རིག་མཛོད་རྩོམ་སྒྲིག་པ།

རིག་མཛོད་རྩོམ་སྒྲིག་པ།

དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག་སྟབས་བདེའི་རང་བཞིན་ཅན་གྱི་གློག་ཀླད་དང་ལག་ཐོག་ཁ་པར་ཆེ་ཆུང་(Laptop, iPad, iPod iPhone & Android) གང་ཡིན་ཐོག་ཏུ་རང་རང་གི་ཐུགས་འདོད་ལྟར་ཕབ་ལེན་དང་གསན་གཟིགས་གནང་རོགས། 

དྲ་ཚིགས།: www.serajeyrigzodchenmo.org  ཡིག་འབྲེལ་དྲ་བྱང་། serajeyrigzodchenmo@gmail.com

2018 ལོའི་ཟླ་བ། Jan ཚེས། 12 རེས་གཟའ། Fri

སི་ཏུ་པཎ་ཆེན་གཙུག་ལག་ཆོས་ཀྱི་སྣང་བ།

སི་ཏུ་བསྟན་པའི་ཉིན་བྱེད་གཙུག་ལག་ཆོས་ཀྱི་སྣང་བ་ནི། ཨ་ཏ་རོང་དུ་གྲགས་པ་ཨ་ལོའི་ཡུལ་གྱི་བྱེ་བྲག་དིང་རིང་སྒང་དུ་འབོད་པར་ཡབ་ངག་དབང་ཚེ་རིང་དང་ཡུམ་གད་བཟའ་ཁྲ་འགུ་མ་གཉིས་ལ་སྲས་སྐུ་མཆེད་བཞི་འཁྲུངས་པའི་ཐོག་མ་སྟེ་ཕྱི་ལོ་ ༡༦༩༩ ལོ་སྟེ་ [རང་རྣམ་དུ། ༤ན༤ན།] ས་ཡོས་ལོའི་ཧོར་ཟླ་བཅུ་གཅིག་པའི་ཚེས་བཅུ་བདུན་། [ཀརྨ་ཚེ་དབང་ཀུན་ཁྱབ་ཀྱིས་མཛད་པའི་ཀཾ་ཚང་བརྒྱུད་པ་རིན་པོ་ཆེའི་རྣམ་ཐར་དུ། ༢༢༤ན༦ན། ས་ཡོས་མགོ་ཟླའི་ཚེས་བཅུ་དྲུག་ཉིན། ཞེས་འབྱུང་།] རེས་གཟའ་ཕུར་བུ། སྐར་མ་ནམ་སོ་སྟེ་གཙུག་ལག་ཕྲེང་བ་སོགས་བཞེད་པའི་རྒྱལ་ཕུར་གྱི་འགྲུབ་སྦྱོར་དངོས་དང་། གཞན་ལྟར་ན་བདུད་རྒྱལ་གྱི་སྦྱོར་བ་ཡོད་པའི་དུས་ཀྱི་སྔ་དྲོ་ཉི་མ་ཤར་བ་དང་དུས་མཚུངས་སུ་སྐྱེས་པར་འདུག །ཅེས་དང་། ཞྭ་ནག་བཅུ་གཅིག་པ། ཡེ་ཤེས་རྡོ་རྗེའི་བསྟན་རྩིས་སུ། འབྲུག་ལོར་སི་ཏུ་སྤྲུལ་སྐུ་སྐུ་འཁྲུངས་ཞེས་འབྱུང་བ་དེར་རང་རྣམ་དུ། [༤ན༦ན།] འདི་ལྟར་གྱི་ཚེ་ལོ་བདག་ཡོས་སུ་འགྲོ་བར་འདུག་ཀྱང་རྒྱལ་བའི་དབང་པོས་འབྲུག་ཏུ་བཀའ་སྩལ་བ་ནི་ཡུལ་ལྷ་ལྡན་གྱི་བདག་པོ་དགེ་ལྡན་ཕོ་བྲང་གི་བཞེད་པ་ཕུག་ཁྱུང་གི་ལུགས་དང་བསྟུན་པར་སྣང་ངོ་། །ཞེས་གསལ་བཤད་གནང་ཡོད་ལ། ཀཾ་ཚང་གི་རྣམ་ཐར་ལས་ཀྱང་། ༢༢༤ན༧ན། ཡེ་ཤེས་རྡོ་རྗེས