-
མདུན་ངོས།
-
འཕྲིན་གསར།
- ཆོས་ཕྱོགས་ཀྱི་གནས་འཕྲིན་གཞན།

ཆོས་ཕྱོགས་ཀྱི་གནས་འཕྲིན་གཞན། (36)
རྒྱུད་སྨད་གྲྭ་ཚང་གི་མཁན་ཁྲིར་མངའ་གསོལ་མཛད་པ།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།ཕྱི་ལོ་ ༢༠༢༣ ཕྱི་ཟླ་ ༡༠ ཚེས་ ༡༤ ཉིན། དཔལ་ལྡན་སྨད་རྒྱུད་པའི་བླ་མ་དབུ་མཛད་མདོ་སྔགས་གཞུང་ལུགས་རྒྱ་མཚོའི་མངའ་བདག་ཡོངས་ཀྱི་དགེ་བའི་བཤེས་གཉེན་པོ་དགེ་བཤེས་ལྷ་རམས་པ་རྗེ་བཙུན་ངག་དབང་སངས་རྒྱས་དཔལ་བཟང་པོ་མཆོག་ཉིད། གསང་ཆེན་བསྟན་པའི་མཛོད་འཛིན་དཔལ་ལྡན་སྨད་རྒྱུད་པའི་མཁན་ཐོག་ ༡༠༣ པའི་ཁྲི་འཕང་མཐོན་པོར་མངའ་གསོལ་མཛད་པའི་དུས་བཟང་ལ་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ།
སེར་བྱེས་དགེ་བཤེས་ལྷ་རམས་པ་ངག་དབང་སངས་རྒྱས་མཆོག་ནི། ཕྱི་ལོ་ ༡༩༧༠ ལོར་ལ་དྭགས་ས་ཕུད་དུ་སྐུ་འཁྲུངས། ཕྱི་ལོ་ ༡༩༧༩ ལོར་སེར་བྱེས་མཁས་སྙན་གྲྭ་ཚང་དུ་ཆོས་ཞུགས་གནང་། དགེ་བའི་བཤེས་གཉེན་དུ་མ་བསྟེན་ནས་གཞུང་ཆེན་ལ་སློབ་གཉེར་མཐར་སོན་པ་གནང་། དགུང་ལོ་སོ་གཅིག་པ་ ༢༠༠༡ ལོར་དགེ་བཤེས་ལྷ་རམས་པའི་དམ་འཇོག་གནང་། གདན་ས་རང་དུ་རྒྱུན་བཞུགས་གྱིས་གཞུང་ཆེན་བཀའ་པོད་ལྔའི་དཔེ་ཁྲིད་རྒྱུན་མར་གནང་སྟེ་གདན་སའི་སློབ་གཉེར་པ་བརྒྱ་ཕྲག་དུ་མ་བཤད་སྒྲུབ་འཆད་ཉན་གྱིས་སྐྱོང་བར་མཛད།
༧གོང་ས་ ༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་ལྟར་ཕྱི་ལོ་ ༢༠༢༡ ལོ་ནས་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་བླ་མ་དབུ་མཛད་ཀྱི་མཛད་ཁུར་བཞེས་ཤིང་། ཕྱི་ལོ་ ༢༠༢༣ ཟླ་ ༡༠ ཚེས་ ༡༤ ཉིན་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་མཁན་ཁྲིར་མངའ་གསོལ་མཛད་པ་ལགས་སོ།།
༢༠༢༣ ཟླ་ ༡༠ ཚེས་ ༡༤ ལ་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་ཁང་ནས།
དེ་ལས་མང་བ།...
