དྲ་ཐོག་འཇུག་དུས། 2019 ལོའི་ཟླ་བ། May ཚེས། 11 རེས་གཟའ། Sat

ཨ་རིའི་གྲོས་ཚོགས་ཀྱི་གསེར་གྱི་གཟེངས་རྟགས་འབུལ་སྐབས་བསྩལ་བའི་གསུང་བཤད།

དྲ་འཇུག་པ།
ཚད་གཞི།
(0 འོས་འཕེན།)

ཕྱི་ལོ་ ༢༠༠༧ ཕྱི་ཟླ་ ༡༠ ཚེས་ ༡༧ ཉིན་ཨ་རི་གྲོས་ཚོགས་ཀྱི་གསེར་གྱི་རྟགས་མ་འབུལ་བཞེས་མཛད་སྒོའི་སྐབས་བསྩལ་པའི་གསུང་བཤད།
དཔལ་ལྡན་སྲིད་འཛིན་བྷུ་ཤི་མཆོག་དང༌། ཚོགས་གཙོ་ལྕམ་སྐུ་པི་ལོ་སི་མཆོག སྤྱི་འཐུས་བྷི་རས་ཌི། མཆེད་གྲོགས་ལོ་རི་ཀྲི་ཨི་ལི་ཝི་སལ། བཀུར་འོས་སྤྱི་འཐུས་རྣམ་པ། སྤུན་ཟླ་རྣམ་པ་ལྷན་རྒྱས་ལ།
ང་ལ་གྲོས་ཚོགས་ཀྱི་གསེར་གྱི་རྟགས་མ་གནང་བ་འདིས་དོན་དམ་པའི་གཟེངས་བསྟོད་ཆེན་པོ་ཐོབ་བྱུང༌། ངོས་འཛིན་འདིས་ང་ལ་དམིགས་བསལ་འགན་འཁྲི་ཡོད་པའི་བོད་མི་ཚོར་བློ་སྤོབས་དང་དགའ་སྤྲོ་ཚད་མེད་སྐྲུན་ངེས། ཁོང་ཚོའི་བདེ་དོན་སྒྲུབ་རྒྱུ་ནི་ངའི་རྒྱུན་གྱི་ཀུན་སློང་ཞིག་ཡིན་པ་དང༌། ངས་རྒྱུན་དུ་རང་ཉིད་བོད་མི་མང་གི་རང་དབང་ལྡན་པའི་མགྲིན་ཚབ་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། གཟེངས་བསྟོད་འདིས་འཛམ་གླིང་ཞི་བདེ་དང༌། འཚེ་བ་མེད་པ། དེ་བཞིན་དུ་མི་རིགས་ཕན་ཚུན་དང་ཆོས་ལུགས་མཐུན་ལམ་བཅས་ཀྱི་ཆེད་འབད་བརྩོན་གནང་མཁན་རྣམས་ལ་རྒྱབ་སྐྱོར་གྱི་བརྡ་ལན་ཤུགས་ཆེ་གཏོང་བའི་ཡིད་ཆེས་ཡོད།
ང་རང་སྒེར་གྱི་ངོས་ནས་བཤད་ན། གཟི་བརྗིད་ཅན་གྱི་ཆེ་མཐོང་འདི་བོད་ཨ་མདོའི་གྲོང་གསེབ་ཆུང་ཆུང་ཞིག་ནང་སྐྱེས་པའི་ནང་པའི་དགེ་སློང་ཞིག་ལ་གནང་བ་སེམས་ཚོར་ཆེན་པོ་བྱུང༌། ངོས་རང་ཆུང་དུས་བྱམས་བརྩེ་ཤིན་ཏུ་ཆེ་བའི་མ་རྒན་ཞིག་གི་བརྩེ་བའི་འོག་འཚོ་ཞིང༌། རང་ལོ་བཞི་ལ་སོན་སྐབས་ལྷ་སར་སླེབས་རྗེས་ཡོངས་འཛིན་རྣམ་པ་དང༌། གཞན་ཚོའི་བལྟ་སྐྱོང་འོག་ཉེ་འཁོར་གྱི་ཐ་ན་གད་པ་ཡན་ཆད་ཀྱིས་ང་ལ་སེམས་བཟང་དང༌། དྲང་བདེན། བྱམས་བརྩེ་བཅས་ཀྱི་བསླབ་བྱ་གནང་བྱུང༌། ངོས་རང་དེ་འདྲའི་འཁོར་ཡུག་བཟང་པོ་ཞིག་ནང་འཚར་ལོངས་བྱུང་ཞིང༌། དེ་རྗེས་རིམ་པས་ནང་ཆོས་སློབ་གཉེར་བྱས་པས་རྟེན་ཅིང་འབྲེལ་པར་འབྱུང་བ་དང་མཐའ་མེད་པའི་སྙིང་རྗེ་བཅས་ཀྱི་ལྟ་གྲུབ་ལ་གོ་རྟོགས་འཕེལ་བའི་དབང་གིས་ཀུན་ཁྱབ་ཀྱི་སེམས་ཁུར་དང༌། འཚེ་བ་མེད་པ། ཆོས་ལུགས་མཐུན་ལམ་བཅས་ཀྱི་གལ་འགངས་ཤེས་རྟོགས་བྱུང༌། ལྟ་གྲུབ་གྱི་རྒྱུ་མཚན་འདི་དག་ལ་བརྟེན་ནས་ངས་མིའི་གཞི་རིམ་གྱི་བཟང་སྤྱོད་སྤེལ་རྒྱུའི་འབད་བརྩོན་མུ་མཐུད་བྱེད་ཀྱིན་ཡོད། ཐབས་ཚུལ་འདིས་དཀའ་ངལ་ཧ་ཅང་ཆེ་བའི་བོད་མི་རིགས་ཀྱི་འཐབ་རྩོད་ཀྱང་འཚེ་མེད་ཞི་བའི་ལམ་ནས་བྱེད་ཐུབ་པའི་ལམ་སྟོན་ཐོབ་བྱུང༌།
ངོས་རང་དེ་སྔ་ཕྱི་ལོ་༡༩༩༡ ལོར་ཨ་རིར་བཅར་སྐབས་གྲོས་ཚོགས་ཀྱི་ཚོགས་ཁང་འདིར་ཡང་བཅར་མྱོང༌། དེ་དུས་ང་ལ་དགའ་བསུ་དང་ང་ཚོར་རྒྱབ་སྐྱོར་གནང་མཁན་མང་པོ་ཞིག་དེ་རིང་ཡང་མཇལ་རྒྱུ་འདུག་པས་དགའ་པོ་བྱུང༌། མང་པོ་ཞིག་ནི་བགྲེས་ཡོལ་དུ་ཕེབས་ཤིང༌། བློ་ཕམ་པར་ཁ་ཤས་ནི་དེང་ང་ཚོ་མཉམ་དུ་འཚོ་བཞུགས་མེད། འོན་ཀྱང་ད་ལན་ངས་གོ་སྐབས་འདི་བཟུང་སྟེ་ཁོང་ཚོའི་བཀའ་དྲིན་རྗེས་དྲན་ཞུ་འདོད་བྱུང༌། ཨ་རིའི་གྲོགས་པོ་རྣམས་ནས་ང་ཚོར་གཉན་འཕྲང་ཆེ་ཤོས་ཀྱི་དུས་ཚོད་འདིར་གདུང་སེམས་མཉམ་བསྐྱེད་ཀྱིས་ཕན་གྲོགས་ཤུགས་ཆེ་གནང་བྱུང༌།
སྲིད་འཛིན་མཆོག སྐུ་ཉིད་ནས་ནུས་ཤུགས་ལྡན་པའི་རྒྱབ་སྐྱོར་དང༌། ཁྱེད་གཏན་ཞལ་རྣམ་གཉིས་ཀྱིས་ང་ལ་ཐུགས་བརྩེ་དང་བཅས་སྙིང་ཉེ་པོའི་གྲོགས་པོའི་འདུ་ཤེས་གནང་བར་ཐུགས་རྗེ་ཆེ། ཉིད་ནས་བོད་དོན་ཐོག་གདུང་སེམས་མཉམ་འཁྱེར་དང་རྒྱབ་སྐྱོར་གནང་བ་ནི་སྐུ་ཉིད་ནས་སྤྱིར་རང་དབང་དང་དྲང་བདེན། མང་གཙོ་བཅས་ལ་ཡིད་ཆེས་བསྲ་བརྟན་གྱི་ཐོག་ནས་ཡིན་པར་གུས་བརྩི་ཡོད།
ལྕམ་སྐུ་ཚོགས་གཙོ་མཆོག སྐུ་ཉིད་ནས་ངོས་དང་བོད་མི་རིགས་ཀྱི་བདེན་པའི་འཐབ་རྩོད་ཐོག་འགྱུར་བ་མེད་པའི་རྒྱབ་སྐྱོར་གནང་བ་མ་ཟད། མང་གཙོ་དང༌། རང་དབང༌། འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་ཐོག་རྣམ་པ་ཀུན་དུ་འབད་རྩོལ་གནང་ཡོད་པར་དམིགས་བསལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ཨ་རིས་བོད་དོན་ལ་འགྱུར་བ་མེད་པའི་རྒྱབ་སྐྱོར་གནང་བ་རྒྱ་ནག་ལ་དོ་སྣང་མ་བྱུང་བ་མིན་ཞིང༌། དེའི་རྐྱེན་གྱིས་ཨ་རི་དང་རྒྱ་ནག་གི་འབྲེལ་བའི་ཐོག་དཀའ་ཚེགས་ཀྱང་ཕྲན་ཙམ་བྱུང་བ་དེར་ངོས་རང་བློ་ཕམ་ཡོད། དེ་རིང་ངས་འདིར་ཁྱེད་རྣམ་པར་འབྱུང་འགྱུར་རྒྱ་བོད་གཉིས་ཕན་ཚུན་ཡིད་ཆེས་མེད་པ་དང་འགལ་ཟླའི་གནས་སྟངས་ལས་གྲོལ་ནས་གཅིག་གིས་གཅིག་ལ་གུས་བརྩི་དང་གཉིས་སྨན་གྱི་ཁེ་ཕན་གྱི་བསམ་བློ་དེ་གཞི་རྩར་བཅོལ་བའི་འབྲེལ་བ་ཞིག་ཚུགས་པའི་རེ་བའི་སྐོར་གསལ་བརྗོད་བྱེད་འདོད་བྱུང༌།
དེང་རྒྱ་ནག་མྱུར་ཚད་མཐོན་པོའི་མདུན་བསྐྱོད་བྱེད་བཞིན་པ་ང་ཚོས་མཐོང་བཞིན་དུ་ཡོད་ལ། དཔལ་འབྱོར་གུ་ཡངས་སུ་བཏང་པ་ལ་བརྟེན་ནས་རྒྱ་ནག་དེ་རྒྱུ་ནོར་ཅན་དང༌། དེང་རབས་ཅན། སྟོབས་ཤུགས་དང་ལྡན་པ་བཅས་སུ་གྱུར་ཡོད། ལོ་རྒྱུས་དང་རིག་གཞུང་ཕྱུག་པོ་ཡོད་ཅིང༌། མི་འབོར་ཤིན་ཏུ་ཆེ་བའི་རྒྱལ་ཁབ་རྒྱ་དཀར་ནག་གཉིས་ཀ་དཔལ་འབྱོར་གྱི་ཡར་རྒྱས་བཟང་པོ་བྱུང་བ་ནི་འོས་ཤིང་འཚམས་པ་ཞིག་རེད། ཁོང་གཉིས་ལ་གསར་དུ་ཐོབ་པའི་གནས་བབ་ལ་རྟེན་ནས་འཛམ་གླིང་གི་གདེང་ཆའི་ཐོག་གལ་ཆེའི་ཆ་ཤས་བླང་རྒྱུའི་གོ་སྐབས་སྐྲུན་ཡོད། དེ་འདྲའི་ཆ་ཤས་བཟང་པོ་ཞིག་བླང་པའི་ཆེད་རྒྱ་ནག་ནང་ཕྱི་གསལ་ནང་གསལ་དང་ཁྲིམས་ཀྱི་དབང་བསྒྱུར། གནས་ཚུལ་གྱི་རང་དབང་བཅས་ཡར་རྒྱས་དགོས་པའི་ཡིད་ཆེས་བྱེད་ཀྱི་ཡོད། འཆམ་མཐུན་གྱི་སྤྱི་ཚོགས་དང༌། ཞི་བའི་སྒོ་ནས་ཡར་རྒྱས་ཞེས་པའི་ལྟ་གྲུབ་རྣམས་ཇི་ལྟར་མངོན་དུ་འགྱུར་བར་བལྟ་རྒྱུར་འཛམ་གླིང་ཕལ་མོ་ཆེ་ཞིག་སྒུག་བསྡད་ཡོད། རྒྱ་ནག་ནི་མི་རིགས་མང་པོའི་རྒྱལ་ཁབ་ཅིག་ཡིན་སྟབས་མི་རིགས་འཆམ་མཐུན་དང་ཆིག་བསྒྲིལ་ནི་ཧ་ཅང་གལ་ཆེ་ཡིན། དེའི་ཆེད་མི་རིགས་འདྲ་མཉམ་དང༌། མི་རིགས་སོ་སོའི་ཐུན་མིན་གྱི་ངོས་འཛིན་སྲུང་སྐྱོབས་བྱ་རྒྱུའི་རང་དབང་བཅས་མེད་དུ་མི་རུང་བ་ཡིན།
