sd0025ཞུ་སྐུལ་གསལ་བསྒྲགས།

 ༄༅། །མཁྱེན་སྤྱན་རབ་ཡངས་ལྷག་བསམ་གྱིས་ཕྱུག་པ་དག་དང་དོན་གཉེར་གྱིས་ཐུགས་རྒྱུད་གཏམས་པ་དག་གི་སྙན་ལམ་དུ།

ཆེད་ཞུ།

    རེ་སྐུལ་ཞུ་རྒྱུར། དགོངས་མངའ་ལྟར་བརྡ་འཕྲིན་གྱི་དུས་རབས་འདིར་སྔོན་ཐོན་གྱི་མི་རིགས་དག་གིས་སོ་སོའི་སྐད་དང་ཡི་གེ །རིག་གཞུང་རྣམས་བརྡ་འཕྲིན་གྱི་ལམ་དུ་བསྐྱལ་ཏེ་དར་སྤེལ་དང་སྲུང་སྐྱོབ་བྱེད་ཀྱིན་ཡོད་པ་ལྟར་འདི་ག་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་ཁང་ནས་ཀྱང་བོད་མི་རིགས་ཀྱི་སྐད་དང་ཡི་གེ །ཤེས་རིག་ལ་ཞབས་འདེགས་ཕྲན་ཙམ་ཞུ་སླད་གསུང་རབ་སོགས་འཕྲུལ་དེབ་ཏུ་རྩོམ་སྒྲིག་དང་། འཆད་ཁྲིད་སྣ་མང་དྲ་ངོས་སུ་བཞག་སྟེ་རིན་མེད་དུ་དོན་གཉེར་ཅན་དག་ལ་མཁོ་སྤྲོད་དང་འདོན་སྤེལ་བྱེད་པ་སོགས་སྤྱི་ཕན་གྱི་ལས་གཞི་གང་མང་ཞིག་སྒྲུབ་ཀྱིན་ཡོད་ན། སྐུ་ཉིད་ཀྱིས་ [ བན་བོན་ ] རིས་མེད་མཁས་པའི་གསུང་འབུམ་སོགས་ཀྱི་པར་རྩ་ཞུས་དག་སོང་བ་ [ word ནང་དུ་ཡོད་པའམ། བསྒྱུར་བཟོ་བྱེད་ཆོག་པའི་ཡིག་རིས་སུ་གཏོགས་པ། ] ང་ཚོར་ཞལ་འདེབས་གནང་ཚེ། འདི་ག་རྩོམ་སྒྲིག་ཁང་གིས་རྩོམ་སྒྲིག་པ་སོགས་དོ་བདག་གི་མཚན་དང་ཡོང་ཁུངས་ཁ་གསལ་ [ རྒྱབ་ཤ་སོགས་ལ་སྒྲིག་བཀོད་ཀྱི་དགོངས་འཆར་གང་ཡོད་ཐུགས་བཞེད་ལྟར་བསྒྲུབ་ངེས་ཡིན་ལ། པར་གཞིའི་བདག་དབང་ལའང་འདི་ནས་སྤྱི་འགྲོས་ལྟར་བརྩི་བཀུར་ཞུ་ངེས་ལགས། ] གྱིས་འཕྲུལ་དེབ་ཏུ་རྩོམ་སྒྲིག་བྱས་ཏེ་དྲ་ངོས་སུ་འཇོག་ངེས་ལགས་ན། འཕྲུལ་དེབ་ཏུ་བཟོ་ཆོག་པའི་པར་རྩ་གང་མང་གནང་སྐྱོང་ཡོང་བ་མཁྱེན་མཁྱེན་ཞེས་དང་།

    དེ་དང་མཉམ་དུ་ལས་གཞི་གང་མང་ཞིག་སྒྲུབ་ཀྱིན་ཡོད་པའི་ཁོངས་ནས། བན་བོན་གཉིས་ཀྱི་བཀའ་བསྟན་[བརྟེན་] གྱིས་མཚོན་རིས་མེད་བོད་ཀྱི་མཁས་པ་སྔ་མ་དག་གིས་མཛད་པའི་གསུང་རྩོམ་གྱི་རིགས་རྣམས་འཚོལ་བསྡུ་བྱས་ཏེ་རྩིས་འཁོར་དུ་པར་བཤུས་ ( scanner ) ཀྱིས་གཏན་ཚགས་ཡིག་ཆ་ ( PDF ) བཟོས་ནས་ཉར་ཚགས་དང་དྲ་ངོས་སུ་འཇོག་གིན་ཡོད་ལགས་ན། བདག་དབང་སྐུ་ཉིད་ལ་ཡོད་པའི་གསུང་རབ་པར་བཤུས་བྱས་པ་གང་ཡོད་འདི་ག་རྩོམ་སྒྲིག་ཁང་ལ་གནང་ཚེ་འདི་ནས་པར་དབང་ལ་བརྩི་བཀུར་དང་ཡོང་ཁུངས་སོགས་ཁ་གསལ་གྱིས་ཉར་ཚགས་དང་དྲ་ངོས་སུ་འཇོག་ངེས་ལགས།

   གཞན་ལས་གཞི་གང་ཞིག་སྤྱི་ཕན་གྱི་ནུས་པ་གོང་མཐོར་གཏོང་བ་དང་། དུས་ཡུན་ཐུང་ངུའི་ནང་དུ་ལས་དོན་གང་མང་ཞིག་བསྒྲུབ་ཐུབ་པ་སོགས་ཀྱི་སླད་དུ། རང་རེའི་ཤེས་རིག་གི་སྡེ་རྣམས་ཕན་ཚུན་ཚང་མ་མཉམ་རུབ་བྱེད་རྒྱུ་གལ་ཆེ་བར་མཐོང་བས། འདི་ག་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་ཁང་གིས་ལས་གཞི་གང་ཡང་སྤྱི་སྒེར་ཚང་མ་མཉམ་འབྲེལ་བྱེད་དགོས་པ་གཙོ་གནད་དུ་བཟུང་ཡོད་ན་མཉམ་འབྲེལ་གྱི་ཕྱོགས་ལ་དཀྱེལ་ཆེའི་དགོངས་ཡངས་གནང་རྒྱུར་བརྩེ་བས་གཟིགས་གནང་ཡོང་བ་མཁྱེན་མཁྱེན་ཞེས།

༢༠༡༩ ལོའི་ཟླ་ ༡༠ ཚེས་ ༢༧ ལ་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་ཁང་ནས་གུས་པས་ཕུལ།