-
མདུན་ངོས།
-
འཕྲིན་གསར།
- གནས་འཕྲིན་གཞན།
གནས་འཕྲིན་གཞན། (33)
༧སྐུའི་གོ་སྟོན་སྲུང་བརྩི་དང་འབྲེལ་ཉེ་བའི་གཙུག་ལག་རབ་འབྱམས་བསླབ་པ་མཐར་སོན་གྱི་མཛད་སྒོ་འཚོགས་པ།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཨ་རིའི་གསེར་གྱི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་བཅོ་བརྒྱད་འཁོར་བའི་དུས་ཚེས་བཟང་པོར་སེར་བྱེས་བཀྲ་ཤིས་ཆོས་གླིང་ཤེས་ཡོན་ལྟེ་གནས་ཁང་དུ། སེར་བྱེས་མཁས་སྙན་གྲྭ་ཚང་ནས་༧སྐུའི་གོ་སྟོན་དང་བྱམས་བརྩེའི་ལོ་སྲུང་བརྩི་དང་འབྲེལ། མེ་སོར་གཙུག་ལག་སློབ་གཉེར་ཁང་གི་ངོས་བཞེས་ཡོད་པའི་སེར་བྱེས་ཆེད་སྦྱོང་ཉེ་བའི་གཙུག་ལག་རབ་འབྱམས་ཀྱི་སྐབས་དང་པོའི་བསླབ་པ་མཐར་སོན་གྱི་མཛད་སྒོ་འཚོགས་ཡོད་པ་དང་། མཛད་སྒོའི་སྐུ་མགྲོན་དུ་རྒྱ་གར་ཀར་ན་ཊ་ཀ་མངའ་སྡེ་གཞུང་གི་ཤེས་རིག་བློན་ཆེན་ཨེམ་ སི་ སུ་དྷ་ཀར་ (Dr. MC Sudhakar, Minister for Higher Education, Karnataka) མཆོག་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག །མཚུངས་མེད་ཤར་པ་ཆོས་རྗེ་༧རྗེ་བཙུན་ངག་དབང་འབྱོར་ལྡན་དཔལ་བཟང་པོ་མཆོག །མེ་སོར་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་སློབ་དཔོན་ལོ་ཀཱ་ནཱ་ཏ་ ཨེན་ ཀི་ (Prof LoKanath N.K, Vice Chancellor of the University of Mysore) མཆོག །སེར་བྱེས་མཁན་རིན་པོ་ཆེ་དགེ་བཤེས་བཀྲ་ཤིས་ཚེ་ཐར་མཆོག་དང་མཁན་ཟུར་རྣམ་པ། སྦེལ་ཀོབ་ལུགས་ཟུང་བསམ་འགྲུབ་གླིང་དང་སྦེལ་ཀོབ་བདེ་སྐྱིད་སླར་གསོ་གཞིས་ཆགས་གཉིས་ཀྱི་ས་གནས་འགོ་འཛིན། གཞན་ཡང་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་ཁག་ཅིག །སེ་ར་ཚོགས་ཆེན་དང་བྱེས་སྨད་གཉིས་ཀྱི་ཁྲིམས་བདག་དགེ་བསྐོས་དང་དབུ་མཛད་རྣམ་པ། སེར་བྱེས་གྲྭ་ཚང་གི་ཕྱག་མཛོད་རྣམ་པ། སེར་བྱེས་ཆེད་སྦྱོང་ཉེ་བའི་གཙུག་ལག་རབ་འབྱམས་ཀྱི་སྐབས་དང་པོའི་བསླབ་པ་མཐར་སོན་གྱི་སློབ་མ་རྣམ་པ། མཛད་སྒོར་བཅར་བའི་དགེ་འདུན་པ་བཅས་ལྷན་འཛོམས་ཀྱིས་མཛད་སྒོ་སྲུང་བརྩི་ཞུས།