༢༠༢༢ལོའི་དགེ་ལྡན་ལྔ་མཆོད་ཆེན་མོ།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ། རི་བོ་དགེ་ལྡན་པའི་ཤིང་རྟའི་སྲོལ་འབྱེད་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་མཆོག་གི་དགོངས་རྫོགས་མཆོད་འབུལ་དགའ་ལྡན་ལྔ་མཆོད་ཆེན་མོའི་ངོ་སྤྲོད་སྙིང་བསྡུས།
དགའ་ལྡན་ལྔ་མཆོད་ཆེན་མོ་ཞེས་པ་དེ་ཡང་བོད་ཟླ་༡༠པའི་ཚེས་༢༥ཉིན་ཡིན་ལ། ཉིན་དེ་ནི་རྗེ་ཙོང་ཁ་པ་བློ་བཟང་གྲགས་པ་མྱ་ངན་ལས་འདས་པའི་དུས་མཆོད་ཀྱི་ཉིན་མོ་ཡིན་པ་དང་། དགོངས་རྫོགས་ཀྱི་དུས་མཆོད་ཆེན་མོ་དེ་ལ་དགའ་ལྡན་ལྔ་མཆོད་ཅེས་འབོད་པ་རེད། བོད་རབ་བྱུང་བདུན་པའི་ས་མོ་ཕག་སྟེ་ཕྱི་ལོ་༡༤༡༩ལོའི་སྟོན་དུས། ཁམས་གསུམ་འགྲོ་བའི་བླ་མ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོས་སྟོད་ལུང་དང་འབྲས་སྤུངས། ལྷ་ས། སེ་ར་སོགས་སུ་ཕེབས་ནས་བཀའ་ཆོས་མང་དུ་གསུངས། དེ་ནས་སླར་དགའ་ལྡན་དུ་ཕྱིར་ཕེབས་ཏེ་ཐུབ་དབང་ཚུལ་ཁྲིམས་མའི་སྐུ་མདུན་དུ་མཆོད་འབུལ་དང་བསྔོ་སྨོན་རྒྱ་ཆེར་མཛད་རྗེས། སྐུ་བེར་དང་དབུ་ཞྭ་དག་སྲས་ཀྱི་ཐུ་བོ་དར་མ་རིན་ཆེན་ལ་གནང་སྟེ་རྒྱལ་ཚབ་ཏུ་བསྐོ་བཞག་མཛད་མཐར། བོད་ཟླ་༡༠པའི་ཚེས་༢༥ཉིན་འབྲོག་རི་བོ་ཆེ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་གི་གཟིམ་ཁང་འོད་གསལ་སྦུག་ཏུ་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་མཛད།
ཞིབ་ཕྲའི་གནས་ཚུལ་མཁྱེན་འདོད་ན། འབྲེལ་ཐག་འདི་ནས་གཟིགས་རོགས།
སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས་ཕྱི་ལོ་༢༠༢༢ཟླ་༡༢ཚེས་༡༨ལ།
དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་དམ་འདྲེན་བཀོད་བྱ་དགོས་ཚེ་[སེར་བྱེས་རིག་མཛོད་ཆེན་མོ་ལས་དྲངས་པ་ཡིན།]ཞེས་རྩོམ་ཁུངས་ཁ་གསལ་འགོད་དགོས།
ཕྱག་མཛོད་སྐབས་ཉེར་གཉིས་པའི་མཆོད་འབུལ།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།སེར་བྱེས་མཁས་སྙན་གྲྭ་ཚང་གི་སྐབས་ཉེར་གཉིས་པའི་ཕྱག་མཛོད་ཆེན་མོ་དགེ་བཤེས་ངག་དབང་བཟང་པོ་མཆོག་དང་། དགེ་བཤེས་བློ་བཟང་སྒྲ་དབྱངས། དགེ་བཤེས་ཤེས་རབ་རྒྱ་མཚོ། དགེ་བཤེས་བློ་བཟང་བཀྲ་ཤིས་བཅས་ནས། ཕྱི་ལོ་ ༢༠༡༩ ལོའི་ཟླ་ ༤ ཚེས་ ༡ ཉིན་སེར་བྱེས་མཁས་སྙན་གྲྭ་ཚང་གི་སྐབས་ཉེར་གཉིས་པའི་ཕྱག་མཛོད་ཀྱི་ལས་འགོར་དངོས་སུ་ཚུགས་ནས་ལོ་ངོ་གསུམ་གྱི་རིང་ལྷག་བསམ་རྣམ་དག་གིས་གྲྭ་ཚང་རིན་པོ་ཆེར་སྲི་ཞུའི་ལས་དོན་རྒྱ་ཆེར་མཐར་སོན་གནང་སྟེ། སྐབས་ཉེར་གསུམ་པའི་ཕྱག་མཛོད་ཆེན་མོ་དགེ་བཤེས་ངག་དབང་བྱང་ཆུབ་མཆོག་དང་། དགེ་བཤེས་པ་བཟང་ཟླ་བ། དགེ་ངག་དབང་བརྩོན་འགྲུས། དགེ་བཤེས་ངག་དབང་རིག་གྲོལ་བཅས་ལ་རྩིས་སྤྲོད་ལེན་ལེགས་པར་གྲུབ་སྟེ། ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༡༩ ཉིན་ཞིང་མཆོག་འདུས་པ་རྒྱ་མཚོར་བསྙེན་བཀུར་མཆོད་འབུལ་ཟབ་རྒྱས་གནང་།
༢༠༢༢ ཟླ་ ༡༡ ཚེས་ ༢༠ ལ་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས།