-
མདུན་ངོས།
-
འཕྲིན་གསར།
- གནས་འཕྲིན་གཞན།

གནས་འཕྲིན་གཞན། (31)
སློབ་གཉེར་བ་རྣམས་ལ་བྲིས་རྒྱུགས་བླངས།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།སེར་བྱེས་གྲྭ་ཚང་གི་སློབ་གཉེར་བ་རྣམས་ལ་གཞུང་ཆེན་མོའི་བྲིས་རྒྱུགས་བླངས།
ཕྱི་ལོ་ ༢༠༡༥ ལོའི་ཟླ་ ༡༡ ལོའི་ཚེས་ ༨ ཉིན་སེར་བྱེས་མཁས་སྙན་གྲྭ་ཚང་གི་རྒྱུགས་ཞིབ་ལྷན་ཚོགས་ཀྱི་ལྟ་ཞིབ་དང་། དབུ་ཆོས་རྣམ་གཉིས་སོགས་ཀྱི་སྐོར་གཡེང་གི་འོག་ཏུ་སློབ་གཉེར་བ་རྣམས་ལ་སེར་བྱེས་གྲྭ་ཚང་གི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོའི་ཁོངས་ཀྱི་གཞུང་ཆེན་མོའི་བྲིས་རྒྱུགས་དབུ་བཙུགས་སོང་། བྲིས་རྒྱུགས་ནི་སློབ་གཉེར་བ་རྣམས་ཀྱི་འཛིན་གྲྭ་སོ་སོའི་ལོ་གཅིག་གི་རྩོད་མཚམས་སམ་སློབ་ཚན་རྩོད་གཞུང་ཡིག་ཆ་དང་འབྲེལ་ཡོད་རྗེ་ཡབ་སྲས་ཀྱི་གསུང་དང་། རྒྱ་གཞུང་སོགས་ལས་རྒྱུགས་ཞིབ་པས་བཏང་བའི་དྲི་བ་ཁག་ལ་ལན་འབྲི་དགོས་པ་ཡིན་ཞིང་། དྲི་བ་རྣམས་ཧ་ཅང་གསང་བ་དང་རྒྱུགས་སྤྲོད་སྐབས་ཀྱི་སྒྲིག་ལམ་ནི་ཧ་ཅང་ཞིབ་ཚགས་དང་དམ་པོ་ཡིན། འཛིན་གྲྭ་མཐོ་བའི་གྲས་ལས་རྩོད་རྒྱུགས་དང་རིག་གནས། བྲིས་རྒྱུགས་གསུམ་གྱི་སྟེང་ནས་བརྒྱ་ཆའི་ཚད་གཞི་ལྟར་དགེ་ལུགས་རྒྱུགས་སྤྲོད་ལ་གཏོང་གིན་ཡོད། སྤྱིར་རྒྱུགས་མ་འཕྲོད་པའམ་བརྒྱ་ཆ་ཨང་རིམ་གསུམ་པའི་གྲས་སུ་ཡོད་པ་རྣམས་གྲྭ་ཚང་གི་ལས་ཀ་འདྲ་མིན་ལ་བསྐོ་གཞག་བྱེད་ཀྱིན་ཡོད་ལ། ཆོས་རར་འགྲིམས་པའི་གྲངས་ཚད་མ་ལོངས་པ་རྣམས་རྒྱུགས་སྤྲོད་དུ་ཞུགས་མི་ཆོག་པར་འཛིན་གྲྭ་འོག་མའི་ནང་དུ་བཞུགས་དགོས། སྤྱིར་གྲྭ་ཚང་གི་བྲིས་རྒྱུགས་ཆེན་མོ་བོད་ཟླ་བཅུ་གཉིས་པར་ཡིན་ན་ཡང་། ད་ལོ་རྡོར་གདན་དུས་དབང་གི་རྐྱེན་གྱིས་རྒྱུགས་དུས་སྔ་བསྣུར་བྱས་ཏེ་ཟླ་འདིར་གཏོང་དགོས་བྱུང་བ་རེད།
དེ་ལས་མང་བ།...