དེང་སྐབས་བོད་ནང་འགྱུར་བའི་མགྱོགས་ཚད་ཧ་ཅང་མྱུར་བར་བརྟེན་མ་འོངས་པར་དེའི་ལག་རྗེས་ཇི་འདྲ་བྱུང་མིན་ཐད་ཕྱི་ནང་མང་པོ་ཞིག་གིས་བློ་འཚབ་བྱེད་ཀྱི་འདུག བོད་ནང་རྒྱ་རིགས་གྲངས་འབོར་ལོ་རེ་ནས་ཇེ་མང་དུ་སེམས་ཚབ་འོས་པར་འཕེལ་བཞིན་པ་དང༌། ད་ལྟ་རྒྱལ་ས་ལྷ་སའི་མི་འབོར་ལྟ་བུར་བལྟས་ན་བོད་ནང་བོད་མི་རྣམས་རང་ཡུལ་དུ་གྲངས་ཉུང་ནུས་མེད་ཞིག་ཏུ་འགྱུར་ལ་ཉེ་བར་འདུག དེ་འདྲའི་མི་འབོར་མང་དུ་སོང་བ་དེས་བོད་ཀྱི་ཁོར་ཡུག་ལའང་ཉེན་ཁ་ཆེན་པོ་བཟོས་ཡོད། ཤར་གླིང་ཨེ་ཤ་ཡའི་ཆུ་བོ་མང་པོའི་འབྱུང་ཁུངས་ཡིན་པའི་བོད་ཀྱི་ཁོར་ཡུག་ལ་གནོད་སྐྱོན་ཤོར་ན་དེས་ཤུགས་རྐྱེན་མི་འབུམ་ཚོ་མང་པོར་ཕོག་རྒྱུ་དང༌། རྒྱ་དཀར་ནག་གཉིས་ཀྱི་བར་མཚམས་སུ་གནས་པའི་བོད་ཀྱི་དཀའ་རྙོག་ཞི་བདེའི་ངང་སེལ་ཐུབ་ན་ཁྱིམ་མཚེས་གཉིས་ཀྱི་ཞི་བདེའི་རྒྱུ་གནས་དང་མཛའ་གྲོགས་ཀྱི་འབྲེལ་ལམ་དང་འབྲེལ་བ་ཆེན་པོ་ཆགས་ཡོད།
མ་འོངས་པའི་བོད་ཀྱི་གནས་བབ་ཐད་ངས་གོ་སྐབས་འདི་བཟུང་སྟེ་སྐྱར་དུ་ནན་ཏན་ཞུ་རྒྱུ་ཞིག་ལ། ངས་བོད་རང་བཙན་རྩོལ་སྒྲུབ་བྱེད་ཀྱི་མེད་ཅིང༌། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་དོན་ལྡན་གྱི་རང་སྐྱོང་ཞིག་རྩོལ་སྒྲུབ་བྱེད་ཀྱི་ཡོད། གལ་སྲིད་རྒྱ་ནག་གི་དབུ་ཁྲིད་རྣམ་པས་ཐུགས་འཚབ་གནང་ཡུལ་ངོ་མ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆིག་བསྒྲིལ་དང་བརྟན་ལྷིང་ཡིན་ན། ངའི་ངོས་ནས་བོད་ཀྱི་དཀའ་རྙོག་དེ་མི་རིགས་ཁ་བྲལ་མ་དགོས་པའི་ཐོག་ནས་སེལ་རྒྱུའི་དམ་བཅའ་བརྟན་པོ་ཡོད་པ་གསལ་བརྗོད་ཟིན་པ་ཡིན། ངས་རང་སྐྱོང་དོན་ལྡན་གྱི་ལངས་ཕྱོགས་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་མཉམ་གནས་བྱུང་ན་དཔལ་འབྱོར་ཡར་རྒྱས་སོགས་ཀྱི་ཐོག་བོད་མིའི་ཁེ་ཕན་བཟང་ཤོས་སྒྲུབ་ཐུབ་པའི་ཡིད་ཆེས་ལ་བརྟེན་ནས་བཟུང་བ་ཡིན། གཞན་ཡང་ནམ་ཞིག་བོད་ནང་རང་སྐྱོང་དོན་ལྡན་ཞིག་བྱུང་བ་ཡིན་ན་ངོས་ནས་དེ་རང་བཙན་གྱི་ཐེམ་སྐས་ལྟ་བུར་བེད་སྤྱོད་བྱ་རྒྱུའི་བསམ་པ་གཏན་ནས་མེད།