་མཛད་པའི་བསྟན་རྩིས་ཀྱི་རེའུ་མིག་ཏུ་འབྲུག་ལོར་སི་ཏུ་སྤྲུལ་སྐུ་སྐུ་འཁྲུངས་ཞེས་གནང་བ་ནི་ཡུལ་དབུས་ཀྱི་རྒྱལ་པོ་དགེ་ལྡན་ཕོ་བྲང་གི་ལོ་མགོའི་བཞེད་པ་དང་བསྟུན་པ་དང་། རིག་འཛིན་སྟག་ཤམ་རྡོ་རྗེས་རྗེ་རོལ་པའི་རྡོ་རྗེར་ལུང་བསྟན་གནང་བར། རབ་བྱུང་འབྲུག་གི་མགོ་བོ་ཅན། །དེ་ཡིས་འགྲོ་དོན་སྣ་ཁྲིད་བྱེད། །ཅེས་ལུང་བསྟན་པ་དང་ཡང་འགྲིགས་དགོས་པར་ཡང་མངོན་ནོ། །ཞེས་འབྱུང་བ་ལྟར། རྣམ་ཐར་ཁ་ཤས་སུ་འཁྲུངས་ལོ་ཕྱི་ལོ་ ༡༧༠༠ ལ་བཞེད་པ་གསལ་བར་འགྱུར་རོ། །ཁུ་བོ་བླ་མ་ཀུན་མཁྱེན་གྱིས་མཚན་མགོན་པོ་སྲུང་དུ་བཏགས།
ཡང་སྲིད་ངོས་འཛིན་སོགས་ཀྱི་སྐོར་ལ་དུང་དཀར་ཚིག་མཛོད་དང་གངས་ཅན་མཁས་གྲུབ་རིམ་བྱོན་གྱི་མིང་མཛོད་སོགས་སུ། དགུང་ལོ་གསུམ་པར་སི་ཏུ་སྐུ་ཐོག་བཞི་པའི་ཡང་སྲིད་དུ་ངོས་འཛིན་མཛད་ཅེས་དང་། མིང་མཛོད་སོགས་སུ་སྐུ་ཐོག་བདུན་པའི་ཡང་སྲིད་ཅེས་འབྱུང་བ་དང་། གཞན་དུ་སི་ཏུ་ཆོས་རྒྱལ་མི་ཕམ་ཕྲིན་ལས་རབ་བརྟན་གྱི་ཡང་སྲིད་ཅེས་འབྱུང་བ་དག་ལ། རང་རྣམ་དུ། ༣བ༦ན། མཐར་རྒྱ་ཡུལ་རི་བོ་བྱ་རྐང་ནས་ལྷོ་ཕྱོགས་སུ་ཞག་བཅུ་ཙམ་བགྲོད་པའི་ས། ཚུ་ཤྷོང་སྥུ་ཟེར་བར་ཕེབས་ཏེ་མྱ་ངན་ལས་འདས་པའི་སྐུ་གདུང་གི་མཆོད་རྟེན་ཆུང་ངུ་ཞིག་ཀྱང་ཡོད། དེའི་སྐུ་སྐྱེ་ཕྱི་མ་གླིང་བར་ཚང་གི་དཔོན་མགོན་པོ་ལྷུན་གྲུབ་ཀྱི་སྲས་སུ་འཁྲུངས་ཤིང་། རྒྱལ་དབང་བཅུ་གཅིག་པས་ངོས་འཛིན་དང་མཚན་ལེགས་བཤད་སྨྲ་བའི་ཉི་མ་ཞེས་འདོགས་པར་མཛད་ཀྱང་གླིང་ཚང་བ་རང་གི་འདོད་ཕྱོགས་ཀྱིས་ས་སྐྱའི་ཆོས་སྒོར་བཅུག་པས་སྐུ་ན་ཕྲ་མོ་ཉིད་ནས་གྲོངས། རྒྱུ་མཚན་དེས་བརྒྱུད་པ་རིན་པོ་ཆེ་འདིའི་གྲལ་དུ་མ་ཆུད་ཅིང་། སི་ཏུའི་གོ་སར་ཡང་མ་འབྱོར་བས་སི་ཏུ་ན་རིམ་གྱི་གྲལ་དུ་བགྲང་མི་ཆོག་པ་འདྲ་སྙམ་མོ། །དེའི་སྐྱེ་བ་ཁོ་བོ་ཡིན་པར་གྲགས། ཞེས་འབྱུང་བ་དང་།
ཡང་རང་རྣམ་དུ། ༤བ༡ན། དེ་ནས་བདག་ལོ་གསུམ་དུ་སླེབ་པའི་ཚེ། བླ་མ་ཀུན་མཁྱེན་གྱིས་རྨི་ལྟས་སོགས་ལ་དཔག་ནས་སི་ཏུའི་སྐྱེ་བ་ཡིན་ནམ་སྙམ་པའི་ཐེ་ཚོམ་བྱུང་བས། ཁམས་སྨྱོན་སྐུ་སྐྱེ་དབུས་སུ་འབུལ་སྐྱེལ་ལ་འབྱོན་པར་ཡབ་སྲས་ལ་སྙན་སྒྲོན་ཞུས་ཤིག་པར་བསྐུལ། ཁམས་སྨྱོན་པས་ཀྱང་མཚུར་ཕུར་རྒྱལ་དབང་བཅུ་གཅིག་པ་ཡེ་ཤེས་རྡོ་རྗེ་དེ་ཉིད་གཟིམ་ཆུང་ཆོས་དབྱིངས་ཕོ་བྲང་དུ་བཞུགས་པའི་སྐབས་ཤིག་སྙན་དབང་དུ་ཕུལ་སྐབས། སྐུ་དཔང་དུ་ཉི་མ་ཤར་བ་དང་འགྲིགས་པས། བཀའ་ལས། ད་ལན་རྟེན་འབྲེལ་ཤིན་ཏུ་ལེགས། སི་ཏུ་རིན་པོ་ཆེ་སྡེ་དགེར་འཁྲུངས་ཞེས་ཏྲེ་བོ་ཆོས་རྗེ་ཡང་གསུང་གི་ཡོད་ཚོད་འདུག་ཅེས་ཕེབས། ཞེས་འབྱུང་། དགུང་ལོ་ལྔའི་སྐབས་ཡབ་ཀྱིས་ཡི་གེ་བསླབས་པས་ཞག་བདུན་ནས་སྦྱོར་ཀློག་ཐུབ་པ་བྱུང་།
ཤིང་སྤྲེལ་ལོར་རྒྱལ་དབང་ཀརྨ་པ་བཅུ་གཅིག་པའི་ཡང་སྲིད་འཚོལ་དུ་འོང་བ་རྣམས་ཀྱིས་ཞར་ལ་ཁྲུམས་ཟླའི་ཚེས་ལྔར་སི་ཏུ་གོང་མའི་ཕྱག་ཐམ་ངོས་འཛིན་སོགས་ཀྱིས་བརྟག་དཔྱད་གནང་བ་དང་། ཡང་སྲིད་དུ་ངེས་རྙེད་ཀྱིས་སྔར་རྒྱལ་དབང་ཀརྨ་པ་བཅུ་གཅིག་པས་གནང་བའི་ཕྱག་རྫས་སོགས་ཀྱང་གནང་། དགུང་ལོ་བདུན་ངོ་མཐོང་ཙམ་ནས་དགོན་པར་ཆོས་སྤྱོད་སོགས་བློ་འཛིན་གནང་བ་དང་། བླ་མ་ཀུན་མཁྱེན་གྱི་མདུན་ནས་དབང་ཁྲིད་སོགས་གང་མང་ཞིག་ཀྱང་གསན།
མེ་ཁྱི་ལོར་ཞྭ་དམར་བརྒྱད་པས་བརྟན་བཞུགས་སྨོན་ཚིག་དང་སི་ཏུ་ཆོས་ཀྱི་འབྱུང་གནས་ཕྲིན་ལས་ཀུན་ཁྱབ་ཡེ་ཤེས་དཔལལ་བཟང་པོ་ཞེས་པའི་མཚན་སོགས་གནང་། མེ་ཕག་ལོར་ཀརྨ་པ་བྱང་ཆུབ་རྡོ་རྗེ་དང་ཐོག་མར་མཇལ། དྲུང་པ་བསྟན་པ་རྣམ་རྒྱལ་ལས་མི་བསྐྱོད་ཞབས་ཀྱི་ཁྲིད་ཐུང་པོ་ཏི་གཉིས་ཀྱི་ལུང་སོགས་ཞུས།
ཆུ་འབྲུག་གནམ་ལོ་གསར་ཚེས་ནས་དབུས་སུ་ཕེབས་པར་གྲ་སྒྲིག་བྱས། དབུས་ནས་རྒྱལ་བ་[ཞྭ་དམར་ནག]ཡབ་སྲས་ཀྱི་བཀའ་ཤོག་ལེ་ཚན་རྣམས་དང་། མཆོག་གི་སྤྲུལ་སྐུའི་སྐུ་ཞབས་ཀྱི་དཀའ་ཤོག་བཅས་ཕེབས་པ་འབྱོར། སྨིན་ཟླའི་ཚེས་བཅུ་གཉིས་ལ་ཞྭ་དམར་བརྒྱད་པ་ཐོག་མར་མཇལ། མཚུར་ཕུར་ཕེབས། ཆུ་སྦྲུལ་ལོའི་ཆོ་འཕྲུལ་ཟླ་བའི་ཚེས་བཅོ་ལྔར་ཞྭ་དམར་བརྒྱད་པའི་དྲུང་ནས་ཡོངས་རྫོགས་དགེ་བསྙེན་གྱི་སྡོམ་པ་དང་བར་མ་རབ་བྱུང་གི་སྡོམ་པ་མནོས། མཚན་ཀརྨ་བསྟན་པའི་ཉིན་བྱེད་གཙུག་ལག་ཆོས་ཀྱི་སྣང་བར་གསོལ། ནག་པའི་ཉར་རྒྱལ་དབང་བྱང་ཆུབ་རྡོ་རྗེ་གསེར་ཁྲིར་མངའ་གསོལ་དང་བསྟུན་རྗེ་འདི་ཡང་གསེར་ཁྲིར་མངའ་གསོལ་དང་སྐུ་གོང་མའི་གསེར་ཐམ་དང་སྐུ་ཆས་སོགས་སྩལ། ཉི་སྡེ་སྤྲུལ་སྐུ་ལས་རྗེ་མཁའ་སྤྱོད་པ་སོགས་ཀྱི་བཀའ་འབུམ་གྱི་ལུང་སོགས་གསན། ཞྭ་དམར་དྲུང་ནས་ལྔ་བསྡུས་གཟའ་སྒྲ་ཞག་གསུམ་རྣམ་དབྱེ་སོགས་ཀྱི་རི་མོ་ཞུས། སྐྱེད་ཚལ་གྱི་དྲུང་རམ་བསོད་ནམས་རྣམ་རྒྱལ་ལས་བསྡུས་གྲྭ་བསླབས། གར་དབང་ཐམས་མཁྱེན་པའི་དྲུང་ནས་བཀའ་འགྱུར་གྱི་ལུང་སོགས་ཆོས་བཀའ་མང་དུ་ཞུས། ཀོང་པོ་སྤྲུལ་སྐུ་ལས་ལྷ་བྲིས་དང་། ལན་ཝར་སོགས་སྦྱངས།
ཁྱད་པར་དུ་ཀརྨ་པ་ཞྭ་དམར་ནག་གཉིས་ཀྱི་མདུན་ནས་བཀའ་བརྒྱུད་པའི་ཆོས་ཀྱི་སྐོར་དང་། ཏྲེ་ཧོར་རིན་པོ་ཆེའི་མདུན་ནས་རྙིང་མའི་ཆོས་སྐོར་གསན། དགུང་ལོ་ཉེར་གསུམ་གྱི་སྐབས་དབུས་སུ་ཐེངས་གཉིས་པ་ཕེབས་པ་དང་། ཀརྨ་ཞྭ་དམར་ནག་དང་ལྷན་དུ་བལ་ཡུལ་དུ་ཕེབས། དེར་རྒྱ་གར་དང་བལ་ཡུལ་གྱི་མཁས་དབང་ཀ་ལ་ནྭ་ཡ་ཛ་ཡ་མང་ག་སོགས་དང་བགྲོ་གླེང་ཡུན་རིང་མཛད། བོད་དུ་ཚུར་ཕེབས་རྗེས་ཞྭ་དམར་བརྒྱད་པའི་མདུན་ནས་དགེ་སློང་གི་སྡོམ་པ་མནོས། རྒྱལ་མཆོག་བདུན་པ་བསྐལ་བཟང་རྒྱ་མཚོའི་མདུན་ནས་ལམ་རིམ་གྱི་ཁྲིད་སོགས་གསན་པ་སོགས། ཀརྨ་པ་ཞྭ་དམར་ནག།། ཏྲེ་ཧོར་རིན་པོ་ཆེ། རྒྱལ་བ་བསྐལ་བཟང་རྒྱ་མཚོ་སོགས་བོད་ཀྱི་ཆོས་བརྒྱུད་རིས་མེད་ཀྱི་མཁས་པ་མང་པོ་བླ་མར་བསྟེན་ནས་རིས་མེད་ཀྱི་གྲུབ་མཐའ་ཁག་ལ་སྦྱངས། སྒྲ་དང་སྙན་ངག །རྩིས་དཀར་ནག །གསོ་རིག །བྲིས་འབུར་གྱི་ཆ་ཚད། ཡི་གེ་དཀར་ནག་གི་ཡིག་གཟུགས་ཚད་ལྡན་འབྲི་བ་སོགས་ཐུན་མོང་གི་རིག་གནས་ཀུན་ལ་མཁས་པའི་ཡང་རྩེར་སོན། སྔར་བསྒྱུར་ལ་འགྱུར་བཅོས་དང་། སྒྲ་དང་སྙན་ངག་མངོན་བརྗོད་སོགས་སྔོན་མེད་རྣམས་གསར་བསྒྱུར་མཛད་དེ་བོད་ཀྱི་རིག་གནས་ཆ་ཚང་ཞིང་ཁུངས་ཐུབ་ཚད་ལྡན་དུ་མཛད།
