- མདུན་ངོས།
- འཕྲིན་གསར།
- འཚམས་འདྲི་སོགས།
འཚམས་འདྲི་སོགས། (33)
ཁང་སེར་རིན་པོ་ཆེ་རྒྱུད་སྟོད་བླ་མ་དབུ་མཛད་དུ་བསྐོ་བཞག་མཛད་པ།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།ྋསྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་སེར་བྱེས་ཧར་གདོང་སྐྱབས་རྗེ་ཁང་སེར་རིན་པོ་ཆེ་མཆོག་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་བླ་མ་དབུ་མཛད་དུ་བསྐོ་བཞག་མཛད་པར་དགའ་དད་སྤྲོ་གསུམ་གྱིས་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ།
བསྟན་པའི་སྒྲོན་མེ་སྐྱབས་རྗེ་ཁང་སེར་སྐུ་ཕྲེང་བརྒྱད་པ་ྋརྗེ་བཙུན་བསྟན་འཛིན་ཚུལ་ཁྲིམས་དཔལ་ལྡན་དཔལ་བཟང་པོ་མཆོག་ནི། ཕྱི་ལོ་༡༩༧༥ལོར་བལ་ཡུལ་དུ་སྐུ་བལྟམས། ཕྱི་ལོ་༡༩༨༠ལོར་གདན་ས་ཆེན་པོ་སེར་བྱེས་མཁས་སྙན་གྲྭ་ཚང་དུ་ཆོས་ཞུགས་དང་ཁྲི་འདོན་མཛད། དེ་ནས་སེར་བྱེས་གྲྭ་ཚང་དུ་གཞུང་ཆེན་ཁག་ལ་ཐོས་བསམ་སློབ་གཉེར་ཚད་ལྡན་མཛད་པའི་ཞོར་ལ་སུམ་རྟགས་དང་སྙན་ངག་སོགས་བོད་ཀྱི་ཐུན་མིན་རིག་གནས་དང་། དབྱིན་ཇི་དང་རྒྱ་གར། བལ་བོ་སོགས་ཀྱི་སྐད་ཡིག་ཀྱང་བྱང་ཆུབ་པར་སྦྱངས།
༢༠༠༢ལོར་གཞུང་ཆེན་བཀའ་པོད་ལྔའི་ཐོས་བསམ་སློབ་གཉེར་མཐར་ཕྱིན་པར་མཛད་དེ། དགེ་བཤེས་ལྷ་རམས་པ་ཨང་རིམ་དང་པོའི་དང་པོའི་མཚན་གནས་བཞེས། དེ་ནས་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་དུ་གསང་སྔགས་ཀྱི་གཞུང་ལ་ཐོས་བསམ་སློབ་གཉེར་མཐར་ཕྱིན་ནས་ཕྱི་ལོ་༢༠༠༥ལོར་སྔགས་རམས་པ་ཨང་དང་པོའི་དང་པོའི་མཚན་གནས་ཀྱང་བཞེས།
ལོ་མང་པོར་སེར་བྱེས་མཁས་སྙན་གྲྭ་ཚང་དུ་སློབ་གཉེར་བ་བརྒྱ་ཕྲག་ལ་གཞུང་ཆེན་ཁག་གི་དཔེ་ཁྲིད་རྒྱུན་རིང་གནང་བ་དང་། ཞོར་ལ་དོན་གཉེར་ཅན་མང་པོ་ལ་ནང་ཆོས་ངོ་སྤྲོད་དང་། ནང་ཆོས་དང་འབྲེལ་བའི་སེམས་ཁམས་རིག་པ་སོགས་ངོ་སྤྲོད་མཛད།
རྒྱ་གར་མ་རྡ་ར་སི་མཐོ་སློབ་ཀྱིས་གདན་ཞུས་དགེ་རྒན་ཆེན་མོའི་མཚན་གནས་ཕུལ་བ་དང་། བྷེང་ལོར་དང་མ་རྡ་ར་སི་སོགས་ཀྱི་མཐོ་སློབ་ཁག་ཅིག་ཏུ་ནང་ཆོས་དང་འབྲེལ་བའི་སློབ་ཁྲིད་རྒྱུན་རིང་མཛད། སྐབས་སྐབས་སུ་ཤར་ནུབ་ཀྱི་ཚན་རིག་པ་དང་སློབ་དཔོན། ཞིབ་འཇུག་པ་སོགས་མང་པོ་དང་ལྷན་ནང་ཆོས་དང་འབྲེལ་པའི་གོ་བསྡུར་བགྲོ་གླེང་ཡང་ཡང་གནང་།
༢༠༠༡ལོར་བལ་ཡུལ་ཏི་རི་བ་བན་མཐོ་རིམ་སློབ་གྲྭ་ཆེན་མོའི་གཙུག་ལག་སློབ་དཔོན་ཆེན་མོའི་མཚན་གསོལ། ༢༠༠༧ལོར་བལ་ཡུལ་Himalayan Buddist Foundationགཙོ་འཛིན་གྱི་མཚན་གནས་ཐོབ། ཕྱི་ལོ་༢༠༡༣ལོར་སོག་པོ་རྒྱལ་གཞུང་གིས་ཆེ་བསྟོད་གཟེངས་རྟགས་ཕུལ་བ་སོགས་མཛད་འཕྲིན་ཡར་ངོའི་ཟླ་བ་ལྟར་རྒྱས་བཞིན་པ་ལགས་སོ།།
དེ་ལས་མང་བ།...
