གནས་འཕྲིན་གཞན།

གནས་འཕྲིན་གཞན། (26)

འདི་ག་རྩོམ་སྒྲིག་ཁང་གི་འགན་འཛིན་རྙིང་པས་རྩོམ་སྒྲིག་ཁང་གི་ཅ་དངོས་རྣམས་དང་དྲ་རྒྱའི་གསང་གྲངས་དང་ཡིག་ཆ་སོགས་འགན་འཛིན་གསར་པ་རྣམས་ལ་རྩིས་སྤྲོད་བྱས།
   འདི་ག་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་ཁང་གི་འགན་འཛིན་བསམ་བྱ་གཞུང་ཀླུ་སྒྲུབ་པས་རྒྱུད་ཀྱི་ཆོས་ཐོག་འཁོར་དགོས་པ་སོགས་ཀྱིས་གྲྭ་ཚང་གི་ཕྱག་མཛོད་དང་རྒྱུན་ལས་རྣམས་ལ་རྩ་དགོངས་ཞུས་པར་བརྟེན། རྒྱུན་ལས་ནས་དགོངས་འཁྲོལ་བྱུང་བ་དང་། རྩོམ་སྒྲིག་ཁང་གི་ལས་བྱེད་རྙིང་པའི་གྲས། ལྷོ་སྐལ་བཟང་ཐར་འདོད་དང་། བྱ་གྲོལ་སྡེ་རྒྱ་མཚོ། མངའ་ཐུབ་བསྟན་ཚེ་རིང་གསུམ་ལ་རྒྱུན་ལས་རྣམས་དང་ཕྱག་མཛོད་བཅས་ཀྱིས་རེ་སྐུལ་བྱས་པ་ལྟར། རྣམ་པ་གསུམ་མཉམ་འབྲེལ་གྱིས་རྩོམ་སྒྲིག་གི་ལས་ཀ་བྱེད་རྒྱུའི་གྲོས་ཆོད་བྱུང་སྟེ་བོད་རྒྱལ་ལོ་ ༢༡༤༦ དང་རབ་གནས་ས་ཕག་ལོ། སྤྱི་ལོ་ ༢༠༢༠ ལོའི་ཟླ་ ༠༥ ཚེས་ ༠༩ ཉིན་གྲྭ་ཚང་གི་ཕྱག་མཛོད་སོགས་མཉམ་འཛོམས་ཀྱིས་རྩོམ་སྒྲིག་ཁང་གི་ཅ་དངོས་རྣམས་དང་། དྲ་རྒྱའི་གསང་གྲངས་ཁག །ཡིག་ཆ་གཞན་རྣམས་བཅས་འགན་འཛིན་གསར་པ་གསུམ་ལ་རྩིས་སྤྲོད་བྱས།
  དེ་ཡང་ཐོག་མར་སྤྱི་ལོ་ ༢༠༡༤ ལོར་འདི་ག་སེར་བྱེས་མཁས་སྙན་གྲྭ་ཚང་ནས་གྲྭ་ཚང་རང་གི་བོད་ཡིག་གི་དྲ་རྒྱའི་ངོ་བོའི་ཐོག་ནས་འཕྲུལ་དེབ་དང་དཔེ་ཁྲིད་སོགས་ཉར་ཚགས་དང་དོན་གཉེར་ཅན་རྣམས་ཀྱི་ཆེད་དྲ་ཚིགས་ཤིག་བཟོ་རྒྱུའི་དགོངས་འཆར་བྱུང་བ་ལྟར། སྐབས་དེའི་གྲྭ་ཚང་གི་ཕྱག་མཛོད་ནས་བསམ་བྱ་གཞུང་ཀླུ་སྒྲུབ་ལ་ནན་ཆེར་བསྐུལ་བ་ལ་བརྟེན་ནས་རྩོམ་སྒྲིག་གི་ལས་ཀ་བྱེད་རྒྱུའི་ཁས་ལེན་ཞུས་ཏེ། ལས་ཀ་བྱེད་སྟངས་སོགས་དང་དྲ་ཚིགས་དངོས་སུ་འཆར་འགོད། དྲ་ཚིགས་ཀྱི་མིང་གཏན་འབེབས། རྒྱུས་ཆ་དང་ཡིག་ཆ་འཚོལ་སྒྲུབ་སོགས་དང་། དྲ་ངོས་ཀྱི་ངོ་སྤྲོད་མི་འདྲ་བ་གང་མང་བཏུས་བསྒྲིགས་བྱས་ཤིང་། དྲ་ཚིགས་སྒྲིག་བཟོའི་ཆེད་མཁས་པ་གདན་ཞུས་ཀྱིས། དྲ་ཚིགས་གསར་བཟོ་སོགས། ལོ་དེའི་ཕྱི་ཟླ་༡༠ པའི་ཕྱི་ཚེས་ ༡༥ ཉིན་ལས་འགོ་དངོས་སུ་བཙུགས་ཤིང་། རིམ་གྱིས་ལས་བྱེད་དུ་ཐོ་འགོད་བྱུང་བ་དང་རེ་སྐུལ་བྱས་པ་བཅས། གཞུང་དང་རིག་གནས་སོགས་ལ་ཤེས་རྒྱ་ཡོད་པའི་རྒྱུས་ཡོད་ཀྱི་ལས་རོགས་ཁ་ཤས་འདེམས་སྒྲུག་བྱས་ཏེ། པར་རྩ་གང་མང་རྩིས་འཁོར་དུ་གསར་བཏགས་དང་གཤིབ་བསྡུར་བྱས་ཏེ་འཕྲུལ་དེབ་གསར་བཟོ་དང་། དྲ་ངོས་ཀྱི་དཀར་ཆག་རྣམས་ལས་ཚན་པ་ངོས་འཛིན་དང་གནོད་སྐྱོན་བརྟག་ཆེད་འཕྲུལ་དེབ་ཏུ་རྩོམ་སྒྲིག་བྱེད་མ་ཐུབ་པ་རྣམས་ལ་ཚབ་རེ་བཟོས་ཏེ་བཞག་པ་དང་། དཔེ་ཁྲིད་གང་མང་སློབ་གཉེར་བའི་ཁྲོད་ནས་འཚོལ་བསྡུ་བྱས་ཏེ་སྒྲིག་བཟོ་སོགས་ཀྱིས་སྒྲ་མཛོད་ཀྱི་དཀར་ཆག་གི་ཚན་པ་རྣམས་སུ་བཞག་པ་སོགས་ཀྱིས་ཟླ་ངོ་བཅུ་ལྷག་ལ་དཀའ་ངལ་གང་མང་ལ་གདོང་ལེན་བརྒྱུད། དྲ་ཚིགས་གསར་བཟོ་གྲུབ་སྟེ་ཕྱི་ལོ་ ༢༠༡༥ ལོའི་ཟླ་ ༨ པའི་ཚེས་ ༡༩ ཉིན་གྱི་སྔ་དྲོའི་ཆུ་ཚོད་དགུ་པའི་སྟེང་། སྐུ་མགྲོན་གཙོ་བོ་སེ་ར་བྱེས་སྨད་གཉིས་ཀྱི་མཁན་རིན་པོ་ཆེའི་གཙོས། ཆོས་རིག་བཀའ་ཟུར་མཆོག་དང་། ཆོས་བརྒྱུད་ཁག་གི་མཁན་པོ་དང་སྐུ་ཚབ་སོགས་སེར་བྱེས་གྲྭ་ཚང་གི་ཆོས་རར་འཛོམས་ཏེ། སེར་བྱེས་རིག་མཛོད་ཆེན་མོའི་དྲ་ཚིགས་དངོས་སུ་དབུ་འབྱེད་གནང་ཡོད། ཐོག་མར་དྲ་ཚིགས་གསར་བཟོའི་སྐབས་ཡིག་ཆ་སོགས་གྲ་སྒྲིག་གང་ཡང་མེད་ནའང་རིམ་གྱིས་ཡིག་ཆ་གསར་བསྒྲིགས་དང་དྲ་ངོས་བསྐྱར་བཅོས་ཐེངས་བཞི་ལ་བྱས་པ་ལས་ད་ལྟའི་དྲ་ཚིགས་དང་དྲ་ངོས་འདི་གྲུབ་པ་ཡིན་ཞིང་། ཉིན་རེར་དཔེ་ཁྲིད་དང་འཕྲུལ་དེབ་སོགས་གསན་གཟིགས་བྱེད་མཁན་སུམ་སྟོང་བཞི་སྟོང་ལྷག་དྲ་ཞུགས་ཀྱིས་སློབ་སྦྱོང་བྱེད་ཀྱིན་ཡོད།

