-
མདུན་ངོས།
- འཕྲིན་གསར།
འཕྲིན་གསར། (144)
རྒྱལ་སྤྱིའི་དམ་ཆོས་འདུལ་བའི་བགྲོ་གླེང་ཐེངས་ལྔ་པ།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།ྋསྤྱི་ནོརྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ལྟར། སེར་བྱེས་མཁས་སྙན་གྲྭ་ཚང་གིས་གོ་སྒྲིག་ཞུས་ཏེ། རང་སྡེ་ནང་པ་ཐུན་མོང་བའི་བརྗོད་གཞི་དམ་པའི་ཆོས་འདུལ་བའི་ཐོག་ནས་གོ་རྟོགས་གོང་འཕེལ་དང་། ཐུགས་མཐུན་ཁྲིམས་གཙང་ཡོང་སླད། རྒྱ་གར་དང་། ཤྲཱི་ལངྐ། འབྲུག བལ་ཡུལ། ཐའེ་ལནྜ། འབར་མ། ཝིཏ་ནམ། ལའོ་སི། ཉི་ཧོང་། ཀོ་རི་ཡ། ཐའེ་ཝན། བཅས་ནས་འཕགས་པ་གནས་བརྟན་སྡེ་པ་དང་། གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ། ཆོས་སྲུང་སྡེ་པ་བཅས་ཀྱི་དགེ་སློང་འདུལ་བ་འཛིན་པ་རྣམས་གདན་འདྲེན་ཞུས་ཏེ། གཉུང་མར་གནས་པའི་གདན་སའི་འདུལ་བ་འཛིན་པ་ཆེན་པོ་རྣམས་དང་ལྷན་དུ་"རྒྱལ་སྤྱིའི་དམ་ཆོས་འདུལ་བའི་བགྲོ་གླེང་"ཞེས་པའི་བརྗོད་གཞིའི་ཐོག །ཕྱི་ལོ་༢༠༢༤ ཟླ་༡༢ པའི་ཚེས་༡༦ ནས་ ༡༨ བར་གནས་མཆོག་རྡོ་རྗེ་གདན་ཐའེ་ཝཏ་པ་དགོན་པའི་ཚོགས་ཁང་དུ་འཚོགས་པ་དང་། དེའི་སྐབས་འཛམ་གླིང་ས་ཕྱོགས་གང་སར་དྲ་ཐོག་ཐད་གཏོང་གནང་ཡོད་པ་མ་ཟད། བོད་སྐད། དབྱིན་སྐད། རྒྱ་སྐད་བཅས་སྐད་རིགས་གསུམ་གྱི་ཐོག་སྒྲ་སྒྱུར་དང་བཅས་འཚོགས་ཡོད།
༢༠༢༤ ཟླ་ ༡༢ ཚེས་ ༡༨ ལ་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་ཁང་ནས།
དེ་ལས་མང་བ།...
ཁྲི་ཟུར་རིན་པོ་ཆེ་ཆིབས་བསྒྱུར་དང་བརྟན་བཞུགས།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།དེ་རིང་སྟེ་ཕྱི་ལོ་༢༠༢༤ཟླ་༡༡ཚེས་༢༩རྣམ་དཀར་དགེ་བའི་ཉིན་རི་བོ་དགེ་ལྡན་པའི་བསྟན་པའི་སྲོག་ཤིང༌། ྋའཇམ་མགོན་རྒྱལ་བའི་གདུང་འཚོབ་ྋསྐྱབས་རྗེ་དགའ་ལྡན་ཁྲི་ཐོག་བརྒྱ་དང་བཞི་པ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་ྋརྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་གིས་དགའ་ལྡན་ཁྲི་པའི་མཛད་འགན་ཡོངས་སུ་གྲུབ་ཅིང་སེ་ར་ཐེག་ཆེན་གླིང་དུ་ཆིབས་བསྒྱུར་བསྐྱངས། དེའི་སྐབས་འདུས་མང་ཡོངས་ཀྱིས་ཕེབས་བསུ་ཟབ་རྒྱས་དང་འབྲེལ་སེར་བྱེས་མཁས་སྙན་གྲྭ་ཚང་དུ། མགོན་པོ་གང་ཉིད་སྐུ་ཚེ་དྲང་སྲོང་ཚེ་མཐའ་ཡས་པའི་ངོ་བོར་རྟག་ཏུ་བརྟན་ཅིང་། ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པ་བཅས་ཀྱི་ཆེད་དུ། དགོན་སྡེ་ཁག་གི་མཁན་ལས་ཟུར་རྣམ་པ་དང་། བོད་མིའི་གནས་ཡོད་མི་སྣ་ཆེ་ཁག་རྣམས་དང་། སེ་ར་བྱེས་སྨད་གཉིས་ཀྱི་བླ་སྤྲུལ་དགེ་བཤེས་འདུས་མང་ཡོངས་མཉམ་འཛོམས་ཀྱིས་བརྟན་བཞུགས་འདེགས་འབུལ་ཞུས་སོང་།