ཚན་རིག་གི་བྲིས་རྒྱུགས་བླངས།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།སེར་བྱེས་མཁས་སྙན་གྲྭ་ཚང་གི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོའི་ཁོངས་ལས་ཚན་རིག་གི་བྲིས་རྒྱུགས་བླངས་སོང་།
དེ་ཡང་ལོ་ཤས་གོང་ནས་བཤད་གྲྭ་དང་གྲྭ་ས་ཁག་ཏུ་༧གོང་ས་༧སྐྱབས་མགོན་ཆེན་པོའི་རླབས་ཆེན་གྱི་ཕུགས་རྒྱང་རིང་བའི་དགོངས་བཞེད་ལ་ཡིད་ཆེས་དང་། བརྩི་བཀུར་ཞུས་ཏེ་སློབ་གཉེར་བ་རྣམས་ལ་ཚན་རིག་གི་འཛིན་གྲྭ་གསར་འཛུགས་དང་། ཚན་རིག་གི་སློབ་སྦྱོང་སྤྲོད་ཀྱིན་ཡོད་པར་མ་ཟད། ལོ་འཁོར་རྒྱུགས་སྤྲོད་ཀྱི་ཁོངས་སུའང་ཚན་རིག་གི་རྒྱུགས་སྤྲོད་བཞག་སྟེ། རྒྱུགས་ལེན་མུས་དང་། དགེ་ལུགས་རྒྱུགས་སྤྲོད་ཆེན་མོའི་རྒྱུགས་སྤྲོད་སློབ་ཚན་གྱི་ཁོངས་སུའང་དུས་བཅད་ཀྱིས་ཚན་རིག་གི་སློབ་ཚན་བཞག་ཡོད་པ་ལྟར། ཕྱི་ལོ་ ༢༠༡༥ ལོའི་ཟླ་ ༡༡ ཚེས་ ༤ ཉིན་གྱི་ཕྱི་དྲོར་སེར་བྱེས་ཚན་རིག་སྡེ་ཚན་དང་། སེར་བྱེས་མཁས་སྙན་གྲྭ་ཚང་གི་རྒྱུགས་ཞིབ་ལྷན་ཚོགས་གཉིས་ཀྱི་ལྟ་ཞིབ་འོག་སློབ་གཉེར་བ་རྣམས་ལ་ལོ་འཁོར་རྒྱུགས་སྤྲོད་ཆེན་མོའི་ཁོངས་ལས་ཚན་རིག་གི་བྲིས་རྒྱུགས་བཏང་སོང་། སེར་བྱེས་ཚན་རིག་སྡེ་ཚན་དང་། རྒྱུགས་ཞིབ་ལྷན་ཚོགས་གཉིས་ཀྱི་ངོ་སྤྲོད་མདོར་བསྡུས་ཤིག་ང་ཚོའི་ངོ་སྤྲོད་དུ་གསལ་བས་དེར་གཟིགས་པར་ཞུ།
སློབ་གཉེར་བའི་རྩོད་རྒྱུགས་དབུ་བཙུགས།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།སེར་བྱེས་མཁས་སྙན་གྲྭ་ཚང་གི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོ་བཞི་ལས་རྩོད་རྒྱུགས་ལེན་འགོ་ཚུགས།