༢༠༡༤།༢།༢༤ ནས་ ༢༠༡༩།༩།༤ བར་དུ་དཔེ་ཁྲིད་གསན་མཁན་གྱི་གྲངས་ཐོ་དང་རྒྱལ་ཁབ་ཀྱི་མིང་། འདིའི་ནང་དུ་བོད་དང་རྒྱ་ནག་སོགས་འཚུད་མེད།
SL ས་གནས། གསན་ཐོ། 26 Malaysia 865
1 India 1579484 27 United Arab Emirates 451
2 Nepal 139236 28 Vietnam 1580
3 United States 128541 29 Mongolia 89477
4 Brazil 11644 30 Hong Kong 2482
5 Australia 9752 31 Slovakia 1668
6 Bhutan 26078 32 Colombia 1293
7 Japan 12268 33 Sweden 642
8 Taiwan, Province of China 19547 34 Thailand 8901
9 United Kingdom 9684 35 Austria 1149
10 Canada 77606 36 South Africa 503
11 Switzerland 8248 37 Hungary 405
12 Dominican Republic 1852 38 indonesia 2652
13 France 19602 39 Poland 1118
14 Republic of Korea 5717 40 Czech Republic 473
15 Italy 9564 41 Russian Federation 2620
16 Germany 9164 42 Chile 508
17 Netherland 13160 43 Ukraine 771
18 New Zealands 7056 44 Israel 451
19 Argentina 1624 45 Ecuador 353
20 Mexico 6197 46 Egypt 751
21 Peru 922 47 Ireland 897
22 Belgium 9833 48 Greece 389
23 Singapore 5792 49 Philippines 614
24 Spain 3028 50 Turkey 3004
25 Norway 966 Total Visitors  2240582

 དྲ་ཚིགས་འདི་ཉིད་འཕྲུལ་དེབ་དང་དཔེ་ཁྲིད་ཙམ་ཁོ་ནའི་ཆེད་དུ་མ་ཡིན་པར་སྣ་འཛོམས་རང་བཞིན་ཅན་གྱི་དྲ་ཚིགས་ཤིག་བསྒྲུབ་རྒྱུར་འབད་རྩོལ་བྱེད་ཀྱིན་ཡོད་ལ། དྲ་ངོས་ཀྱི་སྡེ་ཚན་ལ་མཚོན་ནའང་སྡེ་ཚན་ཆེ་ཁག་མི་འདྲ་བ་བཅུ་ལྷག་འཆར་འགོད་དང་རྩོམ་སྒྲིག་བྱས་ཡོད།

འགན་འཛིན་རྙིང་པའི་སྐབས་ཀྱི་ལོ་ངོ་ལྔའི་རིང་གི་ལས་བསྡོམས།

༡ ] གཞུང་ཆེན་སོགས་སློབ་གཉེར་བའི་དགོས་མཁོར་དམིགས་ཏེ་འཕྲུལ་དེབ་ཁྱོན་བསྡོམས་ ༣༣༧ རྩོམ་སྒྲིག་བྱས་ཏེ་ལྟ་ཀློག་དང་མཉམ་དུ་དཔེ་ཁྲིད་ཡོད་པ་དག་ལ་དཔེ་ཁྲིད་ཀྱི་དྲ་སྣེ་དང་མཉམ་སྦྱར་གྱིས་དྲ་ཚིགས་སུ་བཞག་ཡོད།
༢ ] སྒྲ་མཛོད་ཀྱི་ནང་དུ་གཞུང་ཆེན་སོགས་ཀྱི་དཔེ་ཁྲིད་ ༦༡༧ འཚོལ་བསྡུ་བྱས་ཏེ་ mp3. བཟོ་བ་དང་ཕབ་ལེན་སོགས་ཀྱི་ཆེད་དུ་ལྗིད་ཚད་ཇེ་ཆུང་དུ་གཏོང་བ་དང་མི་གསལ་རྣམས་ཇེ་གསལ་དུ་གཏོང་བ་སོགས་ཀྱི་སྒྲིག་སྦྱོར་དང་ཁྲིད་གཞུང་གི་འཕྲུལ་དེབ་ཡོད་པ་དག་ལ་དྲ་ཚིགས་ཀྱི་སྦྲེལ་སྣེ་མཉམ་སྦྱར་བྱས་ཏེ་སེར་བྱེས་རིག་མཛོད་ཆེན་མོའི་དྲ་ཚིགས་དང་སྒྲ་རྐྱང་པ་ཉན་བྱེད་ཀྱི་མཉེན་ཆས་ SoundCloud གཉིས་སུ་བཞག་ཡོད།
༣ ] བརྙན་མཛོད་ཀྱི་ནང་དུ་མཛད་རྣམ་སོགས་བརྙན་མི་འདྲ་བ་བརྒྱ་ཕྲག་ལྷག་སྒྲིག་སྦྱོར་བྱས་ཏེ་བཞག་ཡོད་ལ། དཔེ་ཆ་རྩོམ་སྒྲིག་དང་པར་བཟོ་སྟངས། དྲ་ཚིགས་བཟོ་སྟངས་སོགས་ཀྱི་སྐོར་ལ་ཆེད་མཁས་པས་ཟབ་སྦྱོང་སྤྲད་པ་དག་བརྙན་དུ་ཕབ་ལེན་དང་བཅོས་སྒྲིག་བྱས་པའི་བརྙན་བརྒྱ་ཕྲག་ཁ་ཤས་དྲ་ངོས་སུ་འཇོག་རྒྱུར་གྲ་སྒྲིག་བྱས་ཡོད།
༤ ] གསར་འགྱུར་གྱི་སྡེ་ཚན་གྱི་ནང་དུ་གྲྭ་ཚང་གི་མཛད་རིམ་ཆེ་ཁག་གིས་མཚོན་གསར་འགྱུར་མི་འདྲ་བ་ ༨༡ བྲིས་ཏེ་དྲ་ཚིགས་སུ་བཞག་ཡོད།
༥ ] ཚོམས་ཀྱི་སྡེ་ཚན་ནང་དུ་དུས་ཆེན་ཁག་སོགས་ཀྱི་ངོ་སྤྲོད་མི་འདྲ་བ་ ༦༨ བྲིས་ཏེ་དྲ་ཚིགས་སུ་བཞག་ཡོད།
༦ ] ལོ་རྒྱུས་ཀྱི་སྡེ་ཚན་གྱི་ནང་དུ་སེ་རའི་ལོ་རྒྱུས་དང་གྲྭ་ཚང་གི་ལོ་རྒྱུས་དང་ཚོགས་པ་ཁག་སོགས་ཀྱི་ངོ་སྤྲོད། གྲྭ་ཚང་ཕྱག་བཏབ་པ་ནས་ད་ལྟའི་བར་གྱི་མཁན་རབས་རིམ་བྱོན་གྱི་མཚན་ཐོ་དང་མཁན་རབས་སུམ་ཅུ་ལྷག་གི་ལོ་རྒྱུས། གྲྭ་ཚང་རང་ནས་བྱོན་པའི་དགའ་ལྡན་ཁྲི་པ་རིམ་བྱོན་གྱི་མཚན་ཐོ་དང་ཁྲི་ཆེན་བཅོ་ལྔའི་ ༡༥ ལོ་རྒྱུས། གྲྭ་ཚང་རང་ནས་ཕེབས་པའི་བོད་ཀྱི་ལོ་རྒྱུས་ཐོག་གྲགས་ཆེ་བའི་མཁས་དབང་རིམ་བྱོན་གྱི་མཚན་ཐོ། གྲྭ་ཚང་རང་ནས་ཕེབས་པའི་རྒྱུད་སྟོད་སྨད་ཀྱི་མཁན་པོ་རིམ་བྱོན་གྱི་མཚན་ཐོ་དང་མཁན་པོ་རྣམས་ཀྱི་ལོ་རྒྱུས་སོགས་བྲིས་ཏེ་དྲ་ཚིགས་སུ་བཞག་ཡོད།
༧ ] པར་མཛོད་ཀྱི་ནང་དུ་གྲྭ་ཚང་གི་ལོ་རྒྱུས་ཐོག་ལ་གལ་ཆེ་བའི་པར་རྙིང་སོགས་པར་སྣ་མི་འདྲ་བ་ཉིས་བརྒྱ་ལྷག་འཚོལ་བསྡུ་བྱས་ཏེ་དྲ་ཚིགས་སུ་བཞག་ཡོད།
༨ ] གཞན་འཕྲུལ་དེབ་ཀྱི་གཞུང་མཛད་པ་པོའི་རྣམ་ཐར་མི་འདྲ་བ་བརྒྱ་ཕྲག་ལྷག་རྒྱས་བསྡུས་མི་འདྲ་བ་གཉིས་རེ་གསར་རྩོམ་བྱས་ཏེ་འཕྲུལ་དེབ་དང་དྲ་ངོས་སུ་བཞག་ཡོད།
༩ ] དཔེ་ཁྲིད་གནང་མཁན་གྱི་ལོ་རྒྱུས་མི་འདྲ་བ་བརྒྱ་ཕྲག་ལྷག་གསར་རྩོམ་བྱས་ཏེ་དྲ་ངོས་སུ་བཞག་ཡོད།
༡༠ ] དྲ་ཚིགས་ཀྱི་དཀར་ཆག་སྡེ་ཚན་ཆེ་བ་བཅུ་ལྷག་དང་། ཡན་ལག་གི་དཀར་ཆག་ཉིས་བརྒྱ་དང་ལྔ་བཅུ་ལྷག་འཆར་འགོད་དང་གསར་རྩོམ་བྱས་ཡོད།
༡༡ ] འཕྲུལ་དེབ་དང་སྒྲ་མཛོད་བརྙན་སོགས་ལ་དྲ་ངོས་སུ་ངོ་སྤྲོད་ཚན་པ་གཉིས་རེ་བཅས་ཁྱོན་བསྡོམས་ངོ་སྤྲོད་ཚན་པ་ཆིག་སྟོང་ལྔ་བརྒྱ་ལྷག་གསར་རྩོམ་དང་སྒྲིག་བཀོད་བྱས་ཡོད།
༡༢ ] བཀའ་བསྟན་སོགས་གསུང་རབ་ཀྱི་པར་རྩ་ pdf ནང་དུ་ཡོད་པ་ཁྲི་གཅིག་ལྷག་འཚོལ་བསྡུ་བྱས་ཡོད་ལ། (word) ནང་དུ་ཡོད་པ་གཤིབ་བསྡུར་བྱས་ཏེ་འཕྲུལ་དེབ་ཏུ་རྩོམ་སྒྲིག་བྱས་ཆོག་པའི་པར་རྩ་སྟོང་ཕྲག་ཁ་ཤས་དང་། ཞུས་དག་སོང་བའི་པར་རྩ་བརྒྱ་ཕྲག་གཅིག་ལྷག་འཚོལ་བསྡུ་བྱས་ཡོད།
༡༣ ] རིག་མཛོད་དཔེ་ཚོགས་ཀྱི་ངོ་བོར་དཔེ་ཆ་དྲུག་རྩོམ་སྒྲིག་བྱས་ཡོད།
༡༤ ] གཞན་དགེ་རྒན་གདན་འདྲེན་ཞུས་ཏེ་རྩོམ་སྒྲིག་ཁང་གི་ལས་བྱེད་རྣམས་ལ་ལོ་བཞི་ལ་དྲ་རྒྱ་སོགས་ཀྱི་སྐོར་ལ་ཟབ་སྦྱོང་ཟླ་གསུམ་རེར་སྤྲད་ཡོད།
༡༥ ] གཅེས་ཉར་ཡིག་ཚགས་སུ་འཇོག་རྒྱུར་དཔེ་ཆ་པར་བཤུས་བྱས་པ་བརྒྱ་ལྷག་ཡོད།
༡༦ ] གཞན་འཕྲུལ་དེབ་ཏུ་རྩོམ་སྒྲིག་བྱ་ཆོག་པ་བསྟན་འགྱུར་གྱི་པོ་ཏི་ཉི་ཤུ་དང་། རྒྱལ་ཚབ་རྗེ་དང་མཁས་གྲུབ་རྗེ་གཉིས་ཀྱི་གསུང་འབུམ་ལས་པོ་ཏི་རེ་གཉིས་མ་གཏོགས་ཆ་ཚང་དཔེ་བསྡུར་གྲུབ་སྟེ་འཕྲུལ་དེབ་ཏུ་རྩོམ་སྒྲིག་བྱེད་ཀྱིན་ཡོད།
༡༧ ] ཁྱོན་བསྡོམས་ལོ་རྒྱུས་སོགས་གསར་རྩོམ་བྱས་ཏེ་བྲིས་པ་ཤོག་གྲངས་ A4 ཅན་ ༢༢༥༦ ལྷག་དང་ཡིག་འབྲུ་འབུམ་ཕྲག་ཁ་ཤས་བྱུང་ཡོད།

༢༠༢༠།༠༥།༠༩ ལ་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་ཁང་ནས།

དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་བྱ་དགོས་ཚེ་[སེར་བྱེས་རིག་མཛོད་ཆེན་མོ་ལས་དྲངས་]ཞེས་རྩོམ་ཁུངས་ཁ་གསལ་འགོད་དགོས།

 

ངོ་ཤོག 1 ནས་ 9