༢༠༢༤།༡༡།༢༩ལ་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་ཁང་ནས།
དགའ་ལྡན་ཁྲི་ཐོག་བརྒྱ་དང་ལྔ་པའི་ཁྲི་འདོན་གྱི་མཛད་སྒོ་ཚུགས།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།ྋདགའ་ལྡན་ཁྲི་ཐོག་བརྒྱ་དང་ལྔ་པ་རྗེ་བཙུན་བློ་བཟང་རྡོ་རྗེ་དཔལ་བཟང་པོ་མཆོག་ཕྱི་ལོ་༢༠༢༤ཟླ་བ་༡༡ཚེས་༢༦གཟའ་སྐར་འབྱུང་འཕྲོད་དགེ་བའི་ཉིན། སྤྱན་རྒྱ་དང་སྤོས་རོལ་མཆོད་རྫས་སྣ་ཚོགས་ཀྱིས་མདུན་བསུས་ཤིང་ཕུ་ཁང་ཁང་ཚན་ནས་ཚོགས་ཆེན་དུ་གདན་ཞུས་དང་བཅས། ཚོགས་ཆེན་འདུ་ཁང་ནང་དུ་སྐུ་ཕྱག་དང་འཐོར་འབྲུའི་མེ་ཏོག་ཕྱོགས་ཀུན་གཏོར་ཞིང་ཐུགས་སྨོན་མཛད། རྟེན་གཙོ་ཁག་ལ་སྙན་ཤར་དང་སྣང་གསལ་ཞལ་འབྱེད་གནང་ཞིང་། དཔལ་ལྡན་ཡོན་ཏན་མ་དབུ་སྐུལ་དང་བཅས་དགའ་ལྡན་གསེར་ཁྲིར་ཆེན་མོར་དངོས་སུ་འཁོད་ཅིང་ཁྲི་ཐོག་བརྒྱ་དང་ལྔ་པའི་ཁྲི་འདོན་གྱི་མཛད་སྒོ་དངོས་སུ་ཚུགས། གསོལ་ཇ་འབྲས་སིལ་དཀར་སྤྲོ་བསྟར་ཞིང་མཎྜལ་རྟེན་གསུམ་འདེགས་འབུལ་དང་བཅས། སྐུ་མགྲོན་རྣམས་ཀྱིས་མཇལ་ཁ་རིམ་ཞུས་ཀྱིས་དགའ་ལྡན་གསེར་ཁྲི་ཆེན་པོར་མངའ་གསོལ་རྟེན་འབྱུང་གི་དགའ་སྟོན་རྒྱས་པར་མཛད། མཛད་སྒོ་གྲུབ་མཚམས་དགའ་ལྡན་ཚོགས་ཆེན་ཡང་ཐོག་ཏུ་གདན་ཞུས་དང་། དེ་ནས་སླར་ཡང་དགའ་ལྡན་ཚོགས་ཆེན་དུ་གདན་ཞུས་ཀྱིས་ལམ་རིམ་གསུང་ཆོས་གནང་། གསུང་ཆོས་གྲུབ་རྗེས་སུ་སླར་ཡང་ཚོགས་ཆེན་གཟིམ་ཆུང་དུ་གདན་ཞུས་ཀྱིས་ཉིན་དེར་ཚོགས་ཆེན་དུ་བཞུགས་ཞག་མཛད། ཚེས་༢༧ཉིན་ཁྲི་ཆེན་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་ཐུགས་སྨོན་དང་འབྲེལ་རི་བོ་དགེ་ལྡན་པ་ཡོངས་ནས་བརྟན་བཞུགས་བསྟར་འབུལ་ཞུས། ཚེས་༢༩ཉིན་འབྲས་བློ་གླིང་ཕུ་ཁང་ཁང་ཚན་དུ་ཡང་ཁྲི་གསོལ་གྱི་མཛད་སྒོ་འཚོག་རྒྱུ་བཅས་མཛད་རིམ་སྙིང་བསྡུས་སུ།
༢༠༢༤.༡༡.༢༧ ལ་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས་བཏུས་བསྒྲིགས་བྱས།
དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་དམ་འདྲེན་བཀོད་བྱ་དགོས་ཚེ་[སེར་བྱེས་རིག་མཛོད་ཆེན་མོ་ལས་དྲངས་པ་ཡིན།]ཞེས་རྩོམ་ཁུངས་ཁ་གསལ་འགོད་དགོས།