དགུང་ལོ་སོ་དྲུག་པར་དབུས་སུ་ཐེངས་གསུམ་པ་ཕེབས། དགུང་ལོ་ཞེ་བརྒྱད་པར་དབུས་སུ་ཐེངས་བཞི་པ་ཕེབས། དགུང་ལོ་ང་གཅིག་པར་དབུས་སུ་ཕེབས་ཤིང་རིས་མེད་བླ་སྤྲུལ་སོགས་གདུལ་བྱ་མང་པོར་ཆོས་སྦྱིན་གནང་། ཕྱི་ལོ ༡༧༢༧ ལོར་དཔལ་སྤུངས་དགོན་པ་གསར་འདེབས་མཛད་ཅིང་རྟེན་དང་བརྟེན་པ་གསར་བཞེངས་མཛད། ཁོང་ནི་སི་ཏུའི་སྐུ་ཕྲེང་བརྒྱད་པ་ཡིན། ཁོང་གི་སློབ་མ་གྲགས་ཆེ་བ་ནི་ཞྭ་དམར་ཆོས་གྲུབ་རྒྱ་མཚོ་དང་། ཁམས་སྤྲུལ་བསྟན་འཛིན་ཆོས་ཀྱི་ཉི་མ། དཔའ་བོ་གཙུག་ལག་དགའ་བ། ཏྲེ་ཧོར་ཆོས་ཀྱི་དབང་པོ། རིག་འཛིན་ཚེ་དབང་ནོར་བུ་སོགས་བྱུང་། ཁོང་གི་མཚན་གྱི་རྣམ་གྲངས་ནི་མགོན་པོ་སྲུང་། ཆོས་ཀྱི་འབྱུང་གནས་འཕྲིན་ལས་ཀུན་ཁྱབ་ཡེ་ཤེས། ཀརྨ་བསྟན་པའི་ཉིན་བྱེད་གཙུག་ལག་ཆོས་ཀྱི་སྣང་བ་བཅས་སོ། །དགོངས་ལོ་དོན་དྲུག་པར་ཆིང་གོང་མས་གདན་ཞུས་ལྟར་ཤར་རྒྱལ་མོ་ཚ་བ་རོང་དུ་ཕེབས་པའི་ལམ་བར་དུ་ཕྱི་ལོ་ ༡༧༧༤ ལོར་སྙུན་བཞེས་ནས་གཤེགས་སོ། །
ཁོང་གི་གསུང་རབ་ནི་བསྟན་བཅོས་བརྒྱད་ཅུ་གྱ་གསུམ་གཅིག་ཏུ་བསྡུས་ཏེ། ཀ་ནས་ཨ་བར་པོ་ཏི་བཅུ་བཞིར་བྱས་ནས་ཁོང་གིས་གསར་དུ་བཏབ་པའི་དཔལ་སྤུངས་དགོན་དུ་པར་བརྐོས་ཡོད། མཚན་ལ་<<ཆོས་འབྱུང་བཀའ་འབུམ>>ཟེར་ཞིང་། ཤོག་སྡེབས་མདའ་ཚད་མ་ལྔ་སྟོང་ཉིས་བརྒྱ་བཅོ་བརྒྱད་ཡོད། དེ་དག་གི་ཁྲོད་ནས་བརྒྱ་ཆ་བརྒྱད་ཅུ་ལྷག་ནི་ཐུན་མོང་གི་རིག་གནས་ཀྱི་སྐོར་ཡིན།

༢༠༡༧.༡༠.༢༨ལ་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས་ཕྱོགས་བཏུས་བྱས། 

དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་བྱ་དགོས་ཚེ་རྩོམ་ཁུངས་ཁ་གསལ་འགོད་དགོས།

 

ངོ་ཤོག 748 ནས་ 866