་དམ་འཇོག་གྲྭ་སྐོར་གནང་། གྲྭ་ཚང་གི་སློབ་གཉེར་དགེ་རྒན་དང་། གྲྭ་ཚང་གི་དགེ་བསྐོས་གནང་ཞིང་། རྒྱུན་དུ་སློབ་གཉེར་བ་རྣམས་གཙོ་བྱས་ཏེ་ཕྱི་ནང་གི་དོན་གཉེར་ཅན་གང་མང་ལ་དཔེ་ཁྲིད་སོགས་གནང་མུར་ཕྱི་ལོ་༢༠༡༦ ལོའི་ཟླ་༨ ཚེས་ ༡༧ དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་བླ་མ་དབུ་མཛད་ཀྱི་ཕྱག་རྟགས་ཕེབས་འབྱོར་བྱུང་བ་ལྟར། ཕྱི་ཟླ་ ༩ ཚེས་ ༦ ཉིན་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་བླ་མ་དབུ་མཛད་ཀྱི་མཛད་ཁུར་དངོས་སུ་བཞེས། [རྩོམ་སྒྲིག་པའི་ལག་ཏུ་རྣམ་ཐར་རྒྱས་པ་མ་བྱུང་བས་གང་ཤེས་འདི་ཙམ་ལས་འབྲི་ཐབས་མ་བྱུང་ཡང་རྗེས་སུ་ཁ་གསབ་བྱེད་ངེས།]
སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས། ༢༠༡༦།༠༩།༠༨ ལ།
དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་བྱ་དགོས་ཚེ་རྩོམ་ཁུངས་དང་སྦྲེལ་སྣེ་མཉམ་སྦྱར་བྱེད་དགོས།