-
མདུན་ངོས།
- འཕྲིན་གསར།

འཕྲིན་གསར། (133)
སྐབས་ཉེར་གཅིག་པའི་གྲྭ་ཚང་གི་ཕྱག་མཛོད་བརྗེས།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།སེར་བྱེས་གྲྭ་ཚང་གི་གསར་དུ་བསྐོ་བཞག་གནང་བའི་ཕྱག་མཛོད་གསར་པས་ལས་ཁུར་གྱི་རྩིས་ལེན་གནང་སོང་།
ཕྱི་ལོ་ ༢༠༡༩ ལོའི་ཟླ་ ༤ ཚེས་ ༡ ཉིན་སེར་བྱེས་མཁས་སྙན་གྲྭ་ཚང་གི་སྐབས་ཉི་ཤུ་རྩ་གཅིག་པའི་ཕྱག་མཛོད་ཀྱི་ལས་ཡུན་རྫོགས་ཏེ་སྐབས་ཉེར་གཉིས་པའི་ཕྱག་མཛོད་རྣམ་པར་ལས་ཀ་རྩིས་སྤྲོད་གནང་ཡོད་པ་ལྟར་ཉིན་དེར་ཕྱག་མཛོད་གསར་པ་རྣམ་པས་ལས་ཁུར་གྱི་རྩིས་ལེན་གནང་ཡོད་པ་དང་།
ཉིན་དེར་སྐྱབས་རྗེ་མཁན་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་རྟེན་འབྲེལ་དང་སྦྲགས། དགའ་ལྡན་ཕོ་བྲང་གི་ལམ་སྟོན་འོག་ཐེ་ལན་ཌིར་བོད་བརྒྱུད་ནང་བསྟན་དང་གནས་བརྟན་སྡེ་པའི་བར་ཤེས་ཡོན་བརྗེ་ལེན་གྱི་ལས་གཞིར་མཉམ་ཞུགས་བྱས་པའི་སློབ་གཉེར་བ་བྱམས་པ་རྒྱལ་མཚན་དང་བསྟན་འཛིན་རྡོ་རྗེ་གཉིས་ཀྱིས་འཇོམ་ཐོང་དགོན་པའི་མཁན་རིན་པོ་ཆེ་ལུང་ཕོ་ཐོང་མཆོག་གིས་ཁོང་གཉིས་ལ་གནང་བའི་སྟོན་པ་མཉམ་མེད་ཤཱཀྱ་སེང་གེའི་རིང་བསྲེལ་འབྲུ་སྣ་ལྔ་ཅན་ཞིག་དང་། འཁར་རྔ་སྤུས་ལེགས་ཤིག་གྲྭ་ཚང་རིན་པོ་ཆེར་ཕུལ་ཡོད་འདུག
ཕྱག་མཛོད་གསར་པ་བཞི་ནི།
གཞན་ཡང་གནས་ཚུལ་ཞིག་ལ། འདི་ག་སེར་བྱེས་གྲྭ་ཚང་གི་སློབ་གཉེར་བ་བསོད་ནམས་ཕུན་ཚོགས་དང་བློ་བཟང་རྡོ་རྗེའམ་དཔལ་འབྱོར་གཉིས་ཀྱིས་གཞུང་ཆེན་སློབ་གཉེར་གྱི་ཞོར་དུ་དེང་རབས་ཀྱི་ཤེས་ཡོན་ལ་ལོ་ངོ་གསུམ་ལྷག་ལ་སློབ་གཉེར་བྱས་ཏེ། ཨིག་ནོའུ་གཙུག་ལག་སློབ་གཉེར་ཁང་གི་བསླབ་པ་མཐར་སོན་གྱི་རྟེན་འབྲེལ་མཛད་སྒོ་ཐེངས་སོ་གཉིས་པའི་སྐབས་སུ་ཁོང་གཉིས་ལ་ཉེ་བའི་གཙུག་ལག་རབ་འབྱམས་པའི་ལག་འཁྱེར་དངོས་སུ་གནང་ཡོད་འདུག
གཞན་ཁ་སང་༤ ཚེས་༣ ཉིན་སེར་བྱེས་མཁས་སྙན་གྲྭ་ཚང་དུ་གྲྭ་ཚང་གི་དགེ་བསྐོས། དབུ་མཛད། ཕྱག་མཛོད། དེ་བཞིན་ཚོགས་སྡེ་ཁག་གི་འགན་འཛིན་དང་ལས་བྱེད། ཁང་ཚན་གྱི་འཐུས་མི་རྣམས་ལ་རྩིས་འཁོར་ཆེད་མཁས་པ་དགེ་བཤེས་བློ་བཟང་སྨོན་ལམ་མཆོག་གིས་སྨོན་ལམ་ཚིག་མཛོད་ཆེན་མོའི་ལས་འཆར་ངོ་སྤྲོད་དང་མ་འོངས་ལས་དོན་ཡར་རྒྱས་གཏོང་ཕྱོགས། ཚིག་མཛོད་བེད་སྤྱོད་གཏོང་ཕྱོགས། ཚོགས་ཞུགས་པ་རྣམས་ཀྱི་དྲི་བར་ལན་འདེབས་དང་། ཉིན་རྒྱབ་སེར་བྱེས་དཔེ་མཛོད་ཁང་དུ་བོད་ཀྱི་དཔེ་མཛོད་མ་ལག་མཉེན་ཆས་ངོ་སྤྲོད། ཕྱི་ཚེས་ ༤ ཉིན་གྱི་སྔ་དྲོའི་ཆུ་ཚོད་༩ པར་སེར་བྱེས་སྨོན་ལམ་ཚིག་མཛོད་རྩོམ་སྒྲིག་ཁང་དུ་རྩོམ་སྒྲིག་པ་རྣམས་ལ་ཚིག་མཛོད་རྩོམ་སྒྲིག་བྱེད་ཕྱོགས་སྐོར་ནས་ཟབ་སྦྱོང་དང་མཉེན་ཆས་གསར་པ་བེད་སྤྱོད་གཏོང་སྟངས་ལམ་སྟོན། དགོང་མོའི་ཆུ་ཚོད་ ༧ པར་སེར་བྱེས་གྲྭ་ཚང་གི་ཆོས་གྲྭའི་ནང་དགེ་བསྐོས་ལགས་དང་། དབུ་མཛད་ཆེན་མོ། ཕྱག་མཛོད་ཆེན་མོ། རྩོམ་སྒྲིག་པ་རྣམ་པ་གཙོས་སློབ་གཉེར་བ་ཡོངས་ལ་སྨོན་ལམ་ཚིག་མཛོད་ཆེན་མོ་བེད་སྤྱོད་གཏོང་སྟངས་ངོ་སྤྲོད་དང་དྲི་བ་དྲིས་ལན་གནང་སོང་བ་དང་། སེར་བྱེས་མཁས་སྙན་གྲྭ་ཚང་ནས་ཐུགས་རྗེ་ལེགས་འབུལ་དང་། ཞལ་ཐང་བཅས་ཀྱི་གསོལ་རས་སྩལ་ཡོད་འདུག
སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས། ༢༠༡༩།༠༤།༠༤ལ།
དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་བྱ་དགོས་ཚེ་[སེར་བྱེས་རིག་མཛོད་ཆེན་མོ་ལས་དྲངས་]ཞེས་རྩོམ་ཁུངས་ཁ་གསལ་འགོད་དགོས།
དེ་ལས་མང་བ།...
དཔལ་རྟ་མཆོག་རོལ་བའི་བསྙེན་པ་ལ་བཞུགས།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།བསྟན་སྲིད་སོགས་ཀྱི་ཆེད་དུ་སེར་བྱེས་མཁས་སྙན་གྲྭ་ཚང་གི་འདུས་མང་ཡོངས་དཔལ་རྟ་མགྲིན་ཡང་གསང་གི་བསྙེན་པ་ལ་བཞུགས་སོང་།
སེར་བྱེས་མཁས་སྙན་གྲྭ་ཚང་གི་མཁན་བླ་དགེ་འདུན་འདུས་མང་ཡོངས་ཀྱིས་༧གོང་ས་༧སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་གཙོ་བྱས་པའི་རིས་མེད་བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་སྐུ་ཚེ་བརྟན་ཅིང་བཞེད་དོན་ལྷུན་གྱིས་འགྲུབ་པ་དང་། རང་རེ་བོད་ཁ་བ་གངས་ཅན་པ་རྣམས་ཀྱིས་རང་དབང་ཞི་བདེའི་དཔལ་ལ་མྱུར་དུ་རོལ་ཐུབ་པ། གཞན་ཡང་འཛམ་གླིང་ཡུལ་གྲུ་ཀུན་ཏུ་ནད་མུག་འཁྲུག་རྩོད་སོགས་ཞི་སྟེ་སྐྱེ་འགྲོ་རྣམས་ཀྱིས་བདེ་དགེ་དཔལ་ལ་རྟག་ཏུ་ལོངས་སྤྱོད་པ་དང་། ཁྱད་པར་དུ་གྲྭ་ཚང་འདི་ཉིད་ཀྱི་མཁན་ལས་ཟུར་བླ་སྤྲུལ་དགེ་འདུན་འདུས་མང་ཡོངས་ཀྱི་བཤད་སྒྲུབ་ཆོས་སྤྱོད་ཀྱི་བྱ་བ་མཐའ་དག་བསྟན་འགྲོར་སྨན་པའི་རྒྱུ་རུ་འགྱུར་བ་སོགས་འཕྲལ་ཕུགས་ཕན་བདེའི་ལེགས་ཚོགས་དུ་མའི་ཆེད་དུ་དམིགས་ནས་ལོ་རེར་ལྷག་པའི་ལྷ་མཆོག་དཔལ་རྟ་མགྲིན་ཡང་གསང་གི་བསྙེན་པ་རེ་གཏོང་མུས་ཡིན་པ་ལྟར། ཁེ་ཉིན་བོད་རྒྱལ་ལོ་ ༢༡༤༦ བོད་ཟླ་ ༡ ཕྱི་མའི་ཚེས ༣ ཉིན་རེས་གཟའ་སྤེན་པ་དང་། ཕྱི་ལོ་ ༢༠༡༩ ཟླ་ ༣ པའི་ཚེས་ ༩ ཉིན་དགོང་དྲོའི་ཆུ་ཚོད་དྲུག་པའི་སྟེང་གྲྭ་ཚང་གི་མཁན་བླ་དགེ་འདུན་འདུས་མང་ཡོངས་ཀྱིས་ལྷག་པའི་ལྷ་མཆོག་དཔལ་རྟ་མགྲིན་ཡང་གསང་གི་བསྙེན་པ་ཡར་འཚོགས་གནང་སོང་བ་དང་། ཉིན་གྲངས་བཅུ་གཉིས་ཀྱི་རིང་ལ་ཉིན་རེར་ཐུན་བཞི་བསྐྱང་རྒྱུ་དང་། ཕྱི་ཚེས་ ༢༠ ཉིན་དཔལ་རྟ་མགྲིན་ཡང་གི་བསྙེན་པའི་ཁ་སྐོང་གི་སྦྱིན་སྲེག་དང་། བདག་འཇུག །ཚོགས་འཁོར་བཅས་གནང་སྟེ་བསྙེན་པ་གྲོལ་རྒྱུ་ཡིན་འདུག །
བསྙེན་པའི་རིང་ལ་གཞིས་གྲོང་དག་ནས་དད་ལྡན་མི་སྐྱ་ཕོ་མོ་བསྙེན་པར་བཞུགས་འདོད་ཡོད་རིགས་རྣམས་གྲྭ་ཚང་རང་ནས་ཕར་ཚུར་བསུ་སྐྱེལ་གྱི་རླངས་འཁོར་དང་། ཞལ་ལག་དང་གསོལ་ཇ་སོགས་བཀོད་སྒྲིག་བྱས་འདུག་པ་དང་། མི་མང་རྣམས་ལ་བསྙེན་པ་དང་ལྷན་དུ་གྲྭ་ཚང་ནས་དགེ་རྒན་རེས་བསྐོར་ཏེ་ནང་ཆོས་ངོ་སྤྲོད་ཀྱང་གནང་གིན་འདུག
སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས། ༢༠༡༩།༠༣།༡༡ ལ།
དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་བྱ་དགོས་ཚེ་[སེར་བྱེས་རིག་མཛོད་ཆེན་མོ་ལས་དྲངས་]ཞེས་རྩོམ་ཁུངས་ཁ་གསལ་འགོད་དགོས།
ལོ་གསར་གྱི་ཤིས་ཚིག
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།༈གནམ་ལོ་གསར་པའི་ནང་ལ་བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་ཤོག
ལོ༵་ལེགས་སྙེ་མའི་རྦ་རླབས་གས༵ར་པ་ས་ཆེན་ཡངས་པའི་བྲང་ལ་འཐབ། །
བརྩེ་ཆེན་ནོར་གྱི་བློ་གྲོས་བཟ༵ང་པོ་སྐྱེ་དགུའི་སྙིང་གི་རྩེ་ན་འཁོར། །
རིག་འཛིན་ཚེ་ཡི་བྱིན་རླབས་འོད་བརྒྱ་དམ་པའི་ཞབས་ཀྱི་པདྨོས་འཐུངས། །
སྡེ་བཞིའི་རིན་ཆེན་གསེར་གྱི་ཐུར་མས་རབ་འབྱམས་ཞིང་ལ་རེག་པར་ཤོག །
ཅེས་བོད་རྒྱལ་ལོ་ ༢༡༤༦ རབ་གནས་ས་ཕག་ལོའི་གནམ་ལོ་གསར་ཚེས་ལ་སེམས་ཅན་སྐྱེ་འགྲོ་ཡོངས་ལ་ནད་མེད་བདེ་སྐྱིད་ཡོང་བ་དང་འཛམ་གླིང་ཡངས་པའི་ཁྱོན་ལ་ཞི་བདེའི་དཔལ་བཟང་རྒྱས་པའི་སྨོན་འདུན་ཞུ་བ་ཡིན།
༢༠༡༩།༠༢།༠༤ ལ་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་ཁང་ནས།