མཛད་སྒོའི་དབུ་ཚུགས་པར་རྟེན་འབྲེལ་སྣང་གསལ་ཞལ་འབྱེད་དང་འབྲེལ་སེར་བྱེས་མཁན་རིན་པོ་ཆེ་མཆོག་ནས་ ༧རྒྱལ་བའི་གོ་སྟོན་སྲུང་བརྩི་དང་བསླབ་པ་མཐར་སོན་གྱི་མཛད་སྒོ་དབུ་འབྱེད་ཀྱི་གསུང་བཤད་དང་། སེར་བྱེས་དེང་དུས་ཤེས་ཡོན་འགན་འཛིན་ནས་ཆེད་སྦྱོང་ཉེ་བའི་གཙུག་ལག་རབ་འབྱམས་ཀྱི་བརྒྱུད་རིམ་སྐོར་ངོ་སྤྲོད་གནང་། དེ་ནས་རྒྱ་གར་ཀར་ན་ཊ་ཀ་མངའ་སྡེ་གཞུང་གི་ཤེས་རིག་བློན་ཆེན་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག །མེ་སོར་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་མཆོག་དང་སེར་བྱེས་མཁན་རིན་པོ་ཆེ་མཆོག་བཅས་ནས་བསླབ་པ་མཐར་སོན་པའི་སློབ་མ་རྣམས་ལ་ཕྱག་འཁྱེར་གནང་། དེ་ནས་ཀར་ན་ཊ་ཀ་མངའ་སྡེ་གཞུང་གི་ཤེས་རིག་བློན་ཆེན་མཆོག་དང་མེ་སོར་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་མཆོག་རྣམ་གཉིས་ནས་བསླབ་པ་མཐར་སོན་གྱི་མཛད་སྒོ་དང་འབྲེལ་བའི་གཏམ་བཤད་གནང་། དེ་ནས་ཉེ་བའི་གཙུག་ལག་རབ་འབྱམས་ཀྱི་བསླབ་གཞི་བོད་ཡིག་ཅན་དང་དབྱིན་ཡིག་ཅན། ཉེ་བའི་གཙུག་ལག་རབ་འབྱམས་ཀྱི་སློབ་གཉེར་བ་རྣམ་པའི་དཔྱད་རྩོམ་ཕྱོགས་བསྒྲིགས་སོགས་དཔེ་དེབ་གྲངས་བཅུ་གཉིས་དབུ་འབྱེད་གནང་བ་བཅས་ཀྱིས་མཛད་སྒོའི་ཚོགས་ཐུན་དང་པོ་གྲུབ།
ཚོགས་ཐུན་གཉིས་པར་སྦེལ་ཀོབ་ལུགས་བསམ་ས་གནས་འགོ་འཛིན་དགེ་ལེགས་འབྱུང་གནས་ལགས་དང་། མཚུངས་མེད་ཤར་པ་ཆོས་རྗེ་༧རྗེ་བཙུན་ངག་དབང་འབྱོར་ལྡན་དཔལ་བཟང་པོ་མཆོག །བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་བཅས་ཀྱིས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་། དེ་ནས་སེར་བྱེས་མཁས་སྙན་གྲྭ་ཚང་གི་ཁོངས་གཏོགས་སྤྱི་ཚོགས་ཞབས་ཞུ་ཞུས་ནས་ལོ་ ༡༥ ལྷག་སོན་ཅིང་ས་གནས་མི་མང་ནས་སྤྱི་ཚོགས་ཞབས་ཞུ་བར་ངོས་འཛིན་ཐོབ་པའི་མི་སྣ་གྲགས་ཅན་ལྔ་ལ་སྤྱི་ཚོགས་ཞབས་ཞུའི་གཟེངས་རྟགས་དང་ཆེ་བསྟོད་ཀྱི་ཕྱག་འཁྱེར་ཕུལ། དེ་ནས་སེར་བྱེས་ནིའོ་སི་འཛིན་གྲྭ་བཅུ་གཉིས་པའི་སློབ་གཉེར་ཁང་དབུ་འབྱེད་དང་འབྲེལ་སེར་བྱེས་ནིའོ་སིའི་ཁོངས་གཏོགས་ཀྱི་སློབ་གཉེར་བ་རྣམས་ལ་འཛིན་གྲྭ་བཅུ་པའི་ཕྱག་འཁྱེར། སེར་བྱེས་སྒྲ་སྒྱུར་སྡེ་ཚན་གྱི་ལོ་ཙཱ་བའི་སློབ་ཐོན་པ་རྣམས་ལ་ཕྱག་འཁྱེར་གནང་བ་དང་། སེར་བྱེས་ཕྱག་མཛོད་ཆེན་མོ་ནས་མཛད་སྒོའི་མཇུག་སྡོམ་དང་ཐུགས་རྗེ་ཆེ་ཞུ་བའི་གསུང་བཤད་བཅས་གནང་སྟེ་མཛད་སྒོ་ལེགས་པར་གྲོལ།
སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་ཁང་ནས། ཕྱི་ལོ་༢༠༢༥ཟླ་༡༠ཚེས་༡༨ལ།
འདྲ་པར་རྣམས་གྲྭ་ཚང་གི་ངོ་དེབ་ལས་བྱུང་བ་ཡིན།
དེ་ལས་མང་བ།...
སེར་བྱེས་རིག་མཛོད་ཆེན་མོའི་དྲྭ་ཚིགས་སྒོ་འབྱེད་བྱས་ནས་ལོ་བཅུ་འཁོར་བར་གྲྭ་ཚང་ནས་རྟེན་འབྲེལ་ཞུས་པ།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།༄༅། །ཕྱི་ལོ་ ༢༠༡༥ ཟླ་བ་༨ ཚེས་༡༩ ཉིན་སེར་བྱེས་མཁས་སྙན་གྲྭ་ཚང་གིས་དེང་རབས་ཀྱི་འགྱུར་འགྲོས་དང་བསྟུན་ནས་སློབ་གཉེར་བ་རྣམས་ཀྱི་དགོས་མཁོ་ལ་དམིགས་པའི་སེར་བྱེས་རིག་མཛོད་ཆེན་མོའི་དྲྭ་ཚིགས་ (www.serajeyrigzodchenmo.org) འདི་ཉིད་དངོས་སུ་དབུ་འབྱེད་བསྐྱངས་ནས། ༢༠༢༥ ཟླ་བ་༨ ཚེས་༡༩ ཉིན་ལོ་ངོ་བཅུ་ཧྲིལ་པོ་འཁོར་བའི་དུས་དྲན་ཁྱད་པར་ཅན་ཉིན་འཚམས་འདྲི་དང་སྦྲགས། དྲྭ་ཚིགས་འདིར་དངོས་སུ་མཉམ་ཞུགས་གནང་ནས་རིས་མེད་མཁས་དབང་རྣམས་ཀྱི་གསུང་འཕྲུལ་དེབ་དང་སྒྲ་མཛོད་སོགས་ལ་གསན་གཟིགས་གནང་མཁན་དོན་གཉེར་ཅན་རྣམས་དང་ཐུགས་ཁུར་གནང་མཁན་ཡོངས་ལ་བཀའ་དྲིན་ཆེ་ཞུ་རྒྱུ་དང་། དྲྭ་ཚིགས་འདིའི་བརྒྱུད་ནས་བོད་ཕྱི་ནང་གི་སློབ་གཉེར་བ་མང་དག་ཅིག་ལ་ཧ་ཅང་གི་ཕན་ཐོགས་རླབས་ཆེན་ཐོན་ཐུབ་པ་བྱུང་ཡོད། མ་ཟད་དྲྭ་ཚིགས་འདིར་བལྟ་ཀློག་གནང་མཁན་ཡང་ལོ་རེར་ཇེ་མང་དུ་འགྲོ་བཞིན་ཡོད། སྤྱིར་རིག་མཛོད་ཀྱི་ལས་གཞི་ནི་ཕྱི་ལོ་ ༢༠༡༤ ཟླ་བ་ ༡༠ པའི་ནང་དབུ་འཛུགས་ཞུས་པ་ཞིག་ཡིན།
<སེར་བྱེས་རིག་མཛོད་ཆེན་མོའི་>དྲྭ་ཚིགས་འདི་ཉིད་རང་རེའི་ཆོས་རིག་སྲུང་སྐྱོབ་དང་དར་སྤེལ་ཆོས་རིག་ལ་མོས་པ་ཆེ་བའི་དོན་གཉེར་ཅན་དག་གི་ཆེད་དུ་གསར་བཟོ་དང་སྒྲིག་བཀོད་བྱས་པ་ཞིག་ཡིན་པ་དང་། དྲྭ་ངོས་སུ་ལེ་ཚན་གང་མང་ཞིག་ཡོད་པ་ལས། རིས་མེད་མཁས་པའི་གསུང་མདོ་སྔགས་གཞུང་ཆེན་སོགས་བརྒྱ་ཕྲག་མང་པོ་ཞིག་བཞག་ཡོད་པ་དང་། ༸གོང་ས་མཆོག་དང་དཔེ་ཁྲིད་དགེ་རྒན་རྣམས་ཀྱི་ནང་ཆོས་ངོ་སྤྲོད་དང་དཔེ་ཁྲིད་སོགས་སྒྲ་སྡུད་འཕྲུལ་ཆས་སུ་ཕབ་ལེན། གྲྭ་ཚང་གི་ལོ་ཐོ་དང་གཞན་ཡང་ལོ་འཁོར་བྱེད་སྒོ་གལ་ཆེ་བ་སོགས་སྤྱི་སྒེར་ལ་སྨན་པའི་ལས་གཞི་གང་མང་ཞིག་མུ་མཐུད་དེ་འགྲོ་བཞིན་ཡོད། #www.serajeyrigzodchenmo.org #serajeyrigzodchenmo
ཕྱག་མཛོད་སྐབས་ཉེར་བཞི་པའི་ལས་ཁུར་དབུ་ཚུགས།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།ཕྱི་ལོ་༢༠༢༥ ཟླ་༤ ཚེས་༡ ཉིན་སེར་བྱེས་མཁས་སྙན་གྲྭ་ཚང་གི་ཕྱག་མཛོད་གསར་པ། ཕྱག་མཛོད་ཆེན་མོ་དགེ་བཤེས་བློ་བཟང་ནོར་བུ་དང་། ཕྱག་མཛོད་དགེ་བཤེས་བློ་བཟང་མཁས་གྲུབ། ཕྱག་མཛོད་དགེ་བཤེས་མགོན་པོ་དགྲ་འདུལ། ཕྱག་མཛོད་དགེ་བཤེས་ངག་དབང་སྙིང་རྗེ་བཅས་ཕྱག་མཛོད་རྣམ་པས་ྋསྐྱབས་རྗེ་མཁན་རིན་པོ་ཆེ་མཆོག་མཇལ་ཁ་ཞུས་ནས་ཕྱག་མཛོད་སྐབས་༢༤པའི་ལས་ཁུར་དངོས་སུ་དབུ་འཛུགས་གནང་། ཕྱག་མཛོད་རྣམ་པར་འཚམས་འདྲི་དང་བཅས་སྐབས་བབས་ཀྱི་བྱེད་སྒོ་ལས་དོན་མཐའ་དག་གེགས་མེད་ལམ་ལྷོངས་ཡོང་བར་སྨོན།
སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་ཁང་ནས། ཕྱི་ལོ་༢༠༢༥ཟླ་ ༤ ཚེས་ ༢ ལ།