-
མདུན་ངོས།
-
འཕྲིན་གསར།
- འཚམས་འདྲི་སོགས།

འཚམས་འདྲི་སོགས། (35)
ྋགོང་ས་མཆོག་དགུང་གྲངས་༩༠ལ་ཕེབས་པའི་སྐུའི་འཁྲུངས་སྐར་འཚམས་འདྲི།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།ཟག་མེད་བདེ་ཆེན་ཆོས་ཀྱི་དབྱིངས་སུ་ལྡང་བ་མེད་པར་མཉམ་བཞག་ཀྱང་། །
ཚད་མེད་ཐུགས་རྗེས་དྲག་ཏུ་བསྐུལ་བས་རྒྱུན་ཆད་མེད་པའི་འཕྲིན་ལས་གྱི། །
ངེས་མེད་རོལ་གར་ཅི་ཡང་སྒྱུར་ལ་ངལ་བ་མེད་པའི་ཐུགས་སྟོབས་ཅན། །
འཇིག་རྟེན་མགོན་པོ་འཛུམ་པའི་ཞལ་གྱིས་ས་གསུམ་དགེ་ལེགས་ཉིད་གྱུར་ཅིག །
ལྷར་བཅས་སྲིད་ཞིའི་གཙུག་རྒྱན་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་ཁ་བ་རི་པ་རྣམས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ། ྋསྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་ྋརྗེ་བཙུན་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་བསྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་༩༠ ལ་ཕེབས་པའི་སྐུ་ཡི་འཁྲུངས་སྐར་གྱི་དུས་ཚེས་བཟང་པོའི་ཉིན། དགའ་དད་སྤྲོ་གསུམ་གྱི་སྒོ་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་བ་དང་ཆབས་ཅིག །ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་འཁོར་ལོ་རྒྱུན་མི་འཆད་དུ་སྐོར་བཞིན་པར་འགྲོ་བ་མིའི་རིགས་སྤྱི་དང་ཁྱད་པར་དུ་མགོན་པོ་གང་ཉིད་ལ་མི་ཕྱེད་པའི་དད་པ་དང་ལྡན་པའི་གུས་འབངས་ཡོངས་ཀྱི་ལམ་སྟོན་གྱི་སྒྲོན་མེ་དང་བསོད་ནམས་ཀྱི་ཞིང་དམ་པར་ཞབས་ཟུང་མི་ཤིགས་རྡོ་རྗེའི་ཁྲི་འཕང་མཐོན་པོར་བསྐལ་བརྒྱར་གཡོ་བ་མེད་པར་བརྟན་པར་བཞུགས་པའི་གསོལ་འདེབས་གྲངས་མེད་ཞུ།།
སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་ཁང་ནས།
༢༠༢༥ལོའི་ཟླ་༧ཚེས་༦ལ།
གྲྭ་ཚང་རིན་པོ་ཆེ་ནས་འཁྲུངས་སྐར་སྲུང་བརྩི་ཞུས་པ།
༄༅། །ལྷར་བཅས་སྲིད་ཞིའི་གཙུག་རྒྱན་༸གོང་ས་ལྷ་མིའི་རྣམ་འདྲེན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ། ངེས་པ་དོན་གྱི་སླད་དུ་མཚན་ནས་སྨོས་ན་རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་བསྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་མཆོག །བོད་ཤིང་ཕག་ཟླ་བ་༥ ཚེས་༥ དང་། ཕྱི་ལོ་༡༩༣༥ ཟླ་བ་༧ ཚེས་༦ ཉིན་བོད་བྱང་ཤར་མདོ་སྨད་སྟག་ཚེར་ཡུལ་དུ་གཟིགས་པ་ལྔ་ལས་མ་འདས་པར་ངོ་མཚར་བའི་ལྟས་དུ་མ་དང་བཅས་སྐུ་བལྟམས་ནས། ད་ཆ་ཕྱི་ལུགས་ལྟར་དགུང་གྲངས་༩༠ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་ཁྱད་པར་ཅན་བཀྲིས་དགའ་བ་འབུམ་ལྡན་གྱི་ཉིན་མོར། འཕགས་ཡུལ་སེར་བྱེས་མཁས་སྙན་གྲྭ་ཚང་གི་མཁན་བླ་འདུས་མང་ཡོངས་ནས་སྒོ་གསུམ་གུས་ཕྱག་དང་བཅས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་གང་གི་སྐུ་ཚེ་ཞབས་པད་ཁྲི་ལོར་བརྟན་ཅིང་། མཛད་འཕྲིན་མཐའ་དབུས་ཡུལ་གྲུ་ཀུན་ཏུ་ཁྱབ་པ་དང་། ཐུགས་ཀྱི་བཞེད་དགོངས་ཐ་དག་ལྷུན་གྱི་གྲུབ་པའི་སྨོན་འདུན་ཤུགས་དྲག་ཞུ་བཞིན་པ་བཅས། དེ་རིང་འདི་ག་གྲྭ་ཚང་དུ་སྐུའི་འཁྲུངས་སྐར་མཛད་རིམ་བཞིན་སྲུང་བརྩི་ཞུས་པའི་རྣམ་པ་གཤམ་གསལ། སྔ་དྲོ་ཆུ་ཚོད་༧།༡༥ ཐོག་འདུས་མང་ཡོངས་གྲྭ་ཚང་གི་གཙུག་ལག་ཁང་དུ་འདུ་འཛོམས་གནང་སྟེ། ༸རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་སྤོས་སྣ་དང་བཅས་གདན་ཞུས་ཀྱིས་མི་འཇིགས་སེང་གེའི་ཁྲིར་བཞུགས་སུ་གསོལ་ཅིང་། བཞུགས་ཁྲིར་འཁོད་མ་ཐག་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་ཅིང་། དབུ་མཛད་ཆེན་མོ་མཆོག་ནས་ཞལ་འདོན་དབུ་སྐུལ་གྱིས་༸རྒྱལ་བའི་ཞབས་བརྟན་སོགས་གསུང་འདོན་གནང་། དེ་རྗེས་འདུས་ཚོགས་སུ་གསོལ་ཇ་འབྲས་སིལ་དང་བཞེས་བག་བཅས་འདེགས་འབུལ་ཞུས། དེ་ནས་ཁྲིམས་བདག་དགེ་བསྐོས་མཆོག་ནས་༸རྒྱལ་བའི་མཛད་རྣམ་ངོ་སྤྲོད་གནང་ཞིང་། མཛད་རྣམ་ངོ་སྤྲོད་གྲུབ་མཚམས་སྣང་གསལ་ཞལ་ཕྱེ་གནང་བ་དང་སྐུ་ཡི་འཁྲུངས་སྐར་རྟེན་འབྲེལ་གྱི་མཆོད་པ་སྤྲི་གོར་ (CAKE) བཏུབས་གནང་ཡོད། དུས་མཚུངས་དགེ་འདུན་འདུས་མང་ཡོངས་ལ་སྤྲི་གོར་ཕུལ་བ་དང་། གྲྭ་ཚང་ཕྱག་སྦུག་ཁང་ནས་དགེ་འདུན་མང་ལ་སྐུ་འགྱེད་བཅས་ཕུལ་ཡོད། མཇུག་ཏུ་དབུ་མཛད་ཆེན་མོ་ནས་ཞལ་འདོན་དབུ་སྐུལ་ཐོག་བཀྲིས་ཚིག་བཅད་སོགས་གསུངས་ནས་འཁྲུངས་སྐར་དགའ་སྟོན་གྱི་མཛད་སྒོ་ལེགས་པར་གྲུབ།
དེ་ལས་མང་བ།...
བོད་རྒྱལ་ལོ་༢༡༥༢ཤིང་མོ་སྦྲུལ་ལོའི་གནམ་ལོ་གསར་ཚེས་ཀྱི་འཚམས་འདྲི།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།བོད་རྒྱལ་ལོ་༢༡༥༢ཤིང་མོ་སྦྲུལ་ལོའི་གནམ་ལོ་གསར་ཚེས་ལ་བཀྲ་ཤིས་བདེ་ལེགས་ཞུ།
ཤེས་རིག་ཡོན་ཏན་ཡར་ངོའི་ཟླ་བཞིན་འཕེལ། །
ཡ་རབས་དམ་པའི་ལུགས་བཟང་དབུ་འཕང་མཐོ། །
སྟོབས་དང་མངའ་ཐང་མཁོ་རྒུའི་ལོངས་སྤྱོད་འཛོམས། །
གངས་རིའི་ལྗོངས་ལ་བཀྲ་ཤིས་དགེ་མཚན་འབར། །
བོད་རྒྱལ་ལོ་༢༡༥༢ཤིང་མོ་སྦྲུལ་ལོའི་གནམ་ལོ་གསར་ཚེས་ཀྱི་བཀྲ་ཤིས་དུས་བཟང་ལ། རིགས་རུས་གདུང་རྒྱུད་གཅིག་ལས་མཆེད་ཅིང་སྐད་ཡིག་རིག་གནས་གཅིག་གིས་བསྡུས་པའི་སྤུན་ཟླ་ཡོངས་དང་། བོད་མི་རིགས་རིག་གནས་དང་བཅས་པར་དངོས་ཤུགས་བརྒྱུད་གསུམ་ནས་རྒྱབ་སྐྱོར་དང་རོགས་རམས་གནང་མཁན་འཛམ་གླིང་གང་སར་བཞུགས་པའི་མཆེད་གྲོགས་ཕོ་མོ་ཡོངས་ལ་འཚམ་འདྲིའི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ། །
སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་ཁང་ནས། ༢༠༢༥ཟླ་༠༢ཚེས་༢༨ལ།
མཚུངས་མེད་ཤར་པ་ཆོས་རྗེའི་མཚན་རྟགས་འབུལ་བཞེས་མཛད་པ།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།དེ་རིང་སྟེ་ཕྱི་ལོ་༢༠༢༥ཕྱི་ཟླ་དང་པོའི་ཚེས་གཅིག་གི་ཞོགས་པར་ྋགོང་ས་ལྷ་མིའི་རྣམ་འདྲེན་ྋསྐྱབས་མགོན་ྋརྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གིས་གནང་པའི་ྋམཚུངས་མེད་ཤར་པ་ཆོས་རྗེའི་མཚན་རྟགས་རིན་པོ་ཆེ། ཞྭ་སེར་བསྟན་པའི་མཛེས་རྒྱན་སེར་སྨད་མཁན་ཟུར་རིན་པོ་ཆེ་ྋརྗེ་བཙུན་ངག་དབང་འབྱོར་ལྡན་དཔལ་བཟང་པོ་མཆོག་ལ་འབུལ་བཞེས་མཛད་པར་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་འཚམས་འདྲི་ཞུ་བ་དང་བཅས། མགོན་པོ་གང་ཉིད་ཀྱི་ཐུགས་ཀྱི་བཞེད་དགོངས་མཐའ་དག་འབད་མེད་ལྷུན་གྱིས་འགྲུབ་པའི་སྨོན་འདུན་གྲངས་མེད་ཞུ།
སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་ཁང་ནས། ཕྱི་ལོ་༢༠༢༥ཟླ་༡ཚེས་༡ལ།