དེ་རིང་ཕྱི་ལོ་ ༢༠༡༥ལོའི་ཟླ་ ༡༠ ཚེས་ ༡༩ ཉིན་ནས་སེར་བྱེས་སློབ་གཉེར་ཁང་ངམ་རྒྱུགས་ཞིབ་ལྷན་ཚོགས་ཀྱི་བཀོད་སྒྲིག་དང་སྟངས་འཛིན་གྱི་འོག་ཏུ། སེར་བྱེས་མཁས་སྙན་གྲྭ་ཚང་གི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོ་བཞིའི་ནང་ཚན་རྩོད་རྒྱུགས་ལེན་འགོ་ཚུགས། དེ་ཡང་སེར་བྱེས་གྲྭ་ཚང་གི་སློབ་གཉེར་བ་རྣམས་ལ་ལོ་གཅིག་ལ་རྒྱུགས་སྤྲོད་ཆེན་མོ་བཞི་དང་། དམིགས་བསལ་བློ་རྒྱུགས། བློ་རྒྱུགས་ཆེན་མོ་སོགས་ཡོད་ཅིང་། དེ་དག་སེར་བྱེས་སློབ་གཉེར་ཁང་ངམ་རྒྱུགས་ཞིབ་ལྷན་ཚོགས་ཀྱི་སྟངས་འཛིན་འོག་ཏུ། རྒྱུགས་སྤྲོད་སོ་སོར་ལོ་རེར་དུས་ཚེས་གཅིག་དུ་གཏན་འབེབས་བྱས་ཡོད་པ་ལྟར་འགྲོ་བཞིན་ཡོད། རྒྱུགས་སྤྲོད་ཀྱི་དུས་ཚེས་དང་སློབ་ཚན་སོགས་འཕྲིན་གསར་སྔོན་མའི་ནང་དུ་བཀོད་པ་ལྟར་ཡིན་ཞིང་། རྩོད་རྒྱུགས་ཆེན་མོའི་སྐབས་སུ་ཕྱོགས་སོ་སོ་ནས་སྡེ་ཚན་དགུ་དང་། འཛིན་གྲྭ་གཉིས་གསུམ་རེ་མཉམ་དུ་བསྡོམས་ཏེ་སྡེ་ཚན་རེ་རེར་སློབ་གཉེར་བ་བརྒྱ་ཕྲག་ཁ་ཤས་ལ་རྒྱུགས་ཞིབ་པ་དགེ་བཤེས་དང་། ལྷ་རམས་པ་ལྔ་རེའི་ལྟ་རྟོགས་དང་སྟངས་འཛིན་གྱི་འོག་ཏུ་རྩོད་རྒྱུགས་ལེན་བཞིན་ཡོད། མཁན་རིན་པོ་ཆེ་དང་དབུ་ཆོས་རྣམ་གཉིས། སློབ་གཉེར་རྒན་རྣམ་པ་བཅས་ཀྱིས་སྤྱི་ཡོངས་ལ་ལྟ་རྟོགས་དང་སྟངས་འཛིན་བྱེད་ཀྱིན་ཡོད་ལ། སློབ་གཉེར་བ་རེ་རེས་རྟགས་གསལ་དང་། ལན་འདེབས་གཉིས་ཀའི་སྟེང་ནས་རྒྱུགས་འབུལ་ཞུ་དགོས་པ་ཡིན། དྲི་བ་རེ་རེ་ཡིག་སྐོགས་རེ་ནང་དུ་བཅུག་ཡོད་པས་གསང་བ་ཡིན་ཞིང་། སོ་སོས་གང་བླངས་པའི་ཡིག་ཤུབས་ཀྱི་ནང་དུ་ཡོད་པའི་དྲི་བའི་སྟེང་ནས་རྟགས་གསལ་གཏོང་དགོས་པ་ལས་འབྲེལ་མེད་ཀྱི་གཞུང་གཞན་བཏང་མི་ཆོག་པ་ཡིན། རྩོད་རྒྱུགས་དང་ལན་འདེབས་རེ་རེར་རྩ་བའི་བརྒྱ་ཆ་ལྔ་བཅུ་རེ་ཡོད། རྩོད་རྒྱུགས་ནི་སློབ་གཉེར་བ་རྣམས་ལ་མཚོན་ན་རྒྱུགས་སྤྲོད་ཀྱི་ཁོངས་ནས་གཟབ་དགོས་ས་དང་ཞེད་ས་དེ་ཡིན། རྒྱུ་མཚན་ནི་རྒྱུགས་ཞིབ་པའི་ཁོངས་སུ་སོ་སོའི་དཔེ་ཁྲིད་ཀྱི་དགེ་རྒན་ཡོད་ལ། མི་བརྒྱ་ཕྲག་མང་པོའི་གྲས་ནས་གཅིག་པུ་ཡར་ལངས་ཏེ་རྟགས་གསལ་དང་ལེན་འདེབས་བྱེད་དགོས་པའི་སྤོབས་པ་ཆུང་བའི་ཁྲོད་ནས་འདར་སིག་བྱེད་མཁན་ཡང་འོང་གི་ཡོད།