ྋགོང་ས་མཆོག་དགུང་གྲངས་༨༨ལ་ཕེབས་པའི་སྐུའི་འཁྲུངས་སྐར་འཚམས་འདྲི།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།རིས་མེད་མཁས་པའི་ལེགས་བཤད་རྒྱ་མཚོ་ངོམས་མེད་ཐུགས་ཀྱི་ཀློང་དུ་ཆུབ།།
བསམ་གཞིག་བཙོ་སྦྱང་ཞུན་ཐར་བཅད་དེ་སྒྲོ་འདོགས་མིང་གི་ལྷག་མར་བྱས།།
གུས་རྟག་བརྩོན་པས་ཉམས་སུ་བསྟར་བས་ཉམས་མྱོང་ཚད་མའི་ཉི་གཞོན་ཤར།།
སྟོང་ཉིད་སྙིང་རྗེ་སྙིང་པོར་སྦྲུམ་པའི་ལེགས་བཤད་འོད་དཀར་ཁྱེད་ཀྱིས་སྤྲོ།།
རྒྱལ་བ་ཐམས་ཅད་ཀྱི་མཁྱེན་བརྩེ་ནུས་གསུམ་གསུམ་ལྡན་ངུར་སྨྲིག་འཛིན་པའི་རྣམ་པར་རོལ་པ། འཇིག་རྟེན་ཞི་བདེའི་ལམ་སྟོན་པ་ཆེན་པོ། ྋསྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ྋརྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་ཕྱི་ལུགས་ལྟར་གྱི་དགུང་གྲངས་ ༨༨ ལ་ཕེབས་པའི་སྐུའི་འཁྲུངས་སྐར་གྱི་དུས་ཚེས་བཟང་པོར། སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་ཁང་ནས་དགའ་དད་སྤྲོ་གསུམ་གྱིས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ།
༢༠༢༣།༠༧།༠༦ལ་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་ཁང་ནས།
༄༅། །ཕྱི་ལོ་ ༢༠༢༣ ལོའི་ྋརྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་སློབ་ཡོན།
ྋརྒྱལ་ཀུན་སྙིང་རྗེའི་རང་གཟུགས་ྋའཕགས་མཆོག་ཐུགས་རྗེའི་གཏེར་ཆེན་གང་ཉིད་ནས་ནམ་མཁའི་མཐས་གཏུགས་པའི་སྐྱེ་འགྲོ་ཡོངས་ཀྱི་འཕྲལ་ཡུན་ཕན་བདེའི་གཞི་རྩར་སྤྲུལ་པ་དང་ཡང་སྤྲུལ་དཔག་ཏུ་མེད་པ་འགྱེད་ཅིང་། ཟབ་ཅིང་རྒྱ་ཆེའི་ཆོས་འཁོར་རྒྱུན་མི་ཆད་དུ་བསྐོར་ཏེ། ྋརྒྱལ་མཆོག་དགེ་འདུན་གྲུབ་པ་ནས་བཟུང་བདག་ཅག་འགྲོ་བ་སྤྱི་དང་བྱེ་བྲག་རི་བོ་གངས་ཅན་པའི་བསྟན་དང་འགྲོ་བའི་དོན་དུ་སྐུ་ངལ་ཚད་མེད་བསྐྱོན་གནང་མཛད་པ་དང་། ལྷག་པར་དུ་ཡང་ྋརྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་གང་ཉིད་སྐུ་ན་ཤིན་ཏུ་ཕྲ་མོའི་དུས་ནས་བཟུང་བྱ་དཀའ་ལ་གྲངས་མེད་པའི་རྒྱལ་སྲས་ཀྱི་སྤྱོད་པ་དཔག་ཏུ་མེད་པ་སྐུ་ཉམས་སུ་བསྟར་ཏེ། རིས་སུ་མ་ཆད་པའི་བསྟན་འགྲོའི་མཛད་འཕྲིན་མཁའ་ཁྱབ་ཏུ་བསྐྱངས་དང་ སྐྱོང་བཞིན་པ་ནི། འཇིག་རྟེན་སྐྱེ་འགྲོ་སྤྱི་དང་། བྱེ་བྲག་ཁ་བ་རི་པ་རྣམས་ཀྱི་བཀའ་དྲིན་གྱི་ཆ་ཕྲ་མོ་ཙམ་ཡང་གཞལ་དཀའ་བའི་གནས་ལགས་ཤིང་། ངེད་ཅག་བོད་འབངས་ཡོངས་ཀྱི་ྋསྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་དྲིན་བསྐྱངས་དང་སྐྱོང་བཞིན་པ་ནི་བརྗེད་མི་ཕོད་པ་བཞིན། འདི་ག་སེར་བྱེས་གྲྭ་ཚང་ནས་རྗེས་དྲན་གྱི་ཆ་ཕྲ་མོ་ཙམ་བསྒྲུབ་སླད་ྋརྒྱལ་དབང་མཆོག་གི་སྐུའི་འཁྲུངས་སྐར་དགེ་བའི་ཉིན་དང་བསྟུན་ལུགས་བདེ་གཉིས་ཀྱི་གཙོས་མཐོ་སློབ་འགྲིམ་བཞིན་པའི་སློབ་ཕྲུག་འདེམས་ཐོན་བྱུང་བ་རྣམས་ལ་ད་བར་རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་སློབ་ཡོན་ཐེངས་བརྒྱད་ཕུལ་ཡོད་ལ། འདི་ལོ་ཡང་ལུགས་བདེ་གཉིས་དང་། ཨོ་རི་ས། བྷན་དཱ་ར། བོད་ནས་གསར་དུ་འབྱོར་བ་བཅས་སློབ་ཕྲུག་གྲངས་ ༢༧ དང་། ས་གནས་རྒྱ་གར་ཡུལ་མི་མཐོ་རིམ་སློབ་མ་གཅིག་དང་། འཛིན་རིམ་བཅུ་གཅིག་དང་བཅུ་གཉིས་ཀྱི་སློབ་མ་དྲུག་བཅས་བསྡོམས་དགོས་ངེས་ཅན་གྱི་སློབ་ཕྲུག་གྲངས་ ༧ ལ་ཕྱི་ལོ་ ༢༠༢༣ ལོའི་ྋརྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་སློབ་ཡོན་འབུལ་རྒྱུའི་མཚན་གཞུང་ཟུར་སྦྱར་ནང་གསལ་ལྟར།
སེར་བྱེས་གྲྭ་ཚང་ནས་ཕྱི་ལོ་ ༢༠༢༣ ཟླ་ ༧ ཚེས་ ༦ ཉིན།
༢༠༢༣ ལོ་གསར་འཚམས་འདྲི།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།༄༅། །བོད་རྒྱལ་ལོ་༢༡༥༠ཆུ་མོ་ཡོས་ཀྱི་གནམ་ལོ་གསར་ཚེས་ལ་བཀྲ་ཤིས་བདེ་ལེགས་ཞུ། །
སྣོད་ལ་གཡང་ཆགས་ཟས་གོས་གནས་མལ་མཁོ་དགུའི་ལོངས་སྤྱོད་རྒྱས། །
བཅུད་ལ་གཡང་ཆགས་ཤེས་རིག་ལྷག་བསམ་གཞན་ཕན་བྱ་བར་བརྩོན། །
སྣོད་བཅུད་མཐུན་གནས་ནད་མུག་འཁྲུག་རྩོད་རང་བྱུང་གནོད་པ་ཞི། །
དགེ་ལེགས་དཔལ་ཡོན་ཀུན་ཏུ་རྒྱས་པས་གངས་རིའི་ལྗོངས་ཆེན་ཤིས་གྱུར་ཅིག །
བོད་རྒྱལ་ལོ་ ༢༡༥༠ གནམ་ལོ་གསར་ཚེས་ཀྱི་བཀྲ་ཤིས་དུས་བཟང་ལ། རིགས་རུས་གདུང་རྒྱུད་གཅིག་ལས་མཆེད་ཅིང་སྐད་ཡིག་རིག་གནས་གཅིག་གིས་བསྡུས་པའི་སྤུན་ཟླ་ཡོངས་དང་། དངོས་ཤུགས་བརྒྱུད་གསུམ་ནས་རྒྱབ་སྐྱོར་དང་རོགས་རམས་གནང་མཁན་འཛམ་གླིང་གང་སར་གནས་པའི་གྲོགས་ཕོ་མོ་ཡོངས་ལ་འཚམ་འདྲིའི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ།།
སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་ཁང་ནས། ༢༠༢༣།༠༢།༢༡ལ།