དྲ་ཐོག་འཇུག་དུས། 2023 ལོའི་ཟླ་བ། Apr ཚེས། 09 རེས་གཟའ། Sun

ཁྲིད་གཞུང་། བསྙེན་མཚམས་བཞུངས་སྟངས་སྐོར།

དྲ་འཇུག་པ།

འཆད་པ་པོ། སྐྱབས་རྗེ་བྱ་དོ་རིན་པོ་ཆེ།
བརྗོད་བྱ། བསྙེན་མཚམས་བཞུངས་སྟངས་སྐོར།
རིག་མཛོད་སྒྲ་སྤྱིའི་ཨང་། SJRA-0741
སྒྲའི་རྣམ་པ། MP3 གྲངས་ཀ 4 ལྗིད་ཚད། 143.6MB
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༢༣ ཟླ་ ༤ ཚེས་ ༩ ཉིན་སྒྲིག་སྦྱོར་བྱས།
ངོ་སྤྲོད་མདོར་བསྡུས།
སྐྱབས་རྗེ་བྱ་དོ་རིན་པོ་ཆེ་བསྟན་འཛིན་འབྱུང་གནས་མཆོག་ནི། ཕྱི་ལོ་༡༩༥༤ལོར་བོད་ལྗོངས་ལྷ་ས་གྲོང་ཁྱེར་གྱི་བྱང་ངོས་ཀྱི་སྤྱི་ལེ་༢༢༠ཙམ་ཡོད་པའི་གནམ་མཚོའི་ས་ཁུལ་དུ་འབྲོག་པའི་ཁྱིམ་ཚང་ཞིག་ཏུ་སྐུ་འཁྲུངས། ཁོང་དགུང་ལོ་གསུམ་ལ་ཕེབས་སྐབས་༸གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་བྱ་དོ་དགོན་གྱི་སྤྲུལ་སྐུ་བྱ་དོ་སྐུ་ཕྲེང་དྲུག་པའི་ཡང་སྲིད་དུ་ངོས་འཛིན་གནང་ཞིང་ཁྲི་འདོན་མཛད། ༡༩༥༩ལོར་བོད་ནས་བཙན་བྱོལ་དུ་ཕེབས་ནས་སེར་བྱེས་མཁས་སྙན་གྲྭ་ཚང་གི་ཆོས་སྒོར་ཞུགས། ༡༩༧༣ནས་༡༩༩༡བར་གཞུང་ཆེན་ཁག་ལ་སློབ་གཉེར་མཐིལ་ཕྱིན་གནང་སྟེ་དགེ་བཤེས་ལྷ་རམས་པ་བཏང་། ༡༩༩༢ནས་༡༩༩༦བར་རྡ་སར་གཏན་གཞི་བྱས་པའི་རྣམ་རྒྱལ་གྲྭ་ཚང་དུ་དཔེ་ཁྲིད་དགེ་རྒན་གྱི་ཕྱག་ལས་གནང་། ༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྣམ་རྒྱལ་གྲྭ་ཚང་གི་མཁན་རིན་པོ་ཆེར་བསྐོ་བཞག་གནང་བ་ལྟར་མཁན་པོའི་མཛད་འགན་བཞེས་ཤིང་། ༡༩༩༧ནས་༢༠༠༤བར་རྣམ་རྒྱལ་གྲྭ་ཚང་གི་མཁན་པོའི་མཛད་ཁུར་བཞེས། ༢༠༡༣ ལོ་ནས་༢༠༡༧བར་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་བླ་མ་དབུ་མཛད་དང་མཁན་རིན་པོ་ཆེའི་མཛད་ཁུར་རིམ་པར་གནང་། དེ་ནས་ལོ་མང་རིང་ཆེན་པོ་ཧོར་གྱི་ཡུལ་གྲུ་རྣམས་སུ་ནང་ཆོས་དོན་གཉེར་བ་རྣམས་ལ་ཐེག་པ་ཆེ་ཆུང་སྔགས་དང་བཅས་པའི་ཆོས་འབྲེལ་གནང་ཡོད་པ་དང་། ༢༠༡༩ལོར་བྷུར་ཡ་ཏའི་ཡུལ་དུ་མི་མང་ཁྲི་ཚོ་བརྒལ་བར་དུས་ཀྱི་འཁོར་ལོའི་དབང་ཆེན་སྩལ་བ་སོགས་བསྟན་འགྲོའི་དོན་ཆེན་མཛད་གནང་བ་ལྟར། ཌི་ཛ་ཡ་ཡི་ནང་པའི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གིས་རིན་པོ་ཆེ་མཆོག་ལ་འབུམ་རམས་པའི་མཚན་མཐོང་ཕྱག་འཁྱེར་དང་། བུར་ཡ་ཏ་ཡེའི་གཞུང་གིས་[བུར་ཡ་ཏ་ཡེའི་གཟེངས་བསྟོད་ཀྱི་ལེགས་སྐྱེས་]འབུལ་གནང་མཛད། རིན་པོ་ཆེ་མཆོག་ནི་རིག་གནས་ཀུན་ལ་བྱང་ཆུབ་ཤིང་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དབུས་པའི་རིས་མེད་བླ་ཆེན་རྣམ་པ་དང་རྙིང་མའི་བླ་ཆེན་འཁྲུལ་ཞིག་རིན་པོ་ཆེ་དང་བཅོ་བརྒྱད་ཁྲི་ཆེན་རིན་པོ་ཆེ་ལ་སོགས་པའི་བླ་ཆེན་རྣམས་ལས་དབང་ལུང་མན་ངག་གསན་བཞེས་མཛད། དེང་གི་ཆར་རིན་པོ་ཆེ་མཆོག་གིས་རྣོ་ངར་ཆེ་བའི་རིག་སྟོབས་དང་གོ་བདེའི་བྱེད་ཐབས་སྤྱད་དེ་སློབ་སློབ་ཁྲིད་གནང་བ་དེ་དག་ལ། ནུབ་ཕྱོགས་ཀྱི་སློབ་མ་མང་པོས་དམིགས་བསལ་དོ་སྣང་བྱེད་ཅིང་སྤྲོ་སྣང་དང་ལྡན་ཞིང་། སློབ་ཁྲིད་བྱེད་པའི་ཕན་ནུས་ཆེ་བ་སོགས་བསྟོད་བསྔགས་དང་བཅས་མཛད་འཕྲིན་སྐྱོང་བཞིན་པ་བཅས་ངོ་སྤྲོད་མདོར་བསྡུས་སུ།
༢༠༢༣།༠༤།༠༩ ལ་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་ཁང་ནས།
དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་བྱ་དགོས་ཚེ་[སེར་བྱེས་རིག་མཛོད་ཆེན་མོ་ལས་དྲངས་]ཞེས་རྩོམ་ཁུངས་ཁ་གསལ་འགོད་དགོས།

དྲ་ཐོག་འཇུག་དུས། 2023 ལོའི་ཟླ་བ། Apr ཚེས། 09 རེས་གཟའ། Sun

པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་གསུང་འཇིགས་བྱེད་ཆོས་སྐོར།

དྲ་འཇུག་པ།

sjrb-0236མཛད་པ་པོ། པཎ་ཆེན་བློ་བཟང་ཆོས་རྒྱན།
བརྗོད་བྱ།
དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་ཐབས་སོགས།
རིག་མཛོད་འཕྲུལ་དེབ་ཨང་།
SJRB-0236
ཡིག་ཆའི་རྣམ་པ།
PDF
ཤོག་གྲངས།
208 ལྗིད་ཚད། 1.5MB
རྩོམ་སྒྲིག་ཁང་།
སེར་བྱེས་རིག་མཛོད་ཆེན་མོ།
༢༠༢༣ ཟླ་བཞི་པར་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
འཕྲུལ་དེབ་འདིར། པཎ་ཆེན་སྐུ་ཕྲེང་བཞི་པ་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་མཛད་པའི་རྡོ་རྗེ་འཇིགས་བྱེད་ལ་བརྟེན་པའི་བླ་མའི་རྣལ་འབྱོར་ཉམས་སུ་ལེན་ཚུལ། བསྟན་པ་སྤྱི་དང་རྒྱུད་སྡེ་བཞིའི་རྣམ་གཞག་ཟིན་བྲིས། འཇིགས་བྱེད་བསྐྱེད་རིམ་དངོས་གྲུབ་ཀྱི་སྙེ་མ། འཇིགས་བྱེད་དཔའ་གཅིག་གི་དཀྱིལ་ཆོག་བདུད་དཔུང་འཇོམས་པ། འཇིགས་བྱེད་དཔའ་གཅིག་རོ་ལངས་བརྒྱད་བསྐོར་ཞེ་དགུ་མ་བཅས་ཀྱི་སྒྲུབ་ཐབས་ངག་འདོན་ཇི་ལྟར་བྱ་བ། འཇིགས་བྱེད་ཀྱི་དབང་ཆོག་དང་བུམ་བསྐྱེད་ཟུར་འདེབས། འཇིགས་བྱེད་ཀྱི་སའི་ཆོ་ག་སོགས་ལག་ལེན་སྙིང་པོར་དྲིལ་བ། འཇིགས་བྱེད་ཀྱི་དབང་དྲག་གི་སྦྱིན་སྲེགས་བྱ་ཚུལ་ལག་ལེན་དུ་དྲིལ་བ། འཇིགས་བྱེད་ལ་བརྟེན་པའི་ཚོགས་ཀྱི་འཁོར་ལོའི་ཆོ་ག །འཇིགས་བྱེད་ཀྱི་རྒྱས་པའི་སྦྱིན་སྲེག་བྱེད་ཚུལ་གྱི་ཆོག་བསྒྲིགས་བཅས་འཇིགས་བྱེད་ཀྱི་སྐོར་ཆོས་ཚན་བཅུ་ལྷན་དུ་བཞུགས།

PDF       ཕབ་ལེན།
དྲ་ཐོག་འཇུག་དུས། 2023 ལོའི་ཟླ་བ། Apr ཚེས། 08 རེས་གཟའ། Sat

པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་གསང་འདུས་བསྐྱེད་རྫོགས།

དྲ་འཇུག་པ།

sjrb-0361མཛད་པ་པོ། པཎ་ཆེན་བློ་བཟང་ཆོས་རྒྱན།
བརྗོད་བྱ།
གསང་བ་འདུས་པའི་རིམ་གཉིས།
རིག་མཛོད་འཕྲུལ་དེབ་ཨང་།
SJRB-0361
ཡིག་ཆའི་རྣམ་པ།
PDF
ཤོག་གྲངས།
315 ལྗིད་ཚད། 1.9MB
རྩོམ་སྒྲིག་ཁང་།
 སེར་བྱེས་རིག་མཛོད་ཆེན་མོ།
༢༠༢༣ ཟླ་བཞི་པར་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
འཕྲུལ་དེབ་འདིར། པཎ་ཆེན་སྐུ་ཕྲེང་བཞི་པ་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་མཛད་པའི་དཔལ་གསང་བ་འདུས་པའི་བླ་མའི་རྣལ་འབྱོར་དང་མངོན་པར་རྟོགས་པ་བསྡུས་པ་དང་། དཔལ་གསང་བ་འདུས་པའི་བསྐྱེད་རིམ་གྱི་རྣམ་བཤད་དངོས་གྲུབ་ཀྱི་རྒྱ་མཚོའི་སྙིང་པོ་དང་། དཔལ་གསང་བ་འདུས་པའི་གདམས་ངག་རིམ་ལྔ་གསལ་སྒྲོན་གྱི་སྙིང་པོའི་གནད་ཀུན་བསྡུས་པ་ཟབ་དོན་གསལ་བའི་ཉི་མ་བཅས་ཆོས་ཚན་གསུམ་ལྷན་དུ་བཞུགས་ཡོད།

དྲ་ཐོག་འཇུག་དུས། 2023 ལོའི་ཟླ་བ། Apr ཚེས། 07 རེས་གཟའ། Fri

ཁྲིད་གཞུང་། རྗེ་བཙུན་པའི་ཕར་ཕྱིན་ཆ་ཚང་། [ཀ]

དྲ་འཇུག་པ།

མཛད་པ་པོ། རྗེ་བཙུན་ཆོས་ཀྱི་རྒྱལ་མཚན། [༡༤༦༩-༡༥༤༥]
བརྗོད་བྱ།
དོན་མངོན་པར་རྟོགས་པའི་རིམ་པ།
འཁྲིད་མཁན།
དགེ་བཤེས་ཡ་མ་དར་རྒྱས།
རིག་མཛོད་སྒྲ་སྤྱིའི་ཨང་།
SJRA-0740
སྒྲའི་རྣམ་པ།
MP3 གྲངས་ཀ 222 ལྗིད་ཚད། 8.53GB
སྒྲ་སྒྲིག་བཟོ་བ།
ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར།
སེར་བྱེས་རིག་མཛོད་ཆེན་མོ།
༢༠༢༣ ཟླ་ ༤ ཚེས་ ༧ ཉིན་སྒྲིག་སྦྱོར་བྱས།
ངོ་སྤྲོད་མདོར་བསྡུས།
སེར་བྱེས་དགེ་བཤེས་ཡ་མ་དར་རྒྱས་མཆོག་ནི། མདོ་ཁམས་བཀྲ་ཤིས་དར་རྒྱས་དགོན་གྱི་ཉེ་འདབས་སུ་ཕྱི་ལོ་༡༩༧༢ལོར་ཡབ་བྱམས་ཅན་དང་ཡུམ་ཚུལ་ཁྲིམས་སྒྲོལ་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་བརྒྱད་ཀྱི་ཐོག་རྒན་རྡོ་རྗེ་བསམ་འགྲུབ་ཀྱི་དྲུང་ནས་ཡི་གེ་སྦྱོར་ཀློག་འགོ་བཙུགས། དེ་ནས་དར་དགོན་མཁན་ཟུར་རིན་པོ་ཆེ་ཀརྨ་དོན་འགྲུབ་མཆོག་གི་དྲུང་ནས་ཡི་གེ་འབྲི་བ་དང་དཔེ་འཛིན་སྐྱོར་སྦྱང་སོགས་བྱས་ཤིང་མཚན་ཉིད་གཞུང་ལའང་སློབ་སྦྱོང་ཅུང་ཟད་བྱས། ༡༩༨༨ལོར་བཀྲ་ཤིས་དར་རྒྱས་དགོན་དུ་ཞུགས་ནས་དགོན་དེར་རིགས་ཆུང་ཚོགས་ལངས་ཀྱང་མཛད། ༡༩༩༠ལོར་རྒྱ་གར་དུ་ཕེབས་ནས་སེར་བྱེས་མཁས་སྙན་གྲྭ་ཚང་གི་ཆོས་སྒོར་ཞུགས། ༡༩༩༡ལོར་རྒྱུད་སྨད་མཁན་ཟུར་ཨོ་རྒྱན་ཚེ་བརྟན་མཆོག་གི་ཞལ་སྔ་ནས་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་མནོས། རྗེ་བཙུན་དམ་པ་འཕྲིན་ལས་རྡོ་རྗེ་མཆོག་དང་། མཁན་ཟུར་རིན་པོ་ཆེ་རྗེ་བཙུན་བློ་བཟང་དཔལ་ལྡན་མཆོག་དང་། མཁན་ཟུར་རིན་པོ་ཆེ་རྗེ་བཙུན་བློ་བཟང་ཚེ་རིང་སོགས་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་ཞབས་ལ་གཏུགས་ཏེ་གཞུང་ཆེན་བཀའ་པོད་རྣམས་ལ་སྦྱང་བརྩོན་ལྷོད་མེད་མཛད། ༡༩༩༢ལོར་ཏྲེ་ཧོར་ཁང་ཚན་དུ་རྟགས་རིགས་ཚོགས་བསགས་དམ་འཇོག་དང་། སླར་ཡང་༢༠༠༢ལོར་དབུ་མའི་ཚོགས་བསགས་དམ་འཇོག་གནང་། ༡༩༩༥སེར་བྱེས་མཁས་སྙན་གྲྭ་ཚང་དུ་རིགས་ཆུང་རིགས་སྔ་རྒོལ་གྱི་ཚོགས་ལངས་མཛད། ལོ་དེར་དཔལ་ལྡན་འབྲས་སྤུངས་སུ་འཇང་དགུན་ཆོས་ལ་འབྲས་རྟགས་ཀྱི་ཐོར་ཆོས་དམ་འཇོག་གནང་། ༡༩༩༦ལོར་༧གོང་ས་༧སྐྱབས་མགོན་ཆེན་པོའི་ཞལ་སྔ་ནས་ཚིགས་ཕྱི་མ་བསྙེན་རྫོགས་ཀྱི་སྡོམ་པ་མནོས། ༢༠༠༡ལོར་སེར་བྱེས་ཏྲེ་ཧོར་ཁང་ཚན་དུ་ ༧གོང་ས་མཆོག་གི་སྤྱན་སྔར་དབུ་མའི་དམ་འཇོག་གནང་། ལོ་དེར་སེར་བྱེས་མཁས་གྲྭ་ཚང་དུ་དབུ་མའི་སྤྱི་དོན་དང་དགོངས་པ་རབ་གསལ་ཆ་ཚང་བའི་ཚོགས་བསགས་དང་དམ་འཇོག་བྱས། ༢༠༡༠ལོར་སེར་བྱེས་གྲྭ་ཚང་དུ་༧གོང་ས་༧སྐྱབས་མགོན་རིན་པོ་ཆེ་མཆོག་གི་སྤྱན་སྔར་རྣམ་འགྲེལ་དམ་འཇོག་གི་གོ་སྐབས་ཐོབ། ལོ་དེར་སེ་ར་བླ་སྤྱིར་འདུལ་བའི་གཞུང་ལ་རིགས་ཆེན་ཚོགས་ལངས་མཛད། ༢༠༠༥ནས་དགེ་ལུགས་རྒྱུགས་སྤྲོད་ཕེབས་ཏེ་སློབ་མཐར་རྩེར་སོན་གྱིས་ལོ་ཐ་མ་བཞི་ལ་ཨང་རིམ་གཉིས་པར་ཐོབ། ༢༠༡༠ལོར་སེར་བྱེས་མཁས་སྙན་གྲྭ་ཚང་དུ་དགེ་བཤེས་ལྷ་རམས་དམ་འཇོག་མཛད། ༢༠༡༡ལོར་གནས་མཆོག་ཝཱར་ཎར་གདན་ས་གསུམ་གྱི་ལྷ་ལྡན་སྨོན་ལམ་ཆེན་མོར་དགེ་བཤེས་ལྷ་རམས་པའི་གྲྭ་སྐོར་དམ་འཇོག་གནང་། དེ་ནས་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་སྔགས་ཀྱི་གསན་བསམ་མཛད་པས་སྔགས་ཀྱི་རྩོད་རྒྱུགས་ཨང་རིམ་གཉིས་པར་ཐོབ། ༢༠༡༣ནས་སེར་བྱེས་མཁས་སྙན་གྲྭ་ཚང་མཆོག་གི་སློབ་གཉེར་རྒན་གྱི་འགན་བཞེས་ལོ་གསུམ་རིང་མཛད། མདོར་ན་ཁོང་གིས་༡༩༩༧ ནས་ད་ལྟའི་བར་དུ་གཞན་གང་དུ་ཡང་མ་ཕེབས་པར་གྲྭ་ཚང་འདིར་བཞུགས་ཏེ་དཔེ་འཁྲིད་རྒན་གྱི་ཐུགས་འགན་བཞེས་དང་བཞེས་མུས་ཡིན་པ་བཅས་ལོ་རྒྱུས་མདོར་བསྡུས་སུ།
ཕྱི་ལོ་༢༠༢༢ཟླ་༩ཚེས་༡༨ལ། སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས་བཏུས་སྒྲིག་བྱས།

ཁྲིད་མཚམས་ཀྱི་དཀར་ཆག  1.  སྐབས་དང་པོ་སྟོད་ཆ། དུམ་བུ་ ༠༠༡ ནས་ ༠༤༤ བར་དང་དེའི་སྨད་ཆ། དུམ་བུ་ ༠༤༥ ནས་ ༡༠༠ བར།  2.  སྐབས་གཉིས་པ། དུམ་བུ་ ༡༠༡ ནས་ ༡༢༥ བར།  3.  སྐབས་གསུམ་པ། དུམ་བུ་ ༡༢༦ ནས་ ༡༣༥ བར།  4.  སྐབས་བཞི་པ། དུམ་བུ་ ༡༣༦ ནས་ ༡༨༦ བར།  5.  སྐབས་ལྔ་པ། དུམ་བུ་ ༡༨༧ ནས་ ༢༠༥ བར།  6.  སྐབས་དྲུག་པ། དུམ་བུ་ ༢༠༦  7.   སྐབས་བདུན་པ། དུམ་བུ་ ༢༠༧   8.  སྐབས་བརྒྱད་པ། དུམ་བུ་ ༢༠༨ ནས་ ༢༢༢ བར།
དྲ་ཐོག་འཇུག་དུས། 2023 ལོའི་ཟླ་བ། Apr ཚེས། 07 རེས་གཟའ། Fri

སྡེ་བདུན་གྱི་ནང་ཚན་ཚད་མ་རྣམ་ངེས་སོགས་རྒྱ་གཞུང་ཕྱོགས་བསྒྲིགས།

དྲ་འཇུག་པ།

sjrb-0021མཛད་པ་པོ། དཔལ་ལྡན་ཆོས་གྲགས།
བརྗོད་བྱ། སྡེ་བདུན་གྱི་ནང་ཚན་ཚད་མའི་སྐོར། 
རིག་མཛོད་འཕྲུལ་དེབ་ཨང་། SJRB-0021
ཡིག་ཆའི་རྣམ་པ། PDF
ཤོག་གྲངས། 361 ལྗིད་ཚད། 1.9MB
རྩོམ་སྒྲིག་ཁང་། སེར་བྱེས་རིག་མཛོད་ཆེན་མོ།
༢༠༢༣ ཟླ་བཞི་པར་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
དཔལ་ལྡན་ཆོས་གྲགས་མཆོག་ནི། རྒྱ་གར་ལྷོ་ཕྱོགས་ཏྲི་མ་ལ་ཡ་ཟེར་བའི་ཡུལ་དུ་འཁྲུངས། ཆུང་དུས་ནས་རིག་གནས་ལྔ་དང་མུ་སྟེགས་ཀྱི་གྲུབ་མཐའ་ལ་སྦྱངས། དགུང་ལོ་བཅོ་བརྒྱད་ཀྱི་སྐབས་མུ་སྟེགས་ཀྱི་ལྟ་བ་ལ་མཁས་པར་གྱུར། རྗེས་སུ་ནང་པའི་གཞུང་ལ་གཟིགས་ནས་མུ་སྟེགས་ཀྱི་གྲུབ་མཐའ་དོར་བས་ཕ་མ་ཞང་པོ་དང་བཅས་པས་ཁྱིམ་ནས་བསྐྲད། རྒྱ་གར་ཡུལ་དབུས་སུ་བྱོན་ནས་སློབ་དཔོན་ཆོས་སྐྱོང་ལས་རབ་ཏུ་བྱུང་ནས་ནང་པའི་གཞུང་ལ་སྦྱངས། སློབ་དཔོན་དབང་ཕྱུག་སྡེའི་དྲུང་དུ། ཚད་མ་ཀུན་བཏུས་ཚར་གསུམ་གསན། སློབ་མ་ཁྲི་ཕྲག་མང་པོ་ཡོད་ཀྱང་མཉམ་དུ་གནས་པ་ནི་ལྔ་ལས་མེད། སྐུ་ཚེའི་མཐར་རྒྱ་གར་ལྷོ་ཕྱོགས་ཀྱི་རྒྱུད་དུ་བཞུགས་ནས། ཡུལ་ཀ་ལིངྐར་མྱ་ངན་ལས་འདས། སློབ་དཔོན་འདིས་བསྟན་བཅོས་མང་པོ་བརྩམས་ཀྱང་ཡོངས་གྲགས་སུ་བོད་དུ་བསྒྱུར་ཡོད་པ། ཚད་མ་རྣམ་འགྲེལ། ཚད་མ་རྣམ་ངེས། རིགས་པའི་ཐིགས་པ་སོགས་བསྟན་འགྱུར་མདོ་ཕྱོགས་ཀྱི་པོད། [ ཅེ ] པར་བཞུགས།

PDF       ཕབ་ལེན།
དྲ་ཐོག་འཇུག་དུས། 2023 ལོའི་ཟླ་བ། Apr ཚེས། 06 རེས་གཟའ། Thu

ལམ་རིམ་མཆན་བཞི་མ། [སྨད་ཆ།]

དྲ་འཇུག་པ།

sjrb-0260རྩ་བ་མཛད་པ་པོ། རྗེ་ཙོང་ཁ་པ།
མཆན་འདེབས་པ་པོ།
བ་སོ་ལྷ་དབང་ཆོས་ཀྱི་རྒྱལ་མཚན་སོགས།
བརྗོད་བྱ།
སྐྱེས་བུ་གསུམ་གྱི་ལམ་རིམ་ལས་ཞི་ལྷག་གཉིས།
རིག་མཛོད་འཕྲུལ་དེབ་ཨང་།
SJRB-0260
རྣམ་པ།
PDF ཤོག་གྲངས། 757 ལྗིད་ཚད། 5MB
རྩོམ་སྒྲིག་ཁང་།
སེར་བྱེས་རིག་མཛོད་ཆེན་མོ།
༢༠༢༣ ཟླ་བཞི་པར་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
གསུང་རབ་འདི་ནི་རྗེ་ཙོང་ཁ་པས་མཛད་པའི་བྱང་ཆུབ་ལམ་གྱི་རིམ་པ་ལ་བ་སོ་ལྷ་དབང་ཆོས་ཀྱི་རྒྱལ་མཚན་(༡༥༣༧-༡༦༠༥)གྱིས་མཛད་པའི་ལམ་རིམ་གྱི་མཆན་དང་། གུང་རུ་ཆོས་ཀྱི་འབྱུང་གནས་ཀྱི་གསུང་རྒྱུན་ལམ་རིམ་གྱི་མཆན། ཀུན་མཁྱེན་འཇམ་དབྱངས་བཞད་(༡༦༤༨-༡༧༢༡)པས་མཛད་པའི་ལམ་རིམ་གྱི་མཆན། པྲ་སྟི་དགེ་བཤེས་རིན་ཆེན་དོན་གྲུབ་(༡༦༧༡-༡༧༣༧)ཀྱིས་མཛད་པའི་ལྷག་མཐོང་ཆེན་མོའི་མཆན་བཅས་མཆན་བཞི་མཉམ་སྦྲགས་ཀྱིས་གྲུབ་པ་ཞིག་ཡིན། པོད་འདིའི་པར་གཞི་ཐོག་མ་ནི་ཕྱི་ལོ་༡༨༠༢ལོར་ཚེ་མཆོག་གླིང་དུ་གསར་བསྐྲུན་བྱས་པ་དང་། རྗེས་སུ་པར་གཞི་དེར་ཞུས་དག་གནང་སྟེ་ཕྱི་ལོ་༡༨༤༢ལོར་པར་གཞི་གཉིས་པ་དང་། སླར་ཡང་ཕྱི་ལོ་༡༩༤༦ལོར་ཞོལ་པར་ཁང་ཆེན་མོར་པར་གཞི་གཉིས་པ་གཞིར་བཞག་གིས་པར་གཞི་གསུམ་པ་གསར་དུ་བསྐྲུན། ཡང་ཕྱི་ལོ་༡༩༧༢ལོར་ལྡི་ལི་གསར་པར་པར་གཞི་གསུམ་པ་གཞིར་བཞག་གིས་འཕྲུལ་པར་དུ་བཏབ་ཅིང་། འདིར་པར་གཞི་གསུམ་པ་ལྟར་གྱི་འཕྲུལ་དེབ་གཞིར་བཟུང་ཞིང་དེའི་རྗེས་སུ་བཙན་བྱོལ་ཁྲོད་བྱུང་བའི་པར་གཞི་གསར་པ་འགའ་ལའང་བསྡུར་ནས་འཕྲུལ་དེབ་ཏུ་གསར་བཟོ་བྱས་པ་ཡིན།

PDF       ཕབ་ལེན།
དྲ་ཐོག་འཇུག་དུས། 2023 ལོའི་ཟླ་བ། Apr ཚེས། 06 རེས་གཟའ། Thu

ལམ་རིམ་མཆན་བཞི་མ། [སྟོད་ཆ།]

དྲ་འཇུག་པ།

sjrb-0259རྩ་བ་མཛད་པ་པོ། རྗེ་ཙོང་ཁ་པ།
མཆན་འདེབས་པ་པོ།
བ་སོ་ལྷ་དབང་ཆོས་ཀྱི་རྒྱལ་མཚན་སོགས།
བརྗོད་བྱ།
སྐྱེས་བུ་གསུམ་གྱི་ལམ་རིམ་ལས་ཞི་ལྷག་ཡན།
རིག་མཛོད་འཕྲུལ་དེབ་ཨང་།
SJRB-0259
རྣམ་པ།
PDF ཤོག་གྲངས། 793 ལྗིད་ཚད། 5MB
རྩོམ་སྒྲིག་ཁང་།
སེར་བྱེས་རིག་མཛོད་ཆེན་མོ།
༢༠༢༣ ཟླ་བཞི་པར་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
གསུང་རབ་འདི་ནི་རྗེ་ཙོང་ཁ་པས་མཛད་པའི་བྱང་ཆུབ་ལམ་གྱི་རིམ་པ་ལ་བ་སོ་ལྷ་དབང་ཆོས་ཀྱི་རྒྱལ་མཚན་(༡༥༣༧-༡༦༠༥)གྱིས་མཛད་པའི་ལམ་རིམ་གྱི་མཆན་དང་། གུང་རུ་ཆོས་ཀྱི་འབྱུང་གནས་ཀྱི་གསུང་རྒྱུན་ལམ་རིམ་གྱི་མཆན། ཀུན་མཁྱེན་འཇམ་དབྱངས་བཞད་(༡༦༤༨-༡༧༢༡)པས་མཛད་པའི་ལམ་རིམ་གྱི་མཆན། པྲ་སྟི་དགེ་བཤེས་རིན་ཆེན་དོན་གྲུབ་(༡༦༧༡-༡༧༣༧)ཀྱིས་མཛད་པའི་ལྷག་མཐོང་ཆེན་མོའི་མཆན་བཅས་མཆན་བཞི་མཉམ་སྦྲགས་ཀྱིས་གྲུབ་པ་ཞིག་ཡིན། པོད་འདིའི་པར་གཞི་ཐོག་མ་ནི་ཕྱི་ལོ་༡༨༠༢ལོར་ཚེ་མཆོག་གླིང་དུ་གསར་བསྐྲུན་བྱས་པ་དང་། རྗེས་སུ་པར་གཞི་དེར་ཞུས་དག་གནང་སྟེ་ཕྱི་ལོ་༡༨༤༢ལོར་པར་གཞི་གཉིས་པ་དང་། སླར་ཡང་ཕྱི་ལོ་༡༩༤༦ལོར་ཞོལ་པར་ཁང་ཆེན་མོར་པར་གཞི་གཉིས་པ་གཞིར་བཞག་གིས་པར་གཞི་གསུམ་པ་གསར་དུ་བསྐྲུན། ཡང་ཕྱི་ལོ་༡༩༧༢ལོར་ལྡི་ལི་གསར་པར་པར་གཞི་གསུམ་པ་གཞིར་བཞག་གིས་འཕྲུལ་པར་དུ་བཏབ་ཅིང་། འདིར་པར་གཞི་གསུམ་པ་ལྟར་གྱི་འཕྲུལ་དེབ་གཞིར་བཟུང་ཞིང་དེའི་རྗེས་སུ་བཙན་བྱོལ་ཁྲོད་བྱུང་བའི་པར་གཞི་གསར་པ་འགའ་ལའང་བསྡུར་ནས་འཕྲུལ་དེབ་ཏུ་གསར་བཟོ་བྱས་པ་ཡིན།

PDF       ཕབ་ལེན།

རྒྱལ་པོ་མཆོག་དང༌། ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཚོགས་ཆུང༌། སྤུན་གྲོགས་ཕོ་མོ་ལྷན་རྒྱས་བཅས་ལ། ད་ཉིན་ངོས་རང་འདི་གར་ཁྱེད་རྣམ་པའི་སར་ནོ་བྷེལ་ཞི་བདེའི་གཟེངས་བསྟོད་ལེན་པར་ཡོང་རྒྱུ་བྱུང་བར་དགའ་ཚོར་ཆེན་པོ་བྱུང༌། ཁྱེད་རྣམ་པས་བོད་ནས་ཡོང་བའི་གྲྭ་པ་སྙོམ་ཆུང་ཞིག་ལ་གལ་ཆེའི་གཟེངས་བསྟོད་འདི་འདྲ་ཞིག་གནང་བ་དེས་ངོས་རང་ལ་ཆེ་མཐོང་གི་ཚོར་བ་དང༌། སེམས་འགུལ་གཏིང་ཟབ་ཐེབས་བྱུང༌། ངོས་རང་དམིགས་བསལ་ཅན་གྱི་མི་ཞིག་མིན་ནའང་གཟེངས་བསྟོད་འདིས་ངོས་ནས་སངས་རྒྱས་བཅོམ་ལྡན་འདས་དང༌། འཕགས་བོད་སྐྱེས་ཆེན་དམ་པ་རྣམས་ཀྱི་བསླབ་བྱ་གཞན་ཕན་དང༌། བྱམས་པ། སྙིང་རྗེ། འཚེ་བ་མེད་པ་བཅས་ཀྱི་སྙིང་པོར་ཉམས་ལེན་ཅི་ཐུབ་བྱེད་བཞིན་པ་འདི་ངོས་འཛིན་གནང་བ་ཞིག་ཡིན་པར་ཡིད་ཆེས་ཡོད། ངོས་ནས་འཛམ་གླིང་གི་ས་ཕྱོགས་གང་སར་མནར་གཅོད་འོག་ཚུད་པའི་སྐྱེ་བོ་སྤྱི་དང༌། འཛམ་གླིང་ཞི་བདེ་དང༌། རང་དབང་གི་དོན་དུ་འབད་བརྩོན་བྱེད་བཞིན་པའི་སྐྱེ་བོ་ཡོངས་ཀྱི་ཚབ་ཞུས་ཏེ་བཀའ་དྲིན་ཚད་མེད་དྲན་པའི་སྒོ་ནས་གཟེངས་བསྟོད་འདི་བཞིན་དང་ལེན་ཞུ་གི་ཡོད། འཚེ་མེད་ཞི་བའི་ལག་ལེན་བརྒྱུད་འགྱུར་བ་གཏོང་རྒྱུའི་ལམ་སྲོལ་དེང་དུས་ཡོད་པ་འདི་ཉིད་གསར་གཏོད་གནང་མཁན་བདག་ཉིད་ཆེན་པོ་གྷན་རྡི་ལ་གུས་བཏུད་ཆེད་གཟེངས་བསྟོད་འདི་དང་ལེན་ཞུ་རྒྱུ་ཡིན། ཁོང་གི་སྐུ་ཚེའི་རྣམ་ཐར་གྱིས་ང་ལ་བསླབ་བྱ་དང་སེམས་འགུལ་ཐེབས་མྱོང༌། ལྷག་པར་དུ་དཀའ་སྡུག་ཚད་མེད་མྱངས་དང་མྱོང་བཞིན་པའི་སྙིང་སྟོབས་ཅན་གྱི་ངོས་ཀྱི་ཡུལ་མི་བོད་མི་ཕོ་མོ་ས་ཡ་དྲུག་པོའི་ཚབ་ཞུས་ཏེ་གཟེངས་བསྟོད་ཞུ་གི་ཡོད་པ་ནི་སྨོས་ཅི་དགོས། ཁོང་ཚོས་རང་གི་མི་རིགས་དང༌། རིག་གཞུང་ཁྱད་ཆོས་ཐུན་མོང་མ་ཡིན་པ་རྣམས་གོ་རིམ་ལྡན་པའི་སྒོ་ནས་གཏོར་བཤིག་གི་ལས་འགུལ་ལ་གདོང་ལེན་བྱེད་བཞིན་གནས་ཡོད། གཟེངས་བསྟོད་འདིས་བདེན་པ་དང༌། སྙིང་སྟོབས། སེམས་ཤུགས་བཅས་ལག་ཆར་བཟུང་སྟེ་བོད་ཡུལ་བཅིངས་བཀྲོལ་གཏོང་ཐུབ་རྒྱུའི་ང་ཚོའི་ཡིད་ཆེས་ཡང་སྐྱར་སྲ་བརྟན་དུ་ཕྱིན་ཡོད། ང་ཚོ་འཛམ་གླིང་ས་ཕྱོགས་གང་འདྲ་ཞིག་ནས་ཡོང་མིན་ལ་མ་ལྟོས་པར་གཞི་རྩ་ང་ཚོ་ཚང་མ་འགྲོ་བ་མི་ཡིན་པ་གཅིག་གྱུར་ཡིན་ཅིང༌། ཚང་མས་བདེ་བ་འབྱུང་ཐབས་དང་སྡུག་བསྔལ་སེལ་ཐབས་བྱེད་བཞིན་ཡོད། ང་ཚོར་གཞིའི་རྩའི་འགྲོ་བ་མིའི་དགོས་མཁོར་སེམས་ཁུར་ཡོད་པ་ཡག་གཅིག་གྱུར་ཡིན། མི་སྒེར་སོ་སོ་དང་མི་སྡེ་གཉིས་ཀའི་ཆ་ནས་རང་དབང་དང་མདུན་ལམ་ཐག་གཅོད་བྱ་རྒྱུའི་རང་ཐག་རང་གཅོད་ཀྱི་ཐོབ་དབང་དགོས་འདོད་ཡོད་པ་དེ་ནི་འགྲོ་བ་མིའི་རང་གཤིས་ཡིན་ཅིང༌། ཤར་ཡོ་རོབ་ནས་ཨ་ཕེ་རི་ཀའི་བར་དང་འཛམ་གླིང་ས་ཁུལ་གང་སར་གནས་སྟངས་འཕོ་འགྱུར་ཆེན་པོ་འགྲོ་བཞིན་པ་འདིས་དེའི་རྟགས་མཚན་གསལ་པོ་བསྟན་པ་རེད།

རྒྱ་ནག་ནང་འདི་ལོ་ཕྱི་ཟླ་ ༦ པར་མང་ཚོགས་ཀྱི་ཕྱོགས་ནས་དམངས་གཙོ་དགོས་འདུན་གྱི་ལས་འགུལ་བརྩམས་པ་དེ་དག་ལ་ཡ་ང་སྙིང་རྗེ་བྲལ་བའི་དྲག་ཤུགས་ཀྱིས་དྲག་གནོན་བྱས་ནའང༌། མང་ཚོགས་ཀྱི་ལས་འགུལ་དེ་རྣམས་ལ་གྲུབ་འབྲས་མ་ཐོན་པ་ཞིག་ལ་ངོས་འཛིན་ཞུ་གི་མེད། གང་ལགས་ཤེ་ན། རྒྱ་ནག་མི་དམངས་ནང་རང་དབང་དགོས་པའི་སེམས་ཤུགས་ཀྱི་མེ་ལྕེ་དེ་སྐྱར་གསོ་ཐུབ་པ་བྱུང་ཡོད་ཅིང༌། དེ་འདྲའི་རང་དབང་གི་སེམས་ཤུགས་དེ་དག་འཛམ་གླིང་གི་ས་ཕྱོགས་མང་པོར་ཁྱབ་འཕེལ་འགྲོ་བཞིན་པར་སོང་ནུས་ཤུགས་དེ་ལས་རྒྱ་ནག་གཡོལ་ཐབས་མེད་པ་ཞིག་རེད། རྒྱ་ནག་གི་སློབ་ཕྲུག་སྙིང་སྟོབས་ཅན་རྣམས་དང༌། ཁོང་ཚོར་རྒྱབ་སྐྱོར་བྱེད་མཁན་ཚོས་རྒྱ་ནག་གི་འགོ་ཁྲིད་ཚོ་དང༌། འཛམ་གླིང་ལ་རྒྱལ་ཁབ་ཆེན་པོ་དེའི་རང་བཞིན་གྱི་འགྲོ་བ་མིའི་གདོང་གཤིས་བསྟན་པ་རེད།

སླར་ཡང་གཟའ་འཁོར་སྔོན་མའི་ནང་བོད་དུ་མང་ཚོགས་ཁྲོད་ཁྲིམས་གཅོད་ཞིབ་བཤེར་སར་བོད་མི་གང་འཚམས་ལོ་ངོ་བཅུ་དགུ་བར་བཙོན་འཇུག་བྱ་རྒྱུའི་ཁྲིམས་གཅོད་བྱས་འདུག དེ་ནི་ད་ཉིན་གྱི་མཛད་སྒོ་འདིའི་སྔོན་དུ་མི་དམངས་ལ་བསྡིགས་ར་སྐུལ་བ་ཞིག་ཡིན་ཚོད་འདུག ཁོང་ཚོའི་ནག་ཉེས་ཀྱི་བྱ་སྤྱོད་གཅིག་པུ་དེ་ནི་བོད་མི་ཡོངས་ཁྱབ་ཀྱི་དགོས་འདུན་གཅེས་པའི་བོད་ཡུལ་རང་དབང་རང་བཙན་འདོད་པ་དེ་ཡིན། འདས་པའི་ལོ་ངོ་བཞི་བཅུ་ཐམ་པའི་བཙན་དབང་རིང་ང་ཚོའི་མི་དམངས་ནས་དཀའ་སྡུག་ཇི་ལྟར་མྱངས་པ་རྣམས་ལོ་རྒྱུས་ཡིག་ཆའི་ཐོག་ཞིབ་གསལ་འཁོད་ཡོད། ང་ཚོའི་འཐབ་རྩོད་དེ་ནི་དུས་ཡུན་རིང་པོའི་འཐབ་རྩོད་ཅིག་རེད། ང་ཚོའི་རྩ་དོན་དེ་བཞིན་དྲང་བདེན་ཡིན་པ་ང་ཚོས་ཤེས་ཀྱི་ཡོད། འཚེ་བས་འཚེ་བ་དང་སྡུག་བསྔལ་སྣོན་མ་སྤེལ་བ་ཙམ་ལས་གྲུབ་འབྲས་ཐོན་རྒྱུ་མེད་སྟབས། ང་ཚོའི་འཐབ་རྩོད་ཀྱི་ངོ་བོ་དེ་འཚེ་བ་དང༌། ཞེ་སྡང་མེད་པའི་ངོ་བོ་ཞིག་ཏུ་གནས་དགོས། ང་ཚོའི་ངོས་ནས་ང་ཚོའི་མི་དམངས་ཀྱི་སྡུག་བསྔལ་མཚམས་ཆོད་ཡོང་ཐབས་དང་ཕྱོགས་མཚུངས་སྐྱེ་བོ་གཞན་ལའང་སྡུག་བསྔལ་མི་ཡོང་བའི་འབད་བརྩོན་བྱེད་ཀྱི་ཡོད།

དམིགས་ཡུལ་འདི་ལྟར་འཛིན་ཏེ་ངོས་ནས་དུས་སྐབས་མང་པོར་བོད་རྒྱའི་དབར་ཞི་མོལ་ཡོང་ཐབས་བྱས་པ་ཡིན། ཕྱི་ལོ་ ༡༩༨༧ ལོར་ངོས་ནས་བོད་ནང་འགྲོ་བ་མིའི་ཐོབ་ཐང་དང༌། ཞི་བདེ་སྐྱར་གསོ་སླད་དམིགས་བཀར་གྱིས་ཞི་བའི་གྲོས་འཆར་དོན་ཚན་ལྔ་བཏོན་པ་ཡིན། དེའི་ནང་བོད་ས་ཡོངས་རྫོགས་འཚེ་བ་མེད་པའི་བསྟི་གནས་ཤིག་ཏུ་བསྒྱུར་རྒྱུ་དང༌། ཕྱི་སྣོད་རང་བྱུང་གི་བཀོད་པ་དང༌། ནང་བཅུད་སྐྱེ་འགྲོ་ཐམས་ཅད་ཞི་མཐུན་དུ་གནས་པའི་གནས་མཆོག་ཅིག་ཏུ་བསྒྱུར་རྒྱུ་ཡང་ཚུད་ཡོད།

སྔ་ལོ་ངོས་ནས་སི་ཏྲས་སི་སྦག་ཏུ་ཡོ་རོབ་གྲོས་ཚོགས་ཐོག་གྲོས་འཆར་དེའི་སྐོར་འགྲེལ་བཤད་ཞིབ་ཕྲ་བྱས་ཡོད། ངོས་ཀྱི་མི་དམངས་འགའ་ཤས་ཀྱིས་ངོས་ནས་བསྟུན་མཁས་ཆེ་དྲགས་པའི་སྐྱོན་ཆ་མཐོང་གི་ཡོད་ཀྱང༌། ངོས་རང་གིས་དུས་ཚོད་དེ་ཚོར་བཏོན་པའི་བསམ་ཚུལ་རྣམས་དངོས་ཡོད་གནས་ཚུལ་དང་མཐུན་ཞིང༌། རྒྱུ་མཚན་ལྡན་པ་ཞིག་ཡིན་པའི་ཡིད་ཆེས་ཡོད། བསམ་ཚུལ་དེ་ཚོའི་ནང༌། ང་ཚོས་བསམ་ཤེས་ཆེན་པོའི་ཐོག་ཕམ་ཁ་ལེན་ཡོད་ནའང༌། སྟབས་མ་ལེགས་པ་ཞིག་ལ་རྒྱ་ནག་གི་འགོ་ཁྲིད་ཚོས་དོན་ཕན་ལྡན་པའི་ལན་འདེབས་བྱས་མེད། གལ་སྲིད་གནས་སྟངས་འདི་མུས་ལ་འགྱུར་བ་མ་བྱུང་ན། ང་ཚོའི་ལངས་ཕྱོགས་སྐྱར་དུ་བསམ་གཞིགས་མི་བྱེད་ཐབས་མེད་ཆགས་ཀྱི་ཡོད།

བོད་རྒྱ་གཉིས་དབར་འབྲེལ་ལམ་གང་འདྲ་ཞིག་ཡིན་ཀྱང་ཕན་ཚུན་འདྲ་མཉམ་དང༌། བརྩི་བཀུར། ཡིད་ཆེས། གཉིས་ཕན་བཅས་ཀྱི་རྩ་དོན་གཞི་རྩར་བཞག་དགོས་ལ་ཕྱི་ལོ་ ༨༢༣ གྱི་སྐབས་སུ་བོད་རྒྱའི་དབུ་ཁྲིད་མཁས་མཛངས་ཅན་རྣམས་ནས་ཆིངས་ཡིག་གཏན་འབེབས་གནང་དོན། བོད་བོད་ཡུལ་ན་སྐྱིད། རྒྱ་རྒྱ་ཡུལ་ན་སྐྱིད། ཅེས་པ་བོད་ཀྱི་རྟེན་གཙོ་ལྷ་སའི་ཇོ་ཁང་མདུན་གྱི་རྡོ་རིང་ལ་འཁོད་པ་དུས་ད་ལྟ་ཡང་མཐོང་རྒྱུ་ཡོད་པར་སོང་རྩ་དོན་དེ་དག་ཀྱང་གཞི་རྩར་བཟུང་དགོས་པ་ཡིན། ངོས་རང་ནང་པའི་གྲྭ་པ་ཞིག་ཡིན་པའི་ཆ་ནས་སེམས་ཅན་སྡུག་བསྔལ་གྱིས་མནར་བ་རྣམས་ལྟ་ཅི་སྨོས། འགྲོ་བ་མིའི་ཁྱིམ་ཚང་གི་ནང་མི་ཡོད་དོ་ཅོག་ལ་སེམས་འཁུར་བྱེད་ཀྱི་ཡོད། སྡུག་བསྔལ་ཡོངས་རྫོགས་རྨོངས་པའི་རྐྱེན་ལས་བྱུང་བར་ང་ཡིད་ཆེས་ཡོད་ཅིང༌། སྐྱེ་བོ་རྣམས་ཀྱིས་རང་ཉིད་གཅིག་པུའི་བདེ་སྐྱིད་དང༌། འདོད་བློ་ཁེངས་པ་ཡོང་བའི་ཆེད་གཞན་དག་ལ་སྡུག་བསྔལ་བཟོ་གི་ཡོད་ན་ཡང༌། བདེ་སྐྱིད་དངོས་འབྲེལ་ནི་ནང་སེམས་ཀྱི་བདེ་བ་དང༌། ཆོག་ཤེས་ཀྱི་སྟེང་ནས་འབྱུང་དགོས། ཡིད་ཀྱི་བདེ་བ་དང་ཆོག་ཤེས་ནི་གཞན་ཕན་གྱི་ཀུན་སློང་དང༌། བྱམས་པ། སྙིང་རྗེ་བཅས་གོང་སྤེལ་དང༌། རྨོངས་པ། རང་གཅེས་འཛིན། འདོད་སེམས་བཅས་སྤོང་བའི་ཐོག་ནས་འབྱུང་དགོས།

དེང་སྐབས་ང་ཚོར་འཕྲད་བཞིན་པའི་དཀའ་རྙོག་དཔེར་ན། དྲག་པོའི་འཐབ་རྩོད་དང༌། རང་བཞིན་འབྱུང་ཁམས་གཏོར་བཤིག་དབུལ་ཕོངས། བཀྲེས་སྐོམས་ལ་སོགས་པ་ནི་འགྲོ་བ་མིས་བཟོས་པའི་དཀའ་ངལ་ཤ་སྟག་ཡིན་ཞིང༌། དཀའ་རྙོག་དེ་རྣམས་འགྲོ་བ་མིས་འབད་བརྩོན་དང༌། གོ་རྟོགས། སྤུན་ཟླའི་འདུ་ཤེས་བཅས་སྤེལ་པའི་སྒོ་ནས་སེལ་ཐུབ་ཀྱི་རེད། ང་ཚོ་ཕན་ཚུན་དབར་དང་འཛམ་གླིང་སྤྱིའི་འགན་ཁུར་ལེན་པའི་བསམ་བློ་སྤེལ་དགོས། ངོས་རང་ལ་མཚོན་ན། རང་གི་དགྲ་བོར་བརྩི་སའི་སེམས་ཅན་ལ་ཡང་བྱམས་པ་དང་སྙིང་རྗེ་སྐྱེ་དགོས་པར་བཤད་པའི་བྱམས་སྙིང་གི་ཡོན་ཏན་དེ་དག་བསྐྱེད་པར་རང་གི་ནང་ཆོས་འདིས་ཕན་ཐོགས་བྱུང་ཡང༌། ཆོས་ཡོད་མིན་ལ་མ་ལྟོས་པར་སྐྱེ་བོ་ཚང་མས་སེམས་བཟང་པོ་དང་སྤྱིའི་འགན་འཁུར་གྱི་བསམ་བློ་གོང་སྤེལ་གཏོང་ཐུབ་པར་ང་ཡིད་ཆེས་ཡོད།

ང་ཚོའི་མི་ཚེའི་ཐོག་ཚན་རིག་གི་ནུས་ཤུགས་ཇེ་ཆེར་འགྲོ་བཞིན་པའི་སྐབས་འདིར་ཆོས་དང༌། ནང་སེམས་ཀྱིས་ང་ཚོ་འགྲོ་བ་མི་ཡིན་པའི་གནས་ལུགས་དེར་དྲན་སྐུལ་གཏོང་བའི་སྒོ་ནས་བྱེད་ལས་དེ་བས་ཆེ་བ་ཞིག་སྒྲུབ་དགོས། དེ་གཉིས་དབར་འགལ་ཟླ་མེད་ཅིང༌། དེ་གཉིས་གཉིས་ཀས་གཅིག་གི་བརྒྱུད་གཅིག་ཤེས་པར་ང་ཚོར་གོ་དོན་གལ་ཆེ་ཐོབ་ཀྱི་ཡོད། ཚན་རིག་དང༌། བཅོམ་ལྡན་འདས་ཀྱི་བསླབ་བྱ་གཉིས་ཀས་ང་ཚོར་ཆོས་ཐམས་ཅད་ཀྱི་མཐར་ཐུག་གི་གནས་ལུགས་གཅིག་གྱུར་ཡིན་པའི་སློབ་སྟོན་བྱེད་ཀྱི་ཡོད། གལ་སྲིད་ང་ཚོས་འཛམ་གླིང་ཡོངས་ནས་ཛ་དྲག་སེམས་འཁུར་བྱེད་པའི་ཁོར་ཡུག་སྲུང་སྐྱོབ་ལ་དོན་ཕན་ལྡན་པའི་ལག་ལེན་ངེས་བསྟར་དགོས་ན་གནད་དོན་འདི་དག་ཤེས་རྟོགས་མ་བྱས་ཐབས་མེད་ཡིན།

ངའི་ཡིད་ཆེས་ལ་ཆོས་ལུགས་ཁག་ཚང་མས་འགྲོ་བ་མིའི་སྤྱོད་བཟང་དང༌། འགྲོ་བ་མིའི་རིགས་ལ་བདེ་སྐྱིད་སྤེལ་ཐབས་བྱ་རྒྱུའི་དམིགས་ཡུལ་ནི་གཅིག་གྱུར་ཡིན། སྒྲུབ་བྱེད་ཀྱི་ཐབས་ལམ་མི་འདྲ་བ་ཡོང་སྲིད་ཀྱང༌། བསྒྲུབ་བྱའི་དམིགས་ཡུལ་གཅིག་གྱུར་ཡིན།

ང་ཚོ་དུས་རབས་འདིའི་བཅུ་ཕྲག་མཐའ་མའི་ནང་འགྲོ་བཞིན་པའི་སྐབས་འདིར་འགྲོ་བ་མིའི་རིགས་བདེ་བར་འཚོ་གནས་བྱས་པའི་སྔ་མོའི་ཡ་རབས་སྤྱོད་བཟང་རྩ་ཆེ་དེ་དག་གིས་སླར་ཡང་དུས་རབས་ཉི་ཤུ་རྩ་གཅིག་པ་དེ་ད་ལྟའི་དུས་རབས་འདི་ལས་བདེ་སྐྱིད་ཆེ་བ་དང༌། མི་རྣམས་སེམས་པ་བཟང་བ་ཞིག་བཟོ་ཐུབ་པའི་རེ་བ་ཡོད།

ངོས་ནས་ང་ཚོར་སྡུག་སྦྱོང་གཏོང་མཁན་དང༌། ང་ཚོའི་གྲོགས་པོ་ཚང་མའི་ཆེད་དུ་སྨོན་ལམ་འདེབས་རྒྱུར། ང་ཚོ་མཉམ་རུབ་ཀྱིས་འགྲོ་བ་མིའི་གོ་རྟོགས་དང་བརྩེ་སེམས་བརྒྱུད་འཛམ་གླིང་འདི་ལས་བཟང་བ་ཞིག་གསར་སྐྲུན་ཐུབ་པ་དང༌། དེ་ལྟར་སྒྲུབ་པའི་སྒོ་ནས་ང་ཚོས་འགྲོ་བ་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་སྒྲོལ་ཐུབ་པའི་སྨོན་ལམ་ཞུ་གི་ཡོད། ཐུགས་རྗེ་ཆེ།

ནོར་ཝེལ་རྒྱལ་ས་ཨ་སོ་ལོ་ནས་ ༡༩༨༩ ཟླ་ ༡༢ ཚེས་ ༡༠ ལ།།

དྲ་ཐོག་འཇུག་དུས། 2015 ལོའི་ཟླ་བ། Feb ཚེས། 01 རེས་གཟའ། Sun

དབྱངས་ཅན་དགའ་བློའི་གསུང་འབུམ། [ཁ]

དྲ་འཇུག་པ།

sbg184002དེབ་ཨང་།  SBG184002
གསུང་འབུམ། [དུས་རབས། ༡༨]
སྤྱིའི་ཨང་། ༤༢
མཚན་བྱང་། དབྱངས་ཅན་དགའ་བློའི་གསུང་འབུམ། [ཁ]
མཛད་པ་པོ། དབྱངས་ཅན་དགའ་བའི་བློ་གྲོས། [༡༧༤༠ - ༡༨༢༧ ]
ཆོས་ཚན། སྣ་ཚོགས།
རྩོམ་སྒྲིག་ཁང་། སེར་བྱེས་རིག་མཛོད་ཆེན་མོ།

ངོ་སྤྲོད་མདོར་བསྡུས།

རྒྱལ་བ་བསྐལ་བཟང་རྒྱ་མཚོ་ནི། ༡༧༠༨ ལོར་ལི་ཐང་དུ་སྐུ་འཁྲུངས། རྒྱལ་བའི་ཡང་སྲིད་དུ་ངོས་འཛིན་ཞུས། དགུང་ལོ་བརྒྱད་པར་སྐུ་འབུམ་དུ་ཕེབས་ཏེ་དགེ་བསྙེན་གྱི་སྡོམ་པ་མནོས། ཆ་གན་ནོ་མིན་ཧན་སོགས་ལས་གཞུང་ཆེན་གསན་བསམ་མཛད། མེ་སྤྲེལ་ལོར་རབ་ཏུ་བྱུང་། དགུང་ལོ་བཅུ་གསུམ་གྱི་སྐབས་དབུས་སུ་ཕེབས། ལྕགས་བྱི་ལོར་པཎ་ཆེན་བློ་བཟང་ཡེ་ཤེས་ལས་དགེ་ཚུལ་གྱི་སྡོམ་པ་བཞེས། མཚན་བློ་བཟང་བསྐལ་བཟང་རྒྱ་མཚོར་གསོལ། ༡༧༥༡ ལོར་ཆབ་སྲིད་ཀྱི་ཐུགས་འགན་བཞེས། བཀའ་ཤག་ཐོག་མར་བཙུགས། དགུང་ལོ་ཞེ་ལྔ་པར་རྩེ་སློབ་གྲྭ་གསར་འཛུགས་མཛད། དགུང་ལོ་ཞེ་བདུན་པར་སྐལ་བཟང་ཕོ་བྲང་གསར་བསྐྲུན་དང་བཟོ་གྲྭ་ཞོལ་འདོད་དཔལ་གསར་འཛུགས་མཛད། ༡༧༥༧ ལོར་སྐུ་གཤེགས། གསུང་རྩོམ་པོད་བདུན་བཞུགས།

ཁྱེད་ཀྱིས་འཚོལ་བཞིན་པའི་གནད་དོན་གྱི་ལས་རིམ་དེ་ད་ལྟ་ཆ་ཚང་བ་ཞིག་གྲུབ་མེད་པས་དགོངས་སེལ་ཞུ། སླད་མར་གང་མགྱོགས་ཁྱེད་ཀྱི་ཐུགས་རེ་བཞིན་འགྲུབ་ཐུབ་པའི་རེ་བ་ཡོད། ཁྱེད་ཀྱིས་ང་ཚོའི་དྲ་རྒྱར་ཕེབས་ནས་ཐུགས་སྣང་གནང་བར་བཀའ་དྲིན་ཆེ།

ཕབ་ལེན། PDF ཕབ་ལེན།

ཕྱི་ལོ་ ༢༠༠༧ ཕྱི་ཟླ་ ༡༠ ཚེས་ ༡༧ ཉིན་ཨ་རི་གྲོས་ཚོགས་ཀྱི་གསེར་གྱི་རྟགས་མ་འབུལ་བཞེས་མཛད་སྒོའི་སྐབས་བསྩལ་པའི་གསུང་བཤད།
དཔལ་ལྡན་སྲིད་འཛིན་བྷུ་ཤི་མཆོག་དང༌། ཚོགས་གཙོ་ལྕམ་སྐུ་པི་ལོ་སི་མཆོག སྤྱི་འཐུས་བྷི་རས་ཌི། མཆེད་གྲོགས་ལོ་རི་ཀྲི་ཨི་ལི་ཝི་སལ། བཀུར་འོས་སྤྱི་འཐུས་རྣམ་པ། སྤུན་ཟླ་རྣམ་པ་ལྷན་རྒྱས་ལ།
ང་ལ་གྲོས་ཚོགས་ཀྱི་གསེར་གྱི་རྟགས་མ་གནང་བ་འདིས་དོན་དམ་པའི་གཟེངས་བསྟོད་ཆེན་པོ་ཐོབ་བྱུང༌། ངོས་འཛིན་འདིས་ང་ལ་དམིགས་བསལ་འགན་འཁྲི་ཡོད་པའི་བོད་མི་ཚོར་བློ་སྤོབས་དང་དགའ་སྤྲོ་ཚད་མེད་སྐྲུན་ངེས། ཁོང་ཚོའི་བདེ་དོན་སྒྲུབ་རྒྱུ་ནི་ངའི་རྒྱུན་གྱི་ཀུན་སློང་ཞིག་ཡིན་པ་དང༌། ངས་རྒྱུན་དུ་རང་ཉིད་བོད་མི་མང་གི་རང་དབང་ལྡན་པའི་མགྲིན་ཚབ་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། གཟེངས་བསྟོད་འདིས་འཛམ་གླིང་ཞི་བདེ་དང༌། འཚེ་བ་མེད་པ། དེ་བཞིན་དུ་མི་རིགས་ཕན་ཚུན་དང་ཆོས་ལུགས་མཐུན་ལམ་བཅས་ཀྱི་ཆེད་འབད་བརྩོན་གནང་མཁན་རྣམས་ལ་རྒྱབ་སྐྱོར་གྱི་བརྡ་ལན་ཤུགས་ཆེ་གཏོང་བའི་ཡིད་ཆེས་ཡོད།
ང་རང་སྒེར་གྱི་ངོས་ནས་བཤད་ན། གཟི་བརྗིད་ཅན་གྱི་ཆེ་མཐོང་འདི་བོད་ཨ་མདོའི་གྲོང་གསེབ་ཆུང་ཆུང་ཞིག་ནང་སྐྱེས་པའི་ནང་པའི་དགེ་སློང་ཞིག་ལ་གནང་བ་སེམས་ཚོར་ཆེན་པོ་བྱུང༌། ངོས་རང་ཆུང་དུས་བྱམས་བརྩེ་ཤིན་ཏུ་ཆེ་བའི་མ་རྒན་ཞིག་གི་བརྩེ་བའི་འོག་འཚོ་ཞིང༌། རང་ལོ་བཞི་ལ་སོན་སྐབས་ལྷ་སར་སླེབས་རྗེས་ཡོངས་འཛིན་རྣམ་པ་དང༌། གཞན་ཚོའི་བལྟ་སྐྱོང་འོག་ཉེ་འཁོར་གྱི་ཐ་ན་གད་པ་ཡན་ཆད་ཀྱིས་ང་ལ་སེམས་བཟང་དང༌། དྲང་བདེན། བྱམས་བརྩེ་བཅས་ཀྱི་བསླབ་བྱ་གནང་བྱུང༌། ངོས་རང་དེ་འདྲའི་འཁོར་ཡུག་བཟང་པོ་ཞིག་ནང་འཚར་ལོངས་བྱུང་ཞིང༌། དེ་རྗེས་རིམ་པས་ནང་ཆོས་སློབ་གཉེར་བྱས་པས་རྟེན་ཅིང་འབྲེལ་པར་འབྱུང་བ་དང་མཐའ་མེད་པའི་སྙིང་རྗེ་བཅས་ཀྱི་ལྟ་གྲུབ་ལ་གོ་རྟོགས་འཕེལ་བའི་དབང་གིས་ཀུན་ཁྱབ་ཀྱི་སེམས་ཁུར་དང༌། འཚེ་བ་མེད་པ། ཆོས་ལུགས་མཐུན་ལམ་བཅས་ཀྱི་གལ་འགངས་ཤེས་རྟོགས་བྱུང༌། ལྟ་གྲུབ་གྱི་རྒྱུ་མཚན་འདི་དག་ལ་བརྟེན་ནས་ངས་མིའི་གཞི་རིམ་གྱི་བཟང་སྤྱོད་སྤེལ་རྒྱུའི་འབད་བརྩོན་མུ་མཐུད་བྱེད་ཀྱིན་ཡོད། ཐབས་ཚུལ་འདིས་དཀའ་ངལ་ཧ་ཅང་ཆེ་བའི་བོད་མི་རིགས་ཀྱི་འཐབ་རྩོད་ཀྱང་འཚེ་མེད་ཞི་བའི་ལམ་ནས་བྱེད་ཐུབ་པའི་ལམ་སྟོན་ཐོབ་བྱུང༌།
ངོས་རང་དེ་སྔ་ཕྱི་ལོ་༡༩༩༡ ལོར་ཨ་རིར་བཅར་སྐབས་གྲོས་ཚོགས་ཀྱི་ཚོགས་ཁང་འདིར་ཡང་བཅར་མྱོང༌། དེ་དུས་ང་ལ་དགའ་བསུ་དང་ང་ཚོར་རྒྱབ་སྐྱོར་གནང་མཁན་མང་པོ་ཞིག་དེ་རིང་ཡང་མཇལ་རྒྱུ་འདུག་པས་དགའ་པོ་བྱུང༌། མང་པོ་ཞིག་ནི་བགྲེས་ཡོལ་དུ་ཕེབས་ཤིང༌། བློ་ཕམ་པར་ཁ་ཤས་ནི་དེང་ང་ཚོ་མཉམ་དུ་འཚོ་བཞུགས་མེད། འོན་ཀྱང་ད་ལན་ངས་གོ་སྐབས་འདི་བཟུང་སྟེ་ཁོང་ཚོའི་བཀའ་དྲིན་རྗེས་དྲན་ཞུ་འདོད་བྱུང༌། ཨ་རིའི་གྲོགས་པོ་རྣམས་ནས་ང་ཚོར་གཉན་འཕྲང་ཆེ་ཤོས་ཀྱི་དུས་ཚོད་འདིར་གདུང་སེམས་མཉམ་བསྐྱེད་ཀྱིས་ཕན་གྲོགས་ཤུགས་ཆེ་གནང་བྱུང༌།
སྲིད་འཛིན་མཆོག སྐུ་ཉིད་ནས་ནུས་ཤུགས་ལྡན་པའི་རྒྱབ་སྐྱོར་དང༌། ཁྱེད་གཏན་ཞལ་རྣམ་གཉིས་ཀྱིས་ང་ལ་ཐུགས་བརྩེ་དང་བཅས་སྙིང་ཉེ་པོའི་གྲོགས་པོའི་འདུ་ཤེས་གནང་བར་ཐུགས་རྗེ་ཆེ། ཉིད་ནས་བོད་དོན་ཐོག་གདུང་སེམས་མཉམ་འཁྱེར་དང་རྒྱབ་སྐྱོར་གནང་བ་ནི་སྐུ་ཉིད་ནས་སྤྱིར་རང་དབང་དང་དྲང་བདེན། མང་གཙོ་བཅས་ལ་ཡིད་ཆེས་བསྲ་བརྟན་གྱི་ཐོག་ནས་ཡིན་པར་གུས་བརྩི་ཡོད།
ལྕམ་སྐུ་ཚོགས་གཙོ་མཆོག སྐུ་ཉིད་ནས་ངོས་དང་བོད་མི་རིགས་ཀྱི་བདེན་པའི་འཐབ་རྩོད་ཐོག་འགྱུར་བ་མེད་པའི་རྒྱབ་སྐྱོར་གནང་བ་མ་ཟད། མང་གཙོ་དང༌། རང་དབང༌། འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་ཐོག་རྣམ་པ་ཀུན་དུ་འབད་རྩོལ་གནང་ཡོད་པར་དམིགས་བསལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ཨ་རིས་བོད་དོན་ལ་འགྱུར་བ་མེད་པའི་རྒྱབ་སྐྱོར་གནང་བ་རྒྱ་ནག་ལ་དོ་སྣང་མ་བྱུང་བ་མིན་ཞིང༌། དེའི་རྐྱེན་གྱིས་ཨ་རི་དང་རྒྱ་ནག་གི་འབྲེལ་བའི་ཐོག་དཀའ་ཚེགས་ཀྱང་ཕྲན་ཙམ་བྱུང་བ་དེར་ངོས་རང་བློ་ཕམ་ཡོད། དེ་རིང་ངས་འདིར་ཁྱེད་རྣམ་པར་འབྱུང་འགྱུར་རྒྱ་བོད་གཉིས་ཕན་ཚུན་ཡིད་ཆེས་མེད་པ་དང་འགལ་ཟླའི་གནས་སྟངས་ལས་གྲོལ་ནས་གཅིག་གིས་གཅིག་ལ་གུས་བརྩི་དང་གཉིས་སྨན་གྱི་ཁེ་ཕན་གྱི་བསམ་བློ་དེ་གཞི་རྩར་བཅོལ་བའི་འབྲེལ་བ་ཞིག་ཚུགས་པའི་རེ་བའི་སྐོར་གསལ་བརྗོད་བྱེད་འདོད་བྱུང༌།
དེང་རྒྱ་ནག་མྱུར་ཚད་མཐོན་པོའི་མདུན་བསྐྱོད་བྱེད་བཞིན་པ་ང་ཚོས་མཐོང་བཞིན་དུ་ཡོད་ལ། དཔལ་འབྱོར་གུ་ཡངས་སུ་བཏང་པ་ལ་བརྟེན་ནས་རྒྱ་ནག་དེ་རྒྱུ་ནོར་ཅན་དང༌། དེང་རབས་ཅན། སྟོབས་ཤུགས་དང་ལྡན་པ་བཅས་སུ་གྱུར་ཡོད། ལོ་རྒྱུས་དང་རིག་གཞུང་ཕྱུག་པོ་ཡོད་ཅིང༌། མི་འབོར་ཤིན་ཏུ་ཆེ་བའི་རྒྱལ་ཁབ་རྒྱ་དཀར་ནག་གཉིས་ཀ་དཔལ་འབྱོར་གྱི་ཡར་རྒྱས་བཟང་པོ་བྱུང་བ་ནི་འོས་ཤིང་འཚམས་པ་ཞིག་རེད། ཁོང་གཉིས་ལ་གསར་དུ་ཐོབ་པའི་གནས་བབ་ལ་རྟེན་ནས་འཛམ་གླིང་གི་གདེང་ཆའི་ཐོག་གལ་ཆེའི་ཆ་ཤས་བླང་རྒྱུའི་གོ་སྐབས་སྐྲུན་ཡོད། དེ་འདྲའི་ཆ་ཤས་བཟང་པོ་ཞིག་བླང་པའི་ཆེད་རྒྱ་ནག་ནང་ཕྱི་གསལ་ནང་གསལ་དང་ཁྲིམས་ཀྱི་དབང་བསྒྱུར། གནས་ཚུལ་གྱི་རང་དབང་བཅས་ཡར་རྒྱས་དགོས་པའི་ཡིད་ཆེས་བྱེད་ཀྱི་ཡོད། འཆམ་མཐུན་གྱི་སྤྱི་ཚོགས་དང༌། ཞི་བའི་སྒོ་ནས་ཡར་རྒྱས་ཞེས་པའི་ལྟ་གྲུབ་རྣམས་ཇི་ལྟར་མངོན་དུ་འགྱུར་བར་བལྟ་རྒྱུར་འཛམ་གླིང་ཕལ་མོ་ཆེ་ཞིག་སྒུག་བསྡད་ཡོད། རྒྱ་ནག་ནི་མི་རིགས་མང་པོའི་རྒྱལ་ཁབ་ཅིག་ཡིན་སྟབས་མི་རིགས་འཆམ་མཐུན་དང་ཆིག་བསྒྲིལ་ནི་ཧ་ཅང་གལ་ཆེ་ཡིན། དེའི་ཆེད་མི་རིགས་འདྲ་མཉམ་དང༌། མི་རིགས་སོ་སོའི་ཐུན་མིན་གྱི་ངོས་འཛིན་སྲུང་སྐྱོབས་བྱ་རྒྱུའི་རང་དབང་བཅས་མེད་དུ་མི་རུང་བ་ཡིན།
དེང་སྐབས་བོད་ནང་འགྱུར་བའི་མགྱོགས་ཚད་ཧ་ཅང་མྱུར་བར་བརྟེན་མ་འོངས་པར་དེའི་ལག་རྗེས་ཇི་འདྲ་བྱུང་མིན་ཐད་ཕྱི་ནང་མང་པོ་ཞིག་གིས་བློ་འཚབ་བྱེད་ཀྱི་འདུག བོད་ནང་རྒྱ་རིགས་གྲངས་འབོར་ལོ་རེ་ནས་ཇེ་མང་དུ་སེམས་ཚབ་འོས་པར་འཕེལ་བཞིན་པ་དང༌། ད་ལྟ་རྒྱལ་ས་ལྷ་སའི་མི་འབོར་ལྟ་བུར་བལྟས་ན་བོད་ནང་བོད་མི་རྣམས་རང་ཡུལ་དུ་གྲངས་ཉུང་ནུས་མེད་ཞིག་ཏུ་འགྱུར་ལ་ཉེ་བར་འདུག དེ་འདྲའི་མི་འབོར་མང་དུ་སོང་བ་དེས་བོད་ཀྱི་ཁོར་ཡུག་ལའང་ཉེན་ཁ་ཆེན་པོ་བཟོས་ཡོད། ཤར་གླིང་ཨེ་ཤ་ཡའི་ཆུ་བོ་མང་པོའི་འབྱུང་ཁུངས་ཡིན་པའི་བོད་ཀྱི་ཁོར་ཡུག་ལ་གནོད་སྐྱོན་ཤོར་ན་དེས་ཤུགས་རྐྱེན་མི་འབུམ་ཚོ་མང་པོར་ཕོག་རྒྱུ་དང༌། རྒྱ་དཀར་ནག་གཉིས་ཀྱི་བར་མཚམས་སུ་གནས་པའི་བོད་ཀྱི་དཀའ་རྙོག་ཞི་བདེའི་ངང་སེལ་ཐུབ་ན་ཁྱིམ་མཚེས་གཉིས་ཀྱི་ཞི་བདེའི་རྒྱུ་གནས་དང་མཛའ་གྲོགས་ཀྱི་འབྲེལ་ལམ་དང་འབྲེལ་བ་ཆེན་པོ་ཆགས་ཡོད།
མ་འོངས་པའི་བོད་ཀྱི་གནས་བབ་ཐད་ངས་གོ་སྐབས་འདི་བཟུང་སྟེ་སྐྱར་དུ་ནན་ཏན་ཞུ་རྒྱུ་ཞིག་ལ། ངས་བོད་རང་བཙན་རྩོལ་སྒྲུབ་བྱེད་ཀྱི་མེད་ཅིང༌། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་དོན་ལྡན་གྱི་རང་སྐྱོང་ཞིག་རྩོལ་སྒྲུབ་བྱེད་ཀྱི་ཡོད། གལ་སྲིད་རྒྱ་ནག་གི་དབུ་ཁྲིད་རྣམ་པས་ཐུགས་འཚབ་གནང་ཡུལ་ངོ་མ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆིག་བསྒྲིལ་དང་བརྟན་ལྷིང་ཡིན་ན། ངའི་ངོས་ནས་བོད་ཀྱི་དཀའ་རྙོག་དེ་མི་རིགས་ཁ་བྲལ་མ་དགོས་པའི་ཐོག་ནས་སེལ་རྒྱུའི་དམ་བཅའ་བརྟན་པོ་ཡོད་པ་གསལ་བརྗོད་ཟིན་པ་ཡིན། ངས་རང་སྐྱོང་དོན་ལྡན་གྱི་ལངས་ཕྱོགས་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་མཉམ་གནས་བྱུང་ན་དཔལ་འབྱོར་ཡར་རྒྱས་སོགས་ཀྱི་ཐོག་བོད་མིའི་ཁེ་ཕན་བཟང་ཤོས་སྒྲུབ་ཐུབ་པའི་ཡིད་ཆེས་ལ་བརྟེན་ནས་བཟུང་བ་ཡིན། གཞན་ཡང་ནམ་ཞིག་བོད་ནང་རང་སྐྱོང་དོན་ལྡན་ཞིག་བྱུང་བ་ཡིན་ན་ངོས་ནས་དེ་རང་བཙན་གྱི་ཐེམ་སྐས་ལྟ་བུར་བེད་སྤྱོད་བྱ་རྒྱུའི་བསམ་པ་གཏན་ནས་མེད།
ངའི་བསམ་ཚུལ་འདི་རྣམས་རྒྱ་ནག་གི་དབུ་ཁྲིད་རིམ་བྱོན་ལ་སྔ་རྗེས་འགྲེལ་བཤད་ཞུས་ཟིན་པ་དང༌། ལྷག་དོན་ ༢༠༠༢ ནང་ཐད་འབྲེལ་བསྐྱར་གསོའི་རྗེས་ངའི་ངོ་ཚབ་རྣམས་ཀྱི་ཞིབ་ཕྲ་གསལ་བཤད་བྱས་ཡོད་ཀྱང༌། པེ་ཅིང་ནས་ང་ལ་རྒྱ་བོད་ཁ་བྲལ་དང༌། བོད་ཀྱི་སྤྱི་ཚོགས་དང་ཆབ་སྲིད་ཀྱི་ལམ་སྲོལ་རྙིང་པ་བསྐྱར་གསོ་བྱེད་རྒྱུའི་སྦས་པའི་ལས་འཆར་ཞིག་ཡོད་པའི་རྣམ་རྟོག་བྱེད་ཀྱི་འདུག་ཅིང་དེ་ནི་གཞི་རྩ་གཏན་ནས་མེད་པ་ཞིག་རེད།
ངོས་རང་ན་གཞོན་གྱི་དུས་སུ་བོད་གཞུང་གི་ཆབ་སྲིད་ཀྱི་འགན་ཁུར་མ་བླང་ཀ་མེད་བྱུང་བའི་སྐབས་སུའང་བོད་དུ་གཞི་རྩའི་འགྱུར་བ་གཏོང་འགོ་བཙུགས་ཀྱང་སྟབས་མ་ལེགས་པ་ཞིག་ལ་ཆབ་སྲིད་ཀྱི་འགྱུར་ལྡོག་ཆེན་པོའི་དབང་གིས་འགྱུར་བ་དེ་རྣམས་ལག་བསྟར་མ་ཐུབ། འོན་ཀྱང་སྐྱབས་བཅོལ་བྱོལ་དུ་འབྱོར་འཕྲལ་བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱི་རང་བཞིན་དེང་རབས་ཀྱི་མང་གཙོའི་ལམ་དུ་བསྒྱུར་ནས་མང་ཚོགས་ཀྱི་འོས་འདེམས་བྱས་པའི་གྲོས་ཚོགས་ཀྱིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་ལ་ཕབས་ཏེ་ད་ཆ་ཁྲིམས་ཀྱི་དབང་བསྒྱུར་འོག་འགྲོ་བཞིན་པ་དང༌། ཆབ་སྲིད་ཀྱི་འགོ་ཁྲིད་ཀྱང་ལོ་ལྔ་རེའི་ལས་རྒྱུན་ཆེད་མང་ཚོགས་ནས་ཐད་ཀར་འོས་འདེམས་བྱེད་བཞིན་པ་བཅས་ཀུན་གྱི་གཟིགས་ཡུལ་དུ་ཡོད་བཞིན་པ་དེ་ཡིན། དེ་བཞིན་དུ་ང་ཚོས་བཙན་བྱོལ་དུ་བོད་ཀྱི་ ཆོས་དང་ལེགས་བྱང་གི་ཆ་ཤས་གལ་ཆེ་བ་མང་པོ་ཞིག་མི་ཉམས་གོང་འཕེལ་ཐོག་ལག་ལེན་དུ་བསྟར་ཐུབ་པ་བྱུང་ཡོད། དེ་ཡང་གཙོ་བོ་རྒྱ་གར་གཞུང་དང་མི་མང་གི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཡིན།
རྒྱ་ནག་གཞུང་གིས་ཐུགས་འཚབ་གནང་ཡུལ་གཞན་ཞིག་ནི་རྒྱ་ནག་ལ་བོད་ཀྱི་ཐོག་ཁྲིམས་མཐུན་གྱི་བདག་དབང་ཡོད་མེད་ཀྱི་སྐོར་དེ་ཡིན། ངས་འདས་ཟིན་པའི་གནས་ཚུལ་ལ་འགྱུར་བ་གཏོང་མི་ཐུབ་ཀྱང༌། བོད་རྒྱ་གཉིས་མོས་ཀྱི་ཞི་འགྲིགས་བྱུང་ན་དེའི་ཐོག་ནས་ཁྲིམས་མཐུན་ཡོང་ཐབས་ཡོད་ལ། ངའི་ངོས་ནས་ཀྱང་བོད་མིའི་ནང་དེའི་ཐད་མོས་མཐུན་ཡོང་ཐབས་རང་གི་མཐོང་དང་ཆ་འཇོག་བེད་སྤྱོད་ཀྱིས་འབད་བརྩོན་བྱ་རྒྱུར་གྲ་སྒྲིག་ཡིན། དེ་འདྲ་སོང་ཙང་ང་ལ་སྦས་པའི་ལས་འཆར་གང་ཡང་མེད་ཅེས་བསྐྱར་བརྗོད་བྱ་རྒྱུ་མ་ཟད། འབྱུང་འགྱུར་བོད་དུ་ངས་ཆབ་སྲིད་དམ་གཞུང་འབྲེལ་གྱི་གོ་གནས་གང་ཡང་འཛིན་རྒྱུ་མིན་པའི་ཐག་གཅོད་ཟིན་པ་དེར་འགྱུར་བ་མེད།
རྒྱ་ནག་གཞུང་གི་དཔོན་རིགས་ནས་ངས་རྒྱ་ནག་ལ་སྡང་སེམས་འཆང་བ་དང་རྒྱ་ནག་གི་ཁེ་ཕན་ལ་གནོད་པའི་བྱ་བ་བྱེད་ཀྱི་ཡོད་པའི་སྐྱོན་བརྗོད་བྱེད་པ་དེ་ནི་བདེན་པ་གཏན་ནས་མ་རེད། ངའི་ངོས་ནས་རྣམ་པ་ཀུན་དུ་འཛམ་གླིང་དབུ་ཁྲིད་རྣམས་ལ་རྒྱ་ནག་ལ་འབྲེལ་བ་བྱེད་རྒྱུ་གལ་ཆེ་ཡིན་པ་བརྗོད་མྱོང་བ་མ་ཟད། དེ་བཞིན་རྒྱ་ནག་རྒྱལ་སྤྱིའི་ཚོང་འབྲེལ་སྒྲིག་འཛུགས་ནང་བཅུག་རྒྱུ་དང༌། པེ་ཅིང་དུ་ཨོ་ལམ་པིག་རྩེད་འགྲན་འོས་པ་སོགས་ལ་རྒྱབ་སྐྱོར་བྱས་ཡོད། ངས་རྒྱབ་སྐྱོར་དེ་ལྟར་བྱས་པ་ནི་རྒྱ་ནག་གུ་ཡངས་དང༌། བཟོད་བསྲན་ཅན། འགན་ཁུར་ཡོད་པའི་རྒྱལ་ཁབ་ཅིག་ཏུ་འགྱུར་རྒྱུའི་རེ་བ་བཅངས་ཏེ་བྱས་པ་ཡིན།
རྒྱ་བོད་ཞི་འགྲིག་གི་གྲོས་མོལ་ལེགས་པོ་ཡོང་བའི་འགལ་རྐྱེན་གཅིག་ནི་བོད་ནང་ད་ལྟའི་གནས་ཚུལ་ཇི་ལྟར་ཡོད་མིན་བསམ་ཚུལ་མི་མཐུན་པ་དེ་ཡིན་ཅིང༌། དེར་བརྟེན་བོད་ནང་གི་དངོས་ཡོད་གནས་ཚུལ་ཐོག་བསམ་ཚུལ་མཐུན་པ་ཡོང་ཐབས་སུ་ངོས་ཀྱི་ངོ་ཚབ་རྣམས་ནས་ཉེ་དུས་འབྲེལ་མོལ་ཐེངས་དྲུག་པའི་སྐབས་ང་ཚོར་བོད་ནང་དངོས་ཐོག་བདེན་འཚོལ་གྱི་ལམ་ནས་ས་གནས་སུ་གནས་ཚུལ་ངོ་མ་ཇི་ལྟར་ཡོད་མིན་ཤེས་རྟོགས་ཡོང་སླད་དུ་ཉམས་ཞིབ་ཚན་ཁག་གཏོང་རྒྱུའི་གོ་སྐབས་གནང་རོགས་ཞེས་ཞུས་ཡོད། འདིའི་ཐོག་ནས་ཕྱོགས་གཉིས་ཀ་སོ་སོའི་བཤད་ཚུལ་ལས་འདས་ཏེ་གོམ་གྲོད་བྱེད་ཐུབ་པ་ཡོང་ངེས།
ད་ཆ་ང་ཚོའི་འབྲེལ་མོལ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་བཏོན་པའི་བོད་མི་རིགས་ས་གནས་རང་སྐྱོང་ལྗོངས་ཀྱི་སྐོར་ཤོག་བུ་དཀར་པོ་ཟེར་བའི་ཡིག་ཆའི་ནང་དུ་ཞིབ་གསལ་འཁོད་པ་ལྟར་བོད་ལ་དོན་དང་ལྡན་པའི་རང་སྐྱོང་ཞིག་གྲུབ་ཐུབ་པའི་ཐོག་བབ་དགོས་པའི་དུས་ལ་སླེབས་ཡོད། ད་ལན་ངས་གོ་སྐབས་འདིའི་ཐོག་རྒྱ་ནག་གི་དབུ་ཁྲིད་ཚོར་ད་ལྟའི་བོད་ནང་ཡོད་བཞིན་པའི་ཚབ་ཆེའི་དཀའ་ངལ་དང་གཞིས་བཞུགས་བོད་མི་ཚོའི་དངོས་དོན་གྱི་འདོད་བློ་མ་མཚིམས་པ་དང་བློ་ཕམ་གཏིང་ཟབ་ཡོད་པ་རྣམས་ངོས་འཛིན་ཐོག་སྙིང་སྟོབས་དང་རྣམ་དཔྱོད་ཀྱི་སྒོ་ནས་དཀའ་ངལ་འདི་རྣམས་དངོས་དོན་དང་མཐུན་པ་སེལ་ཐབས་གནང་རོགས་ཞེས་འབོད་བསྐུལ་ནན་པོ་ཞུ་རྒྱུ་ཡིན། ངས་ཨ་རིའི་གྲོགས་པོ་ཚོར་རེ་བསྐུལ་ བྱེད་རྒྱུར། རྒྱ་ནག་གི་དབུ་འཁྲིད་རྣམ་པར་ངའི་ལྷག་བསམ་རྣམ་དག་ཡིན་པ་ཡིད་ཆེས་རྙེད་པ་དང༌། དེ་བཞིན་དུ་ད་ལྟའི་འབྲེལ་མོལ་གྱི་རིམ་པ་དེ་མདུན་བསྐྱོད་ཐུབ་པ་ཞིག་ཡོང་བར་འབད་བརྩོན་གནང་རོགས་ཞེས་ཞུ་རྒྱུ་ཡིན།
རྣམ་པ་ཚོས་ངས་ཞི་བདེ་དང༌། མི་རིགས་དང་ཆོས་ལུགས་ཕན་ཚུན་མཐུན་ལམ། འཚེ་བ་མེད་པའི་ལམ་ལུགས་བཅས་སྤེལ་བར་ངོས་འཛིན་གནང་བར་བརྟེན་འབྲེལ་ཡོད་ཀྱི་བློ་འཆར་འགའ་ཤས་ཞུ་འདོད་བྱུང༌། དེང་ཨ་རི་མཉམ་འབྲེལ་རྒྱལ་ཁབ་ཀྱིས་ཞི་བ་དང་ཁྲིམས་མཐུན་གྱི་སྒོ་ནས་འཐབ་རྩོད་བྱེད་མཁན་ཚོར་རྒྱབ་སྐྱཽར་རྒྱུན་མཐུད་གོང་མཐོར་གཏོང་དགོས་པའི་དུས་ཚོད་ངེས་ཅན་ཞིག་ཡིན། ཨ་རིའི་རྒྱལ་ཁབ་ནི་མང་གཙོ་དང༌། རང་དབང་གི་དེད་དཔོན་ཡིན་པས་རྣམ་པ་ཚོས་འཛམ་གླིང་ནང་འགྲོ་བ་མིའི་ཐོབ་ཐང་སྲུང་བརྩིའི་ལས་འཆར་ཁག་མཐའ་འཁྱོངས་ཡོང་ཆེད་ཤུགས་རྐྱེན་ཇི་ཡོད་མུ་མཐུད་བཏོན་ཐུབ་པ་ཞིག་བྱེད་དགོས་ཀྱི་འདུག དོན་གནས་གཞན་ཞིག་ཨ་རིའི་ངོས་ནས་དབུ་ཁྲིད་གནང་དགོས་པ་ནི་འཁོར་ཡུག་སྲུང་སྐྱོབ་ཀྱི་གནས་དོན་དེ་ཡིན་ཅིང༌། ཚང་མས་མཁྱེན་གསལ་ལྟར་སའི་གོ་ལ་འདི་ཚ་དྲོད་ཆེ་རུ་འགྲོ་བཞིན་པ་དང༌། དེ་ནི་ཚན་རིག་པ་མང་པོས་ཕལ་ཆེ་མིའི་བྱ་སྤྱོད་ཀྱི་རྐྱེན་ལས་བྱུང་བར་བཤད་ཡོད། དེ་འདྲ་སོང་ཙང་ང་ཚོ་ཚང་མའི་ངོས་ནས་སོ་སོའི་འབྱོན་ཐང་དང་དཔལ་འབྱོར་གྱི་ནུས་པ་གང་ཐུབ་བེད་སྤྱོད་བྱས་ཏེ་མ་འོངས་པའི་མི་རབས་ཚོར་མ་མཐར་ཡང་སྲོག་འཚོ་རུང་བའི་འཁོར་ཡུག་ཅིག་རྩིས་སྤྲོད་ཐུབ་པ་བྱེད་རྒྱུ་གལ་ཆེ།
གོ་ལའི་དཀའ་རྙོག་མང་ཆེ་བའི་རྒྱུ་རྐྱེན་ནི་དཔལ་འབྱོར་རམ། ཆབ་སྲིད། སྤྱི་ཚོགས་ཀྱི་གནས་སྟངས་དྲང་བདེན་དང་འདྲ་མཉམ་མེད་པ་ལས་བྱུང་བ་ཉམས་མྱོང་གིས་གསལ་སྟོན་བྱས་ཡོད། མཐར་ཐུག་ན་དཀའ་ངལ་དེ་རྣམས་ང་ཚོ་ཚང་མའི་ཁེ་ཕན་དང་འབྲེལ་བ་ཆགས་ཡོད། འཛམ་གླིང་གི་ཟུར་གཅིག་ལ་མྱོང་བའི་མི་ཚོའི་བཀྲེས་སྐོམ་གྱི་སྡུག་བསྔལ་ལམ། ཡང་ན་ས་ཕྱོགས་གཞན་ཞིག་ཏུ་རང་དབང་གི་ཐོབ་ཐང་འཕྲོག་པ་རྣམས་ས་ཁུལ་བྱེ་བྲག་པ་ཞིག་གི་གནས་ཚུལ་ཙམ་ལ་ནམ་ཡང་བལྟ་རྒྱུ་མེད། ཕན་ཚུན་གཅིག་ལ་གཅིག་རྟེན་གྱི་འཇིག་རྟེན་འདིའི་ནང་བྱུང་རིམ་འདི་དག་གིས་མཐའ་དོན་ཚང་མར་དོ་ཕོག་ཡོང་རྒྱུ། དབུལ་ཕྱུག་མི་སྙོམས་པའི་ཁྱད་པར་ཆེན་པོ་ཡོད་པ་འདིར་རྒྱལ་སྤྱིའི་ཐོག་ནས་གདོང་ལེན་བྱེད་རྒྱུའི་ལས་འགུལ་ལའང་ཨ་རིའི་ངོས་ནས་འགོ་འདྲེན་ཐུབ་པ་ཞིག་གནང་དགོས་ཀྱི་འདུག་ཅེས་འབོད་བསྐུལ་ཞུ་རྒྱུ་ཡིན། དེང་འདི་འདྲའི་འཛམ་གླིང་སྤྱིའི་དཀའ་ངལ་མང་པོ་ཞིག་ལ་ང་ཚོས་འགྲོ་བ་མི་གཅིག་གྱུར་གྱི་བསམ་བློ་དང༌། ད་ལྟའི་འཇིག་རྟེན་ཕན་ཚུན་ལྟོས་གྲུབ་ཀྱི་རང་བཞིན་ངོས་འཛིན་གསལ་པོའི་ཐོག་གདོང་ལེན་བྱེད་དགོས་པའི་དུས་ལ་སླེབས་ཡོད།
མཐའ་དོན་བོད་ཕྱི་ནང་དུ་གནས་པའི་བོད་མི་ས་ཡ་དྲུག་གི་ངོས་ནས་ཨ་རི་གཞུང་དང་མི་མང་གི་རྒྱབ་སྐྱོར་ལ་སྙིང་ནས་བཀའ་དྲིན་བསམ་རྒྱུ་དང༌། ཁྱེད་རྣམ་པས་མུ་མཐུད་ནས་བོད་དང་བོད་མིར་རོགས་རམ་དང་རྒྱབ་སྐྱོར་གནང་རྒྱུ་དེ་ཤིན་ཏུ་གལ་ཆེན་པོ་མཐོང་གི་འདུག ཁྱེད་རྣམ་པས་ང་ལ་ཆེས་མཐོའི་གཟེངས་བསྟོད་གནང་བར་ཡང་བསྐྱར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བཀྲིས་བདེ་ལེགས།

ངོ་ཤོག 16 ནས་ 118