ངའི་བསམ་ཚུལ་འདི་རྣམས་རྒྱ་ནག་གི་དབུ་ཁྲིད་རིམ་བྱོན་ལ་སྔ་རྗེས་འགྲེལ་བཤད་ཞུས་ཟིན་པ་དང༌། ལྷག་དོན་ ༢༠༠༢ ནང་ཐད་འབྲེལ་བསྐྱར་གསོའི་རྗེས་ངའི་ངོ་ཚབ་རྣམས་ཀྱི་ཞིབ་ཕྲ་གསལ་བཤད་བྱས་ཡོད་ཀྱང༌། པེ་ཅིང་ནས་ང་ལ་རྒྱ་བོད་ཁ་བྲལ་དང༌། བོད་ཀྱི་སྤྱི་ཚོགས་དང་ཆབ་སྲིད་ཀྱི་ལམ་སྲོལ་རྙིང་པ་བསྐྱར་གསོ་བྱེད་རྒྱུའི་སྦས་པའི་ལས་འཆར་ཞིག་ཡོད་པའི་རྣམ་རྟོག་བྱེད་ཀྱི་འདུག་ཅིང་དེ་ནི་གཞི་རྩ་གཏན་ནས་མེད་པ་ཞིག་རེད།
ངོས་རང་ན་གཞོན་གྱི་དུས་སུ་བོད་གཞུང་གི་ཆབ་སྲིད་ཀྱི་འགན་ཁུར་མ་བླང་ཀ་མེད་བྱུང་བའི་སྐབས་སུའང་བོད་དུ་གཞི་རྩའི་འགྱུར་བ་གཏོང་འགོ་བཙུགས་ཀྱང་སྟབས་མ་ལེགས་པ་ཞིག་ལ་ཆབ་སྲིད་ཀྱི་འགྱུར་ལྡོག་ཆེན་པོའི་དབང་གིས་འགྱུར་བ་དེ་རྣམས་ལག་བསྟར་མ་ཐུབ། འོན་ཀྱང་སྐྱབས་བཅོལ་བྱོལ་དུ་འབྱོར་འཕྲལ་བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱི་རང་བཞིན་དེང་རབས་ཀྱི་མང་གཙོའི་ལམ་དུ་བསྒྱུར་ནས་མང་ཚོགས་ཀྱི་འོས་འདེམས་བྱས་པའི་གྲོས་ཚོགས་ཀྱིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་ལ་ཕབས་ཏེ་ད་ཆ་ཁྲིམས་ཀྱི་དབང་བསྒྱུར་འོག་འགྲོ་བཞིན་པ་དང༌། ཆབ་སྲིད་ཀྱི་འགོ་ཁྲིད་ཀྱང་ལོ་ལྔ་རེའི་ལས་རྒྱུན་ཆེད་མང་ཚོགས་ནས་ཐད་ཀར་འོས་འདེམས་བྱེད་བཞིན་པ་བཅས་ཀུན་གྱི་གཟིགས་ཡུལ་དུ་ཡོད་བཞིན་པ་དེ་ཡིན། དེ་བཞིན་དུ་ང་ཚོས་བཙན་བྱོལ་དུ་བོད་ཀྱི་ ཆོས་དང་ལེགས་བྱང་གི་ཆ་ཤས་གལ་ཆེ་བ་མང་པོ་ཞིག་མི་ཉམས་གོང་འཕེལ་ཐོག་ལག་ལེན་དུ་བསྟར་ཐུབ་པ་བྱུང་ཡོད། དེ་ཡང་གཙོ་བོ་རྒྱ་གར་གཞུང་དང་མི་མང་གི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཡིན།
རྒྱ་ནག་གཞུང་གིས་ཐུགས་འཚབ་གནང་ཡུལ་གཞན་ཞིག་ནི་རྒྱ་ནག་ལ་བོད་ཀྱི་ཐོག་ཁྲིམས་མཐུན་གྱི་བདག་དབང་ཡོད་མེད་ཀྱི་སྐོར་དེ་ཡིན། ངས་འདས་ཟིན་པའི་གནས་ཚུལ་ལ་འགྱུར་བ་གཏོང་མི་ཐུབ་ཀྱང༌། བོད་རྒྱ་གཉིས་མོས་ཀྱི་ཞི་འགྲིགས་བྱུང་ན་དེའི་ཐོག་ནས་ཁྲིམས་མཐུན་ཡོང་ཐབས་ཡོད་ལ། ངའི་ངོས་ནས་ཀྱང་བོད་མིའི་ནང་དེའི་ཐད་མོས་མཐུན་ཡོང་ཐབས་རང་གི་མཐོང་དང་ཆ་འཇོག་བེད་སྤྱོད་ཀྱིས་འབད་བརྩོན་བྱ་རྒྱུར་གྲ་སྒྲིག་ཡིན། དེ་འདྲ་སོང་ཙང་ང་ལ་སྦས་པའི་ལས་འཆར་གང་ཡང་མེད་ཅེས་བསྐྱར་བརྗོད་བྱ་རྒྱུ་མ་ཟད། འབྱུང་འགྱུར་བོད་དུ་ངས་ཆབ་སྲིད་དམ་གཞུང་འབྲེལ་གྱི་གོ་གནས་གང་ཡང་འཛིན་རྒྱུ་མིན་པའི་ཐག་གཅོད་ཟིན་པ་དེར་འགྱུར་བ་མེད།
རྒྱ་ནག་གཞུང་གི་དཔོན་རིགས་ནས་ངས་རྒྱ་ནག་ལ་སྡང་སེམས་འཆང་བ་དང་རྒྱ་ནག་གི་ཁེ་ཕན་ལ་གནོད་པའི་བྱ་བ་བྱེད་ཀྱི་ཡོད་པའི་སྐྱོན་བརྗོད་བྱེད་པ་དེ་ནི་བདེན་པ་གཏན་ནས་མ་རེད། ངའི་ངོས་ནས་རྣམ་པ་ཀུན་དུ་འཛམ་གླིང་དབུ་ཁྲིད་རྣམས་ལ་རྒྱ་ནག་ལ་འབྲེལ་བ་བྱེད་རྒྱུ་གལ་ཆེ་ཡིན་པ་བརྗོད་མྱོང་བ་མ་ཟད། དེ་བཞིན་རྒྱ་ནག་རྒྱལ་སྤྱིའི་ཚོང་འབྲེལ་སྒྲིག་འཛུགས་ནང་བཅུག་རྒྱུ་དང༌། པེ་ཅིང་དུ་ཨོ་ལམ་པིག་རྩེད་འགྲན་འོས་པ་སོགས་ལ་རྒྱབ་སྐྱོར་བྱས་ཡོད། ངས་རྒྱབ་སྐྱོར་དེ་ལྟར་བྱས་པ་ནི་རྒྱ་ནག་གུ་ཡངས་དང༌། བཟོད་བསྲན་ཅན། འགན་ཁུར་ཡོད་པའི་རྒྱལ་ཁབ་ཅིག་ཏུ་འགྱུར་རྒྱུའི་རེ་བ་བཅངས་ཏེ་བྱས་པ་ཡིན།
རྒྱ་བོད་ཞི་འགྲིག་གི་གྲོས་མོལ་ལེགས་པོ་ཡོང་བའི་འགལ་རྐྱེན་གཅིག་ནི་བོད་ནང་ད་ལྟའི་གནས་ཚུལ་ཇི་ལྟར་ཡོད་མིན་བསམ་ཚུལ་མི་མཐུན་པ་དེ་ཡིན་ཅིང༌། དེར་བརྟེན་བོད་ནང་གི་དངོས་ཡོད་གནས་ཚུལ་ཐོག་བསམ་ཚུལ་མཐུན་པ་ཡོང་ཐབས་སུ་ངོས་ཀྱི་ངོ་ཚབ་རྣམས་ནས་ཉེ་དུས་འབྲེལ་མོལ་ཐེངས་དྲུག་པའི་སྐབས་ང་ཚོར་བོད་ནང་དངོས་ཐོག་བདེན་འཚོལ་གྱི་ལམ་ནས་ས་གནས་སུ་གནས་ཚུལ་ངོ་མ་ཇི་ལྟར་ཡོད་མིན་ཤེས་རྟོགས་ཡོང་སླད་དུ་ཉམས་ཞིབ་ཚན་ཁག་གཏོང་རྒྱུའི་གོ་སྐབས་གནང་རོགས་ཞེས་ཞུས་ཡོད། འདིའི་ཐོག་ནས་ཕྱོགས་གཉིས་ཀ་སོ་སོའི་བཤད་ཚུལ་ལས་འདས་ཏེ་གོམ་གྲོད་བྱེད་ཐུབ་པ་ཡོང་ངེས།
ད་ཆ་ང་ཚོའི་འབྲེལ་མོལ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་བཏོན་པའི་བོད་མི་རིགས་ས་གནས་རང་སྐྱོང་ལྗོངས་ཀྱི་སྐོར་ཤོག་བུ་དཀར་པོ་ཟེར་བའི་ཡིག་ཆའི་ནང་དུ་ཞིབ་གསལ་འཁོད་པ་ལྟར་བོད་ལ་དོན་དང་ལྡན་པའི་རང་སྐྱོང་ཞིག་གྲུབ་ཐུབ་པའི་ཐོག་བབ་དགོས་པའི་དུས་ལ་སླེབས་ཡོད། ད་ལན་ངས་གོ་སྐབས་འདིའི་ཐོག་རྒྱ་ནག་གི་དབུ་ཁྲིད་ཚོར་ད་ལྟའི་བོད་ནང་ཡོད་བཞིན་པའི་ཚབ་ཆེའི་དཀའ་ངལ་དང་གཞིས་བཞུགས་བོད་མི་ཚོའི་དངོས་དོན་གྱི་འདོད་བློ་མ་མཚིམས་པ་དང་བློ་ཕམ་གཏིང་ཟབ་ཡོད་པ་རྣམས་ངོས་འཛིན་ཐོག་སྙིང་སྟོབས་དང་རྣམ་དཔྱོད་ཀྱི་སྒོ་ནས་དཀའ་ངལ་འདི་རྣམས་དངོས་དོན་དང་མཐུན་པ་སེལ་ཐབས་གནང་རོགས་ཞེས་འབོད་བསྐུལ་ནན་པོ་ཞུ་རྒྱུ་ཡིན། ངས་ཨ་རིའི་གྲོགས་པོ་ཚོར་རེ་བསྐུལ་ བྱེད་རྒྱུར། རྒྱ་ནག་གི་དབུ་འཁྲིད་རྣམ་པར་ངའི་ལྷག་བསམ་རྣམ་དག་ཡིན་པ་ཡིད་ཆེས་རྙེད་པ་དང༌། དེ་བཞིན་དུ་ད་ལྟའི་འབྲེལ་མོལ་གྱི་རིམ་པ་དེ་མདུན་བསྐྱོད་ཐུབ་པ་ཞིག་ཡོང་བར་འབད་བརྩོན་གནང་རོགས་ཞེས་ཞུ་རྒྱུ་ཡིན།
རྣམ་པ་ཚོས་ངས་ཞི་བདེ་དང༌། མི་རིགས་དང་ཆོས་ལུགས་ཕན་ཚུན་མཐུན་ལམ། འཚེ་བ་མེད་པའི་ལམ་ལུགས་བཅས་སྤེལ་བར་ངོས་འཛིན་གནང་བར་བརྟེན་འབྲེལ་ཡོད་ཀྱི་བློ་འཆར་འགའ་ཤས་ཞུ་འདོད་བྱུང༌། དེང་ཨ་རི་མཉམ་འབྲེལ་རྒྱལ་ཁབ་ཀྱིས་ཞི་བ་དང་ཁྲིམས་མཐུན་གྱི་སྒོ་ནས་འཐབ་རྩོད་བྱེད་མཁན་ཚོར་རྒྱབ་སྐྱཽར་རྒྱུན་མཐུད་གོང་མཐོར་གཏོང་དགོས་པའི་དུས་ཚོད་ངེས་ཅན་ཞིག་ཡིན། ཨ་རིའི་རྒྱལ་ཁབ་ནི་མང་གཙོ་དང༌། རང་དབང་གི་དེད་དཔོན་ཡིན་པས་རྣམ་པ་ཚོས་འཛམ་གླིང་ནང་འགྲོ་བ་མིའི་ཐོབ་ཐང་སྲུང་བརྩིའི་ལས་འཆར་ཁག་མཐའ་འཁྱོངས་ཡོང་ཆེད་ཤུགས་རྐྱེན་ཇི་ཡོད་མུ་མཐུད་བཏོན་ཐུབ་པ་ཞིག་བྱེད་དགོས་ཀྱི་འདུག དོན་གནས་གཞན་ཞིག་ཨ་རིའི་ངོས་ནས་དབུ་ཁྲིད་གནང་དགོས་པ་ནི་འཁོར་ཡུག་སྲུང་སྐྱོབ་ཀྱི་གནས་དོན་དེ་ཡིན་ཅིང༌། ཚང་མས་མཁྱེན་གསལ་ལྟར་སའི་གོ་ལ་འདི་ཚ་དྲོད་ཆེ་རུ་འགྲོ་བཞིན་པ་དང༌། དེ་ནི་ཚན་རིག་པ་མང་པོས་ཕལ་ཆེ་མིའི་བྱ་སྤྱོད་ཀྱི་རྐྱེན་ལས་བྱུང་བར་བཤད་ཡོད། དེ་འདྲ་སོང་ཙང་ང་ཚོ་ཚང་མའི་ངོས་ནས་སོ་སོའི་འབྱོན་ཐང་དང་དཔལ་འབྱོར་གྱི་ནུས་པ་གང་ཐུབ་བེད་སྤྱོད་བྱས་ཏེ་མ་འོངས་པའི་མི་རབས་ཚོར་མ་མཐར་ཡང་སྲོག་འཚོ་རུང་བའི་འཁོར་ཡུག་ཅིག་རྩིས་སྤྲོད་ཐུབ་པ་བྱེད་རྒྱུ་གལ་ཆེ།
གོ་ལའི་དཀའ་རྙོག་མང་ཆེ་བའི་རྒྱུ་རྐྱེན་ནི་དཔལ་འབྱོར་རམ། ཆབ་སྲིད། སྤྱི་ཚོགས་ཀྱི་གནས་སྟངས་དྲང་བདེན་དང་འདྲ་མཉམ་མེད་པ་ལས་བྱུང་བ་ཉམས་མྱོང་གིས་གསལ་སྟོན་བྱས་ཡོད། མཐར་ཐུག་ན་དཀའ་ངལ་དེ་རྣམས་ང་ཚོ་ཚང་མའི་ཁེ་ཕན་དང་འབྲེལ་བ་ཆགས་ཡོད། འཛམ་གླིང་གི་ཟུར་གཅིག་ལ་མྱོང་བའི་མི་ཚོའི་བཀྲེས་སྐོམ་གྱི་སྡུག་བསྔལ་ལམ། ཡང་ན་ས་ཕྱོགས་གཞན་ཞིག་ཏུ་རང་དབང་གི་ཐོབ་ཐང་འཕྲོག་པ་རྣམས་ས་ཁུལ་བྱེ་བྲག་པ་ཞིག་གི་གནས་ཚུལ་ཙམ་ལ་ནམ་ཡང་བལྟ་རྒྱུ་མེད། ཕན་ཚུན་གཅིག་ལ་གཅིག་རྟེན་གྱི་འཇིག་རྟེན་འདིའི་ནང་བྱུང་རིམ་འདི་དག་གིས་མཐའ་དོན་ཚང་མར་དོ་ཕོག་ཡོང་རྒྱུ། དབུལ་ཕྱུག་མི་སྙོམས་པའི་ཁྱད་པར་ཆེན་པོ་ཡོད་པ་འདིར་རྒྱལ་སྤྱིའི་ཐོག་ནས་གདོང་ལེན་བྱེད་རྒྱུའི་ལས་འགུལ་ལའང་ཨ་རིའི་ངོས་ནས་འགོ་འདྲེན་ཐུབ་པ་ཞིག་གནང་དགོས་ཀྱི་འདུག་ཅེས་འབོད་བསྐུལ་ཞུ་རྒྱུ་ཡིན། དེང་འདི་འདྲའི་འཛམ་གླིང་སྤྱིའི་དཀའ་ངལ་མང་པོ་ཞིག་ལ་ང་ཚོས་འགྲོ་བ་མི་གཅིག་གྱུར་གྱི་བསམ་བློ་དང༌། ད་ལྟའི་འཇིག་རྟེན་ཕན་ཚུན་ལྟོས་གྲུབ་ཀྱི་རང་བཞིན་ངོས་འཛིན་གསལ་པོའི་ཐོག་གདོང་ལེན་བྱེད་དགོས་པའི་དུས་ལ་སླེབས་ཡོད།
མཐའ་དོན་བོད་ཕྱི་ནང་དུ་གནས་པའི་བོད་མི་ས་ཡ་དྲུག་གི་ངོས་ནས་ཨ་རི་གཞུང་དང་མི་མང་གི་རྒྱབ་སྐྱོར་ལ་སྙིང་ནས་བཀའ་དྲིན་བསམ་རྒྱུ་དང༌། ཁྱེད་རྣམ་པས་མུ་མཐུད་ནས་བོད་དང་བོད་མིར་རོགས་རམ་དང་རྒྱབ་སྐྱོར་གནང་རྒྱུ་དེ་ཤིན་ཏུ་གལ་ཆེན་པོ་མཐོང་གི་འདུག ཁྱེད་རྣམ་པས་ང་ལ་ཆེས་མཐོའི་གཟེངས་བསྟོད་གནང་བར་ཡང་བསྐྱར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བཀྲིས་བདེ་ལེགས།

ཤོག་ངོས་འདི་ལ་ཐེངས་ 205 གཟིགས་འདུག མཐའ་མའི་བསྐྱར་བཅོས། 2023 ལོའི་ཟླ་བ། Feb ཚེས། 11 རེས་གཟའ། Sat
རིག་མཛོད་རྩོམ་སྒྲིག་པ།

དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག་སྟབས་བདེའི་རང་བཞིན་ཅན་གྱི་གློག་ཀླད་དང་ལག་ཐོག་ཁ་པར་ཆེ་ཆུང་(Laptop, iPad, iPod iPhone & Android) གང་ཡིན་ཐོག་ཏུ་རང་རང་གི་ཐུགས་འདོད་ལྟར་ཕབ་ལེན་དང་གསན་གཟིགས་གནང་རོགས། 

དྲ་ཚིགས།: www.serajeyrigzodchenmo.org  ཡིག་འབྲེལ་དྲ་བྱང་། serajeyrigzodchenmo@gmail.com